སྒྲོ་བཏགས་ཀྱི་གཞན་སེལ་རྣམ་འགྲེལ་གྱི་ལུང་རིགས་ལ་སྦྱར་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སྒྲོ་བཏགས་ཀྱི་གཞན་སེལ་རྣམ་འགྲེལ་གྱི་ལུང་རིགས་ལ་སྦྱར་བ།
སྒྲོ་བཏགས་ཀྱི་གཞན་སེལ་རྣམ་འགྲེལ་གྱི་ལུང་རིགས་ལ་སྦྱར་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/12/26ལྟ་ཀློག (460)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །སྒྲོ་བཏགས་ཀྱི་གཞན་སེལ་རྣམ་འགྲེལ་གྱི་ལུང་རིགས་ལ་སྦྱར་བ།

 

ཇི་ལྟ་མཁྱེན་ཞིང་ཇི་སྙེད་གཟིགས་པའི་སྐྱེ་དགུའི་དབུས་སུ་མངོན་མཐོ་བ།།

བསྟན་པ་གཙང་ཞིང་སྟོན་པ་དག་པའི་ཤར་ནུབ་ཀུན་དུ་རབ་འཕགས་པའི།།

ཤཀྱཱའི་སྲས་མཆོག་འགྲོ་བའི་གཉེན་གྱུར་སླུ་མེད་རྒྱལ་བ་གང་ཉིད་ལ།།

མི་ཕྱེད་དད་པའི་ཕྱག་འཚལ་བགྱི་འོ་ཤེས་བློའི་མེ་ཏོག་འཐོར་གྱུར་ཅིག།

 

དོན་དང་དོན་མིན་རྣམ་པར་འབྱེད་ལ་ས་སྟེང་མཁས་པའི་འགྲན་བྲལ་ཞིང་།།

དེ་ཉིད་སྟོན་ལ་རྒྱ་བོད་གང་དུ་རིགས་པའི་རྣོ་ངར་མཚུངས་མེད་པ།།

ཕས་རྒོལ་སྐྱེ་བོའི་སྨྲ་བ་འཇོམས་ལ་རྣམ་དཔྱོད་མཆེ་བ་རབ་གཙིགས་པའི།།

བློ་གསལ་རྒྱ་མཚོའི་གཙུག་གི་རྒྱན་གཅིག་ཕྱོགས་གླང་ཡབ་སྲས་རྟག་ཏུ་རྒྱལ།།

 

འཕྲོག་བྱེད་དང་བཅས་མུ་སྟེགས་གླང་ཆེན་རབ་ཏུ་སྨྱོས་པའི་ཚོགས་བཅོམ་ཞིང་།།

མདོ་སྔགས་གཉིས་ཀྱི་དེ་ཉིད་གཟིགས་ཤིང་རིག་པའི་གནས་ལ་འཇིགས་མེད་པ།།

སྡེ་བདུན་གོང་འོག་བསྡེབས་ནས་འཆད་ལ་མཁས་རྣམས་དགའ་བའི་ཡིད་འཕྲོག་མཁན།།

གངས་ཅན་རིག་པའི་ཤིང་རྟ་ཆེན་མོ་འཇམ་དབྱངས་ས་པཎ་སྤྱི་བོས་མཆོད།།

 

ཚིག་གི་སྒྲོས་གཙང་དོན་གྱི་གནད་ཟབ་འཆད་རྩོད་རྩོམ་ལ་དབང་འབྱོར་ཞིང་།།

རྨད་བྱུང་དགེ་ལེགས་ཡོན་ཏན་རིན་ཆེན་བསྟན་པ་རྒྱ་མཚོའི་དབུས་གྲལ་དུ།།

རྣམ་དཔྱོད་བློ་གྲོས་མཚུངས་པ་མེད་ཅིང་རིགས་ལམ་གསེར་གྱི་འཛུམ་བག་ཅན།།

སྨྲ་བའི་གཙུག་རྒྱན་རིགས་པའི་རྒྱལ་མཚན་བསོད་ནམས་སེང་གེས་བདག་སྐྱོངས་ཤིག །

 

ཆུང་ནས་ད་བར་ཐུགས་བརྩེས་རབ་བསྐྱངས་ཤིང་།།

བདག་བློ་ཤེས་བྱའི་དགའ་ཚལ་སྨིན་བྱེད་པའི།།

དྲིན་ལྡན་བླ་མའི་ཚོགས་སུ་གང་བྱོན་རྣམས།།

ཁོ་བོའི་སྙིང་ལ་ཡུན་དུ་གནས་པར་མཛོད།།

 

དྲི་མེད་གཞུང་ལ་སྔོན་གོམས་བག་ཆགས་དང་།།

ཚེ་འདིར་ཡང་ཡང་འབད་པའི་སྐལ་བཟང་གིས།།

ཚད་མའི་གཞུང་ལུགས་ཀུན་གྱི་བརྗོད་བྱའི་དོན།།

གཞན་སེལ་གནད་ཀྱི་དེ་ཉིད་གླེང་བར་བྱ།།

        ཞེས་མཆོད་ཚིག་ཨུ་དུམ་ཝ་རའི་མེ་ཏོག་སྤྱི་བོར་ཕུལ་ཞིང་དམ་བཅའ་རྡོ་རྗེའི་བྲག་གིས་ཤེས་བློའི་སྒོ་ཆེན་ཕྱེས་ཏེ། གང་ཞིག་གླེང་བར་བྱ་བ་ནི་ཁམས་གསུམ་སྐྱེ་དགུའི་དཔལ་གྱུར་སྟོན་མཆོག་ཤཀྱཱའི་སྲས་ཀྱི་བསྟན་པ་རིན་པོ་གང་ཉིད་རིགས་ལམ་དྲི་མ་མེད་པའི་ལམ་ནས། གྲགས་འདོད་ཀྱི་མགོ་བོ་ང་རྒྱལ་གྱི་མཁའ་རུ་བཏེགས་པའི་ཕས་རྒོལ་ལོག་པའི་ཚོགས་བཅས་དང་། དགའ་དད་ཀྱི་སེམས་གཤིས་ལེགས་གསུང་གི་ཚལ་དུ་རྒྱུ་བའི་ཤེས་ལྡན་བློ་གསལ་དག་ལ། བདེན་པ་ལ་བདེན་པ་ཉིད་དུ་རིགས་པས་བསྒྲུབས་ཤིང་། ཡང་དག་ལ་ཡང་དག་ཉིད་ཀྱི་རྒྱབ་བརྟེན་འཚོལ་བའི་ཐབས་མཁས་མཁྱེན་རབ་ཀྱི་སྐྱེས་བུ་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལ་གཞི་བཅོལ་ནས། རྒྱ་བོད་ཀྱི་ལོ་པཎ་དག་གི་ལེགས་གསུང་ལ་ཡང་དང་བསྐྱར་དུ་བལྟས་ཏེ། རང་བློའི་རྣམ་དཔྱོད་ཀྱི་དཔག་བྱར་གྱུར་པའི་གཞན་སེལ་དེ་ཉིད་དེང་འདིར་བརྗོད་བྱ་དངོས་ཀྱི་ཡུལ་ལོ། ། འདི་བཤད་པ་ལ་དོན་བཞི་སྟེ།

 

གཞན་སེལ་གནད་ཀྱི་ངོ་བོ་མདོ་ཙམ་བཤད། 

རང་འདོད་འཁྲུལ་མེད་གཞན་སེལ་རིགས་པས་སྒྲུབ།  

རྒྱབ་བརྟེན་རྒྱ་གཞུང་གསུམ་གྱི་ལུང་གིས་སྒྲུབ།

མཐར་དོན་རྣམ་དཀར་འདུན་པའི་བསོད་ནམས་བརྗོད་པའོ། །

དང་པོ། གཞན་སེལ་གནད་ཀྱི་ངོ་བོ་མདོ་ཙམ་བཤད་པ་ནི།

        གཞན་སེལ་ཞེས་པའི་ཚིག་འདིའི་མིང་གི་ངོས་ནས་བསམ་ན་རང་ཉིད་མ་ཡིན་པའི་ཆོས་གཞན་སེལ་བ་ལ་གོ་དགོས་པར་སྣང་། སེལ་བ་འདི་ཡང་དོན་རང་མཚན་གྱི་སྟེང་ནས་འཇོག་པ་དང་ཁས་ལེན་པ་ཞིག་མིན་ཏེ། ཡུལ་རང་ངོས་ནས་བུམ་པ་སོགས་གང་ལ་ཡང་གཞན་སེལ་ཐུབ་པའི་ནུས་པ་མེད་དེ་གཞན་ཁྱོད་མ་ཡིན་པ་ཙམ་ལ་གཞན་སེལ་ཐུབ་པའི་རྒྱུ་མཚན་སུས་ཀྱང་འདྲེན་པར་དཀའ་ཞིང་། དེ་ལ་ཡང་ཐ་ན་གོ་བ་རབ་རིབ་ཙམ་ཞིག་ཀྱང་འཆར་རྒྱུ་ཡོད་ཐབས་བྲལ།  དེས་ན་བློ་རྟོག་པས་རང་ཡུལ་འཇལ་བའི་ཚེ་ཡུལ་འཛིན་རྟོག་པ་དེའི་འཛིན་སྟངས་ཀྱི་སྟེང་ནས་གཞན་སེལ་གྱི་ངོ་བོ་འཇོག་དགོས། ཡང་བུམ་འཛིན་མངོན་སུམ་ནི་ཤེས་པ་རང་མཚན་ཡིན་པས་བུམ་པ་དང་འདྲ་བར་ནམ་དུ་གཞན་སེལ་དུ་འགྲོ་བར་མེད་ཅིང་། བུམ་འཛིན་རྟོག་པ་ནི་གཞན་སེལ་གྱི་སྒྲ་ཙམ་ཞིག་བཤད་དུ་ཡོད་ཀྱང་གཞན་སེལ་དངོས་ཀྱི་དོན་མི་ཚང་སྟེ་ཤེས་པ་རང་མཚན་ཡིན་པས།རང་མཚན་ལ་གཞན་སེལ་མེད་པར་སྔར་བཤད་ཟིན་པ་དེའི་ཕྱིར།  བུམ་འཛིན་རྟོག་པས་བུམ་པ་གཟུང་བའི་ཚེ་རང་ལ་དངོས་སུ་སྣང་བའི་གཟུང་རྣམ་གང་ཉིད་ཕྱི་རོལ་བུམ་པར་སྒྲོ་བཏགས་པའི་ཆ་དེ་ནི་གཞན་རྣམ་པར་སེལ་ཞིང་བློ་རྟོག་པས་སྒྲོ་བཏགས་ཙམ་ཞིག་ཡིན་པས་དེ་ནི་གཞན་སེལ་དངོས་སོ། །  འོ་ན་འདི་སྒྲོ་བཏགས་ལ་ཅིའི་ཕྱིར་བཤད་དགོས་སམ་ཞེ་ན། དེ་ནི་ཆོས་གང་ཞིག་གཞན་རྣམ་པར་སེལ་བའི་ངོ་བོར་འགྲོ་དགོས་ན། རྟོག་པས་གཞན་བསལ་ནས་དེ་འོ་སྙམ་དུ་སྒྲོ་བཏགས་པ་ལས་ཡུལ་རང་ངོས་ནས་དེ་ལྟར་མེད་པས་སོ། །

       དཔེར་ན་སྒྲ་རྟོག་གཉིས་ཀྱི་སྟེང་ནས་ངོ་བོ་མཚོན་ཙམ་བཤད་ན།  བུམ་པ་ཞེས་བརྗོད་པའི་སྒྲ་དེའི་རྗེས་སུ་བྱུང་བའི་བུམ་པ་འཛིན་པའི་བློ་དེས་བུམ་མིན་རྣམ་པར་བཅད་དེ། རྟོག་བློ་དེ་ལྡན་གྱི་གང་ཟག་དེ་བུམ་པ་ལེན་པར་འཇུག་པ་ལས་ཀ་བ་ལེན་པར་མི་འཇུག་པའི་རྒྱུ་མཚན་ཡོད་པ་གང་ཞིག འདི་ལས་གཞན་དུ་མེད་པ་རང་རང་གི་ཉམས་མྱོང་མངོན་སུམ་གྱིས་གྲུབ་ལ། རྟོག་པ་ཡང་དེ་བཞིན་བུམ་འཛིན་རྟོག་པས་བུམ་པ་འཛིན་པའི་ཚེ་འདི་བུམ་པའོ་སྙམ་དུ་ཞེན་གྱི་ཀ་བའོ་སྙམ་དུ་མི་ཞེན་པའི་ཕྱིར། འདི་ནི་གཏིང་བྲལ་བའི་ཟབ་དོན་རིགས་ལམ་གྱི་རྣམ་བཞག་ཅིག་ཡིན་པས། མཁས་པ་འདི་འདྲའི་རྣམ་བཞག་ཤོད་པའི་ཐུགས་གསལ་མཁྱེན་ལྡན་དག་ནི་ཁོ་བའི་དགའ་དད་ཀྱི་ཀློང་དུ་ནམ་དུ་དྲན་འོངས་པ་ཞིག་རེད།  གོང་གི་དཔེ་མཚོན་གཉིས་ནི་གཞན་སེལ་གྱི་གོ་དོན་སྟོན་ཆེད་དུ་རྟེན་གྱི་སྒོ་ནས་དབྱེ་བ་ཙམ་ཡིན་གྱི་གཞན་སེལ་དངོས་མ་ཡིན་ནོ། ། ད་ནི་འདི་ལྟ་བུའི་གཞན་སེལ་དངོས་བཤད་པ་ལ་མཚན་ཉིད་དང་དབྱེ་བ་གཉིས་སོ། ། དང་པོ་ནི། ཡུལ་དེའི་རང་མིན་རྣམ་པར་བཅད་ནས་ཡུལ་དེར་སྣང་བའི་སྒྲོ་བཏགས།    གཉིས་པ་ནི།   དངོས་པོའི་གཞན་སེལ། དངོས་མེད་ཀྱི་གཞན་སེལ། མ་ཡིན་དགག་གི་གཞན་སེལ། མེད་དགག་གི་གཞན་སེལ་དང་བཞིའོ། ། དངོས་མེད་ཀྱི་གཞན་སེལ་ནི། རྟོག་ངོར་དོན་བྱེད་མི་ནུས་པ་རྣམ་པར་བཅད་ནས་དངོས་པོར་སྣང་བའི་སྒྲོ་བཏགས། དབྱེ་ན་མངོན་གྱུར་ལ་ངེས་པའི་གཞན་སེལ་དང་། ལྐོག་གྱུར་ལ་ངེས་པའི་གཞན་སེལ་གཉིས་ལས། དང་པོ་ནི་དོན་རང་མཚན་མངོན་སུམ་གྱིས་མཐོང་བའི་རྗེས་སུ་སྐྱེས་པའི་ངེས་ཤེས་ཀྱི་དངོས་ཡུལ་ལྟ་བུ། གཉིས་པ་ནི་མངོན་སུམ་གྱིས་དོན་རང་མཚན་མཐོང་བ་ལ་མ་ལྟོས་པར་སྒྲ་རྟོག་གི་དངོས་ཡུལ་ལྟ་བུ་སྟེ། ཕྱི་མ་ལ་དབྱེ་ན། བདེན་པ་རྗེས་དཔག་གི་གཞན་སེལ་དང་། མི་བདེན་པ་ལོག་ཤེས་ཀྱི་གཞན་སེལ། གཉིས་ཀར་དོགས་པ་ཐེ་ཚོམ་གྱི་གཞན་སེལ་དང་གསུམ་ལས། དང་པོ་ནི་རྗེས་དཔག་གི་དངོས་ཡུལ་དུ་གྱུར་པའི་དོན་སྤྱི་ལྟ་བུའོ། ། གཉིས་པ་ནི། རྟོག་ངོར་ཡུལ་གྱི་གནས་ཚུལ་བཅད་པའི་སྒོ་ནས་གནས་ཚུལ་དང་མི་མཐུན་པར་སྣང་བའི་སྒྲོ་བཏགས་ཏེ། སྒྲ་རྟག་འཛིན་རྟོག་པ་ལ་སྒྲ་མི་རྟག་པར་བཅད་པའི་སྒོ་ནས་སྒྲ་རྟག་པར་སྣང་བ་ལྟ་བུའོ། ། གསུམ་པ་ནི། ཐེ་ཚོམ་དེ་གང་ལ་དོགས་པ་དེ་དེ་མིན་རྣམ་པར་བཅད་པ་ལྟ་བུའོ། ། དངོས་མེད་ཀྱི་གཞན་སེལ་གྱི་མཚན་ཉིད་ནི། རྟོག་ངོར་དོན་བྱེད་ནུས་པ་རྣམ་པར་བཅད་ནས་དངོས་མེད་དུ་སྣང་བའི་སྒྲོ་བཏགས། དབྱེ་ན། དགག་བྱ་ཤེས་བྱ་ལ་སྲིད་པ་བུམ་མེད་ཀྱི་གཞན་སེལ་དང་། དགག་བྱ་ཤེས་བྱ་ལ་མི་སྲིད་པ་རི་བོང་རྭ་མེད་ཀྱི་གཞན་སེལ་ལྟ་བུའོ། ། མ་ཡིན་དགག་གི་གཞན་སེལ་གྱི་མཚན་ཉིད་ནི། རྟོག་ངོར་དགག་བྱ་མེད་དགག་རྣམ་པར་བཅད་ནས་སྒྲུབ་པའི་རྣམ་པར་སྣང་བའི་སྒྲོ་བཏགས། དབྱེ་ན། དགག་བྱ་དངོས་སུ་བཅད་པ་དང་དགག་བྱ་དངོས་སུ་མ་བཅད་པ་གཉིས་ལས། དང་པོ་ནི་བུམ་དག་གི་གཞན་སེལ། གཉིས་པ་ནི། བུམ་པའི་གཞན་སེལ།  མེད་དགག་གི་གཞན་སེལ་ནི། རྟོག་ངོར་སྒྲུབ་པ་རྣམ་པར་བཅད་ནས་དགག་པའི་རྣམ་པར་སྣང་བའི་སྒྲོ་བཏགས། མཚན་གཞི་ནི་རི་བོང་རྭ་མེད་ཀྱི་གཞན་སེལ་ལྟ་བུའོ། །

གཉིས་པ། རང་འདོད་འཁྲུལ་མེད་གཞན་སེལ་རིགས་པས་སྒྲུབ་པ་ལ།

        གཞན་སེལ་རིགས་པས་སྒྲུབ་ཚུལ་དངོས་དང་། གཞན་སེལ་གྱི་དགོས་དོན་བཤད་པ་གཉིས་ལས།  དང་པོ་ནི། སྤྱིར་བཤད་ན་གཞན་སེལ་གྱི་རྣམ་བཞག་ནི་ཚད་མའི་རིགས་ལམ་གྱི་སྤྱི་དོན་དང་དེ་ལས་དགག་སྒྲུབ་ཀྱི་གཞི་རྩའི་རྨང་གཞི་ཞིག་ཡིན་ཏེ། བྱེ་བྲག་པས་མཚོན་གྲུབ་མཐའ་དང་གང་ཟག་མང་མང་ཞིག་གིས། དོན་ལ་ཐ་དད་མེད་པའི་ཆོས་རྣམས། གཅིག་རྟགས་སུ་སོང་ན་ཐ་དད་མེད་པའི་ཆོས་ཐམས་ཅད་རྟགས་སུ་སོང་བ་དང་། གཅིག་བསྒྲུབ་པའི་ཚེ་ཐམས་ཅད་བསྒྲུབ་བམ་སྙམ་པའི་ལོག་རྟོག་སྐྱེས་ནས་བྱས་པ་སྒྲ་མི་རྟག་བསྒྲུབ་པ་ལ་གྲུབ་ཟིན་བསྒྲུབ་པའི་རྟགས་ཡིན་ནམ་སྙམ་པའི་ལོག་རྟོག་ལྡོག་ཆེད་དང་། དགག་སྒྲུབ་ཀྱི་ཚུལ་བདེ་བླག་ཏུ་རྟོགས་ཕྱིར་དཔལ་ལྡན་ཕྱོགས་གླང་ཡབ་སྲས་ཀྱིས་གཞན་སེལ་གྱི་རྣམ་བཞག་འདི་དམིགས་ཀྱིས་གསུང་པའི་རིགས་ལམ་གྱི་རྩ་བ་ཞིག་ཡིན་པར་སྣང་བ་དེས་ན། གཞུང་ལུགས་རྒྱ་མཚོ་ལྟ་བུའི་གསུང་རབ་ཀྱི་ཚོགས་ལས་གོང་དུ་བཤད་པའི་གཞན་སེལ་གྱི་རྣམ་བཞག་དེ་ནི། ཁོ་བའི་སྙིང་ལ་བབས་པའི་རྒྱུ་མཚན་ཙམ་ཞིག་བགྲང་བ་མིན་པར། དཔལ་ལྡན་ཕྱོགས་གླང་ཡབ་སྲས་ཀྱི་ཐུགས་དགོས་འཁྲུལ་མེད་ལོན་པའི་ཚད་མཚོན་དུ་ལུང་རིགས་གཉིས་ཀྱི་ཟུར་ངོས་ཙམ་ཞིག་གླེང་བརྗོད་བྱས་ན། དེ་ཡང་ཚད་མར་གྱུར་པའི་གསུང་ལུང་དག་ནི། འོག་ཏུ་འདྲེན་པར་བྱས་ནས་འདིར་རིགས་པའི་ལམ་ནས་ཅུང་ཙམ་བསྒྲུབ་ན།  གཞན་སེལ་ཡིན་ན་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་གང་རུང་ཡིན་པའི་རྩ་ཁྱབ་འདི་ནི། ཆེས་ངོ་མཚར་ཆེ་བའི་གཞི་རྩའི་ལྟ་གྲུབ་ཅིག་སྟེ། ཤེས་བྱ་ལ་རྟག་དངོས་གཉིས་སུ་ཁ་མཚམས་བཅད་པའི་རིགས་པའི་རྣོ་ངར་དང་གཅིག་མཚུངས་ཡིན་པའི་ཕྱིར། ༡འོ་ན་ཤེས་བྱའི་གཞན་སེལ་ཆོས་ཅན་དེ་གཉིས་གང་རུང་དུ་ཐལ། གཞན་སེལ་ཡིན་པའི་ཕྱིར་ཟེར་ན། འདོད་པ་ཡིན་ཏེ་དངོས་པོར་གྱུར་པའི་གཞན་སེལ་དངོས་པོའི་གཞན་སེལ་དང། དངོས་མེད་གྱུར་པའི་གཞན་སེལ་དག་ནི་དངོས་མེད་གཞན་སེལ་ཡིན་ཞིང་། དེ་ལས་གཞན་པའི་གཞན་སེལ་མེད་པའི་ཕྱིར།   རྟགས་སྦྱོར་འདི་ལ་འདོད་ལན་བརྩི་སྟངས་མ་འགྲིག་ན། ཚད་མ་ཆོས་ཅན། མངོན་རྗེས་གང་རུང་དུ་ཐལ། ཚད་མ་ཡིན་པའི་ཕྱིར་ཟེར་བའི་རྟགས་སྦྱོར་ལ་ལན་ཅི་འདེབས་ཀྱིན་ཡོད། གལ་ཏེ་མངོན་སུམ་ཡིན་པར་གྱུར་པའི་ཚད་མ་མངོན་སུམ་དང་། རྗེས་དཔག་ཡིན་པར་གྱུར་བའི་ཚད་མ་རྗེས་དཔག་ཡིན་ཞིང་དེ་ལས་གཞན་པའི་ཚད་མ་མེད་དོ་ཞེས་ལན་སློག་དགོས་ཤིང་། གལ་ཏེ་ཚད་མ་མངོན་སུམ་ཡིན་ཟེར་ན་དེ་ལྟར་འདོད་པའི་ཕྱོགས་གླང་དེ་གང་གི་བྱོན་འོང་བ་ཡིན།  ཚིག་ལ་ཁ་མཚམས་ཆོད་དགོས་པར་འདོད་པའི་ཚིག་འཁྲི་དག་གི་ངོར།  རེ་ཞིག་མེད་དགག་གི་གཞན་སེལ་དུ་ཁས་བླངས་ཤིང་དེའི་རྒྱུ་མཚན་ནི་འོག་གི་མེད་དགག་གི་གཞན་སེལ་ལ་འདྲེན་པ་དང་གཅིག་མཚུངས་ཡིན་ལ། དྲང་མོར་སྨྲས་ན་གོང་གི་ལན་འདེབས་སྟངས་འདི་ལས་ལན་ཞིག་ཅི་འདྲ་སྨྲ།  ༢བུམ་པ་ཆོས་ཅན། ཁྱོད་ཀྱི་གཞན་སེལ་དེ་དངོས་པོའི་གཞན་སེལ་ཡིན་ཏེ། རྟོག་ངོར་ཆུ་སྐྱོར་བའི་དོན་བྱེད་མི་ནུས་པར་རྣམ་པར་བཅད་ནས་ཆུ་སྐྱོར་བའི་དོན་བྱེད་ནུས་པར་སྣང་བའི་ཕྱིར།    ཁྱབ་སྟེ་བུམ་པའི་གཞན་སེལ་སྣང་བའི་ཚེ་བུམ་པ་ལས་གང་ཡང་མི་འཆར་ཞིང་དེའི་ཚེ་ཆུ་སྐྱོར་བར་སྣང་བ་དེ། རང་དོན་བྱེད་པར་སྣང་བར་འཇོག་སྟེ།  བྱེ་བྲག་རེ་རེའི་སྟེང་གི་དོན་བྱེད་པར་སྣང་སྟངས་ལས་གཞན་པའི་དོན་པར་སྣང་ཚུལ་མེད་པ་གང་ཞིག  དེ་ཚེ་ཆུ་སྐྱོར་བའི་དོན་བྱེད་མ་ཡིན་པ་བཅད་ཙམ་ལས་དོན་བྱེད་མི་ནུས་པར་བཅད་སྟངས་གཞན་མེད་པའི་ཕྱིར།     ༣བུམ་མེད་ཀྱི་གཞན་སེལ་ཆོས་ཅན། མེད་དགག་གི་གཞན་སེལ་ཡིན་པར་ཐལ། ཁྱོད་སྣང་བའི་ཚེ་ཅི་ཡང་མེད་པའི་རྣམ་པ་འཆར་བ་གང་ཞིག་ཅི་ཡང་མེད་པའི་རྣམ་པ་སྣང་བའི་ཚེ་དོན་བྱེད་མི་ནུས་པར་སྣང་བ་སྨོས་མེད་ཡིན་པའི་ཕྱིར། གལ་ཏེ་དེ་ལྟར་མིན་ན། དོན་བྱེད་མེད་པར་མི་སྣང་བར་ཅི་ཡང་མེད་པའི་དགག་པའི་རྣམ་པ་འཆར་ན་ངོ་མཚར་ཆེ།  ༤བུམ་དག་གི་ས་ཕྱོགས་ན་བུམ་པ་མེད་པ་ཆོས་ཅན། ཁྱོད་མ་ཡིན་དགག་གི་གཞན་སེལ་ཡིན་པར་ཐལ། ཁྱོད་སྣང་ཚེ་མེད་དགག་རྣམ་པར་བཅད་ནས་སྒྲུབ་པར་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ་བུམ་དག་གི་ས་ཕྱོགས་སྣང་ཚེ་ཅི་ཡང་མི་སྣང་བ་མ་ཡིན་པར་ས་ཕྱོགས་སྣང་བའི་ཕྱིར།  ༥བུམ་པ་ཆོས་ཅན་ཁྱེད་ཀྱི་གཞན་སེལ་དེ་མ་ཡིན་དགག་གི་གཞན་སེལ་ཡིན་པར་ཐལ།   ཁྱོད་འཛིན་རྟོག་པས་ཁྱོད་ཅི་ཡང་མི་སྣང་བའི་དགག་པ་རྣམ་པར་བཅད་ནས་ཁྱོད་ཉིད་དུ་སྣང་བའི་ཕྱིར།  ༦བུམ་མེད་ཀྱི་གཞན་སེལ་ཆོས་ཅན། མེད་དགག་གི་གཞན་སེལ་ཡིན་པར་ཐལ། རྟོག་ངོར་སྒྲུབ་པ་རྣམ་པར་བཅད་ནས་དགག་པར་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར། གྲུབ་སྟེ་བུམ་མེད་ནི་མེད་དགག་ཡིན་པས་དེ་ལ་སྒྲུབ་ཕྱོགས་ཀྱི་རྣམ་པ་ཅི་ཡང་འཆར་རྒྱུ་མེད་པའི་ཕྱིར།  ༧བུམ་འཛིན་རྟོག་པར་སྣང་བའི་བུམ་པའི་གཞན་སེལ་ཆོས་ཅན། ཁྱོད་ལ་གཞན་སེལ་དང་སེལ་བ་ཞེས་བྱ་སྟེ། ཁྱོད་དངོས་འགལ་སེལ་བ་ལ་ལྟོས་པའི་ཕྱིར།   ༨བུམ་པའི་གཞན་སེལ་ཆོས་ཅན། ཁྱོད་འདི་ལྟར་ལྡོག་པ་འབྱེད་ནས་བློའི་འཇུག་སྟངས་ཕྱེ་བ་དགོས་པ་ཡོད་དེ། རང་གི་གསལ་བ་རྣམ་བུམ་པའི་དོན་གཅིག་ཏུ་སྣང་བའི་ཕྱིར། ༩འཇིག་རྟེན་གྱི་བླང་དོར་ག་ཚོད་བྱས་ཀྱང་བློའི་གཞན་སེལ་གྱི་ནུས་པ་འདི་ལ་བརྟེན་ཏེ། རྟོག་པས་སྣང་བཏགས་གཅིག་ཏུ་འཁྲུལ་ནས་རང་མཚན་བདེ་བླག་ཏུ་རྟོགས་པའི་ཐབས་འདི། དཔལ་ལྡན་ཆོས་ཀྱི་གྲགས་པས། དེ་ཡི་འབྲས་བུ་ཡོངས་བསྟན་ཕྱིར།། ཐ་དད་འབྲས་བུ་གཅིག་དག་ལ།།  རྒན་པོས་སྒྲ་གཅིག་བརྡར་བྱས་པ།། དེ་ཡི་འབྲས་བུ་ཞེས་གསུངས་པའི་གཞན་སེལ་གྱི་ཡང་སྙིང་མཐིལ་རྟོགས་བྱུང་མཁན་ནི། ཡུལ་གངས་ཅན་གྱི་གནམ་སའི་བར་ཁྱོན་ན་འཇམ་དབྱངས་ས་པཎ་ལྟ་བུ་རབ་ཏུ་དཀོན་པར་སྣང་ངོ་། །   

གཉིས་པ་གཞན་སེལ་གྱི་དགོས་དོན་བཤད་པ་ནི།

དེ་ཡང་ཚད་མའི་བརྗོད་དོན་དག་མཐར་སྡོམ་ན་ཡུལ་དང་ཡུལ་ཅན། འགལ་བ་དང་འབྲེལ་བ། རྟགས་དང་མཚན་ཉིད་ཀྱི་རྣམ་བཞན་མ་ནོར་བ་སྟོན་པ་འདི་ཡིན་ཞིང་། དེའི་རྒྱུ་མཚན་ནི་དོན་དང་དོན་མིན་འབྱེད་ནས་སྟོན་པ་ཚད་མའི་སྐྱེས་བུ་སྒྲུབ་པ་ནི། ཚད་མ་སྤྱིའི་བརྗོད་དོན་གྱི་སྤྱི་འགྲོས་སུ་འདྲེན་དགོས་ཤིང་། དེ་ཉིད་རྟོགས་པ་ལ་གལ་འགངས་ཆེ་ཞིང་མ་ཤེས་ཐབས་མེད་དུ་ཆགས་པའི་རྣམ་བཞག་འདི་དག རིགས་ལམ་གྱི་བར་ནས་བརྡར་ཤ་དཔྱད་དེ་སོ་སོའི་སེམས་ནང་དུ་སྔར་དང་མི་འདྲ་བའི་ངེས་རྟོགས་གསར་བ་ཞིག་རྙེད་དགོས་ཏེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས་རང་དོན་ལེའུ་ཐོག་མར་བཤད་པའི་དགོས་དོན་ཡང་། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་ཡིན་ལ་ཞེས་གསུང་པའི་ཕྱིར། འོ་ན་ཐོག་མའི་རྣམ་བཞག་འདི་དག་མ་ནོར་བ་ཞིག་ཅིའི་ཕྱིར་རྟོགས་དགོས་སམ་ཞེ་ན། དེ་ནི་གཙོ་བོ་གཞན་སེལ་གྱི་རྣམ་བཞག་མ་འཁྲུལ་བ་ཞིག་གི་ཐོག་ནས་རྟོགས་དགོས་ཏེ།  ཡུལ་དང་ཡུལ་ཅན་གང་ཞིག་འཇོག་ན་ཡང་བློ་རང་ཉིད་ཀྱིས་གཟུང་ཚུལ་ལྟར་དོན་དང་མཐུན་མིན་གྱི་ཆ་ནས་འབྱེད་དགོས་ཤིང་དེ་ཉིད་དོན་དང་མཐུན་ཚུལ་ཡང་།  གཞི་བུམ་པ་ལྟ་བུ་གཅིག་ཉིད་བློས་གཟུང་བ་ལྟར་ལྟོ་ལྡིར་བའི་དངོས་པོ་ཡིན་མིན་དཔྱད་དགོས་ཤིང་། དེ་ཚེ་བུམ་པའི་རྡུལ་ཕྲན་རེ་རེ་ནས་ལྟོ་ལྡིར་གྱི་དངོས་པོ་མིན་པས། དེ་དག་རེ་རེ་ནས་བུམ་པར་མི་འཇོག་པར་རྟོག་བློས་རྡུལ་རྫས་དུ་མར་འདུས་པའི་རགས་པ་ལ་བུམ་པ་ཞེས་སྒྲོ་བཏགས་པ་ཡིན་པས་འདི་གཞན་སེལ་གྱི་ངོ་བོ་ལས་གུད་ན་མེད་དོ། །  འགལ་འབྲེལ་གཉིས་ཀྱང་གཞན་སེལ་གྱི་སྒོ་ནས་འཇོག་སྟེ། བློ་རྟོག་པའི་ངོར་ད་ལྟའི་དུ་བ་འདི་སྔར་གྱི་མེ་དེ་མེད་ན་མེ་བྱུང་བས། དུ་བ་འབྱུང་བ་ངེས་པར་མེ་ལ་ལྟོས་དགོས་ཕྱིར་དུ་བ་མེ་དང་དེ་འབྱུང་གི་འབྲེལ་ལོ་སྙམ་ནས་བློ་ཡིས་འཛིན་ཕྱིན། མེ་དུ་གཉིས་ཀྱིས་མཚོན་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ལ་འབྲས་བུ་རྟགས་སུ་བཀོད་ནས་རྒྱུ་བསྒྲུབ་པའི་རྟགས་ཡང་དག་འཇོག་པ་དང་། རྟོག་བློས་བྱས་པ་ནི་སྐད་གཅིག་སྐད་གཅིག་གིས་འཇིག་ཕྱིར་མི་རྟག་པ་ཉིད་དུ་ངེས་པས། བྱས་པ་ཡིན་ན་མི་རྟག་པས་ཁྱབ་པ་རྟོགས་ཤིང། དེ་ནས་བྱས་པ་ནི་མི་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་མི་འདོར་བའོ་སྙམ་པ་ནི་བདག་གཅིག་གི་འབྲེལ་བ་འཇོག་ཚུལ་ཡིན་ཕྱིན། བྱས་པ་དང་མི་རྟག་པའི་ཆོས་ཀྱིས་མཚོན་མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་བསྒྲུབ་པའི་རྟགས་ཡང་དག་ཏུ་འགྲོ་བའི་གནད་ཀྱང་གཞན་སེལ་འདི་ཁོ་ན་ལས་གྲུབ་ཅིང་དོན་རང་མཚན་གྱི་སྟེང་ནས་བྱེ་བྲག་རེ་རེ་བཞིན་འབྲེལ་བ་འཇོག་པ་ནི་སྣང་བའི་ཚུལ་དང་མི་མཐུན་ཞིང་རིགས་པའི་གནད་ཀྱང་འགལ་བའི་ལོག་ཕྱོགས་ཀྱི་གྲུབ་མཐའོ། ། དགག་སྒྲུབ་ནི་རྟགས་ཀྱི་སྒོ་ནས་འབྱེད་དགོས་ཤིང་། དགག་བྱ་འགོག་པའི་རྟགས་དང་། བསྒྲུབ་བྱ་བསྒྲུབ་པའི་རྟགས་ཅི་ཙམ་བཀོད་ཀྱང་ཡང་དག་ཏུ་འགྲོ་མིན་ནི་རྟོག་བློའི་གཞན་སེལ་གྱི་སྒོ་ནས་འབྱེད་དགོས་ཏེ། དཔེར་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་བསྒྲུབ་པ་ལ་མཚོན་ན། དེར་བཀོད་ཀྱི་རྟགས་དེ་སྒྲ་ཡི་བྱས་པ་ཡིན་ན་མཐུན་ཕྱོགས་ལ་མ་གྲུབ་པར་འགྱུར་ཞིང་། ཤིང་ལ་སོགས་པའི་བྱས་པ་ཡིན་ན་རྟགས་མ་གྲུབ་པ་ཉིད་དུ་འགྱུར་ཞིང་། དེ་ལས་གཞན་པའི་བྱས་པ་ནི་དོན་རང་མཚན་གྱི་སྟེང་དུ་རྙེད་དུ་མེད་པས་རྟགས་ཡང་དག་ཏུ་འགྲོ་བ་ནི་རྒྱ་མཚོའི་ནང་གི་མེ་བཞིན་ནོ། ། དེ་བས་རྟོག་ངོར་བུམ་པ་ལ་སོགས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་བྱས་པ་མ་ཡིན་པ་རྣམ་པར་བཅད་ནས་བྱས་པར་སྣང་བའི་གཞན་སེལ་ཙམ་བཀོད་པ་ནི། ཕྱོགས་ཆོས་གྲུབ་ཀྱང་འབྲེལ་བ་ངེས་པའི་རྟགས་རྣམ་དག་ཏུ་འགྲོ་ཕྱིར། ཅིས་ཀྱང་གཞན་སེལ་གྱི་རྣམ་བཞག་མ་ནོར་བ་ཞིག་འཁྱོངས་དགོས་པས། བློ་རིག་རྣོ་ལྕགས་ལས་ངར་ཞིང་འབད་བརྩོན་རྒྱ་མཚོ་ལས་ཆེ་བའི་རིག་གསར་བ་དག་གིས་ཅིས་ཀྱང་གཟབ་ནན་གྱི་སྒོ་ནས་དོན་འདི་ལ་འཇུག་པར་རིགས་སོ། །

གསུམ་པ་རྒྱབ་རྟེན་རྒྱ་གཞུང་གསུམ་གྱི་ལུང་གིས་སྒྲུབ་པ་ནི། 

       སྤྱིར་གཞན་སེལ་གྱི་རྣམ་བཞག་ལ་རྒྱ་གར་དུ་ཡང་ཞི་བ་མཚོ་དང་། ཐར་པ་འབྱུང་གནས། ཤྭཀྱཱ་བློ་སོགས་ཀྱིས་གསུམ་དུ་དབྱེ་བ་དང་། སློབ་དཔོན་ཆོས་མཆོག་གིས་གཉིས་སུ་དབྱེ་བའི་ཚུལ་སོགས་སྤྱིའི་ཆ་ནས་དབྱེ་སྟངས་དུ་མར་སྣང་ཡང་། འདིར་མེད་དགག་གི་གཞན་སེལ་དང་མ་ཡིན་དགག་གི་གཞན་སེལ་སྒོ་ནས་འབྱེད་ཅིང་དེ་ཉིད་གཞུང་ལུགས་མཐུན་པའི་རྒྱབ་རྟེན་དུ་ལུང་དག་རིམ་བཞིན་འདྲེན་ན། དཔལ་ལྡན་ཕྱོགས་ཀྱི་གླང་པོས་ཚད་མ་མདོ་ཡི་གནས་སྐབས་སུ་དཔེ་དང་དཔེ་ལྟར་སྣང་བརྟགས་པའི་ལེའུ་བསྟན་ཟིན་ནས་དེའི་འོག་ཏུ། ཚད་མ་གཉིས་སུ་བརྗོད་པ་ཁ་གཅིག་སྒྲ་ལས་བྱུང་བ་ཡང་ཚད་མ་ཉིད་དུ་འདོད་པ་ལ། སྒྲ་ལས་བྱུང་བ་རྗེས་དཔག་ལས།། ཚད་མ་གཞན་མིན་འདི་ལྟར་ཏེ།། རང་གི་དོན་ལ་བྱ་སོགས་བཞིན།། གཞན་སེལ་སྒོ་ནས་སྟོན་པར་བྱེད།། ཅེས་དང་དེའི་རང་འགྲེལ་ལས། སྒྲ་ནི་ཡུལ་གང་ལ་མེད་ན་མི་འབྱུང་བའི་འབྲེལ་བ་ཉིད་རབ་ཏུ་སྦྱོར་བར་བྱེད་པ་དེའི་ཆ་ནས་དེའི་བྱིས་པ་ལ་སོགས་པ་བཞིན་དུ་དོན་གཞན་རྣམ་པར་བཅད་ནས་སྟོན་པར་བྱེད་དོ། ། ཞེས་པ་ནས་བཟུང་གཞན་སེལ་གྱི་ལེའུ་འདིའི་ནང་དུ་གཞན་སེལ་གྱི་རྣམ་བཞག་རྒྱས་པར་གསུངས་ཤིང་། ལེའུ་འདིའི་མགོ་མཇུག་ཀུན་ཏུ་སྒྲའི་གཞན་སེལ་གྱི་སྒོ་ནས་སྟོན་པར་སྣང་སྟེ། ཡོན་ཏན་དང་ནི་ཡོན་ཏན་ཅན།། བརྗོད་པའི་རྣམ་དབྱེ་ཐ་དད་དུ།། ངེས་ཕྱིར་གཞི་དང་མཐུན་པ་ཡི།། རྫས་དང་སྒྲ་དག་རབ་ཏུ་གྲུབ།། ཅེས་གསུངས་ཏེ་སྒྲའི་གཞན་སེལ་གཙོར་བརྗོད་བྱས་ནས་གཞན་སེལ་གྱི་རྣམ་བཞག་རྒྱ་ཆེ་བར་བྱུང་ཡོད་ཀྱང་། འོན་ཏེ་དེ་རིང་ཁ་སང་རང་ཉིད་ལྟ་བུ་བའི་སློབ་གཉེར་བ་མང་པོ་ཞིག་གིས་མདོ་དང་རྣམ་ངེས་སོགས་རྒྱ་གཞུང་དག་ལ་ལུང་རིགས་ཀྱི་བརྡར་ཤ་དཔྱོད་མཁན་ཧ་ཅང་ཉུང་བའི རྐྱེན་གྱིས། ཁོ་བོས་གཞན་སེལ་གྱི་རྣམ་བཞག་ཇི་ལྟར་བྱུང་ཡོད་པ་དང་། དེ་ཡང་གཞན་སེལ་ནི་སྒྲ་དང་བློ་སོགས་སྒོ་ནས་ཐ་དད་འབྱེད་པའི་ལུང་རིགས་ཀྱི་ཟུར་རྩམ་ཞིག་དྲངས་ནས་བཀོད་པ་ཡིན་ནོ། ། དེ་བཞིན་དཔལ་ལྡན་ཕྱོགས་ཀྱི་གླང་པོས། དུས་གསུམ་བརྟག་པའི་ནང་དུ། ཀུན་ཏུ་བཏགས་པའི་ཐ་སྙད་ཀྱིས།། རྣམ་པ་སྣ་སོགས་ཉིད་དུ་དམིགས།། ཞེས་དང་། རྟག་པ་ཡོད་པ་མེད་པ་བདག།། དོན་གཅིག་བརྗོད་པར་བྱེད་པའི་སྒྲ།། རང་བཞིན་དུ་མ་རབ་ཏུ་བསྟན།། ཞེས་གསུངས་པ་འདིས་ཀྱང་གཞན་སེལ་གྱི་རྣམ་བཞག་བསྟན་ཏོ། ། དེ་མིན་ཁོ་བོས་ཚད་མའི་དངོས་སྦྱོང་གི་སྐབས་སུ་སྡེ་བདུན་ལ་བསྐྱར་བཀླགས་སྐོར་ཞིག་བྱས་ཤིང་གཞན་སེལ་གྱི་རྣམ་བཞག་རྒྱ་ཆེར་བསྟན་པ་མ་མཐོང་ལགས། དཔལ་ཆོས་ཀྱི་གྲགས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་སྐབས་སུ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས།། རང་རང་ངོ་བོ་ལ་གནས་ཕྱིར།། མཐུན་དངོས་གཞན་གྱི་དངོས་དག་ལས།།  ལྡོག་པ་ལ་ནི་རྟེན་པ་ཅན།།  དེ་ཕྱིར་གང་དང་གང་ལས་དོན།། ལྡོག་པ་དེ་ཡི་རྒྱུ་ཅན་གྱི།།  རིགས་དབྱེ་དེ་ཡི་ཁྱད་པར་གྱིས།།  རྟོགས་འགྱུར་བ་དག་རབ་ཏུ་བཤད།། དེ་ཕྱིར་ཁྱད་པར་གང་ཞིག་ཆོས།། གང་གིས་གོ་བར་འགྱུར་བ་དེ།། དེ་ལས་གཞན་གྱི་ནུས་མ་ཡིན།། དེ་ནས་ཐ་དད་རྣམ་པར་གནས།། ཞེས་དང་རང་འགྲེལ་ལས། དེ་ལྟ་བས་ན་དངོས་པོ་གཅིག་ཉིད་ལ་གཞན་གྱི་ངོ་བོ་ཇི་སྙེད་པ་དེ་ལ་ལྟོས་ནས་ལྡོག་པ་དེ་སྙེད་ཡོད་དེ། དེ་ལ་མེད་པའི་རྒྱུ་དང་འབྲས་བུ་ཅན་ནི་དེ་ལས་ཐ་དད་པའི་ཕྱིར་རོ། ། ཡང་ཚད་མ་རྣམ་འགྲེལ་ལས།  ཐ་དད་གཅིག་ཏུ་སྡུད་པའི་སྒྲ་རྟོག་སེལ་བས་སྡུད་ཚུལ་ཡང་།   ཐ་དད་དངོས་རྣམས་ལ་བརྟེན་ནས།། དོན་གཅིག་ཏུ་ནི་སྣང་བའི་བློ།། གང་གི་རང་གི་ངོ་ཡིས།། གཞན་གྱི་ངོ་བོ་སྒྲིབ་བྱེད་པ།། སྒྲུབ་བྱེད་དེས་བདག་ཐམས་དད་ཀྱང་།། ཐ་དད་པ་ཉིད་བསྒྲིགས་པ་ཡིས།། དངོས་རྣམས་ངོ་བོ་འགའ་ཞིག་གིས།། ཐ་དད་མིན་པ་ལྟ་བུར་སྣང་།  ཞེས་སོགས་མང་དུ་གསུངས་ཤིང་།  གང་ཕྱིར་དངོས་ཀུན་རང་བཞིན་གྱིས།། རང་རང་ངོ་བོ་ལ་གནས་ཕྱིར།། མཐུན་དངོས་གཞན་གྱི་དངོས་དག་ལས།།  ལྡོག་པ་ལ་ནི་རྟེན་པ་ཅན།། ཞེས་པ་དག་གིས་དངོས་པོའི་གཞན་སེལ་བསྟན་ཤིང་།  ལྡོག་པ་ངོ་བོ་ཉིད་མེད་ཕྱིར།།  ཞེས་ནས་དངོས་མེད་ཀྱི་གཞན་སེལ་བསྟན་པས། འདི་ནི་ཚད་དང་མཐུན་པའི་ལེགས་བཤད་དོ།།

བཞི་བ་མཐར་དོན་རྣམ་དཀར་འདུན་པའི་བསོད་ནམས་བརྗོད་པ་ནི།

       དེ་ལྟར་ཤེས་རབ་ཀྱི་དཔལ་འཛོམས་ཤིང་གནས་ལུགས་ཀྱི་ཚུལ་མཁྱེན་པའི་འཕགས་བོད་མཁས་པའི་ཁྱུ་མཆོག་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་རྣམ་འགྲེལ་དང་ཕྱོགས་ཀྱི་གླང་པོའི་ཚད་མ་ཀུན་བཏུས་ལ་ཕུགས་བཅོལ་ནས། འཇམ་མགོན་ས་སྐྱ་པཎ་ཆེན་དང་ཀུན་མཁྱེན་བསོད་ནམས་སེངྒེའི་གཞུང་ལུགས་གཞིར་གཟུང་སྟེ། གཞན་སེལ་གྱི་རྣམ་བཞག་རང་བློས་ཅི་ལྕོག་གིས་བྲིས་པའི་དཔྱད་རྩོམ་ཕྲན་བུ་འདི་ལ། མ་དག་པ་དང་མ་ཤེས་པའི་ཆ་ཅི་ཙམ་ཡོད་པ་མཐའ་དག་ཤེས་ལྡན་མཁས་པ་རྣམས་ཀྱི་མདུན་དུ་ཡོངས་སུ་བཤགས་ཤིང་། མ་ནོར་མ་འཁྱུག་པའི་ལེགས་བཤད་རེ་ཡོད་སྲིད་ལ། ཡོད་པ་དེ་དག་གི་དགེ་རྩེའི་རྣམ་དཀར་ཇི་སྙེད་མཆིས་པ་ཀུན་དང་། འདས་མ་ད་གསུམ་ལ་བསགས་པའི་དགེ་བ་ཐམས་ཅད་གཅིག་ཏུ་བསྡོམས་ཏེ། ལུང་རྟོགས་བསྟན་པའི་སྲོག་ཤིང་དུ་གྱུར་བའི་གསུང་རབ་སླུ་བ་མེད་པ་དག་གི་ཚིག་དང་དོན་ལ་ཉམས་ཉེས་མེད་པར་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་འཚོ་ཞིང་། མི་ཤེས་རྨོངས་པའི་མཁར་རྫོང་རབ་ཏུ་གཏོར་ཏེ་དོན་དང་དོན་མིན་འབྱེད་པའི་ཤེས་རབ་ཡོངས་སུ་སྨིན་པ་དང་ལྷན་སྡེ་བདུན་མདོ་དང་བཅས་པའི་ཚིག་དོན་མཐའ་དག་ལ་འཆད་ཉན་གྱི་བསྟན་པ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པའི་སྨོན་པ་དང་། གང་དག་བདེ་སྐྱིད་ཀྱི་དྲོད་རླུང་དབུལ་ཞིང་སྡུག་བསྔལ་གྱི་མེ་ལྕེ་དྲག་པོས་ཉིན་མཚན་ཀུན་ལ་འཕངས་མེད་དུ་གདུང་བའི་སྐྱེ་འགྲོ་དག་གི་རྣམ་སྨིན་གྱི་ཆུ་བོ་ཡོངས་སུ་བསྐམས་སྟེ། བྱམས་བརྩེ་དང་སྙིང་རྗེའི་རྒྱ་མཚོར་རྟག་ཏུ་སྐྱོད་ཅིང་ཕན་བདེ་མ་ལུས་འབྱུང་བའི་དམ་ཆོས་རིན་པོ་ཆེའི་ཡོན་ཏན་མཐའ་དག་རྟག་ཏུ་མཇལ་བའི་རྒྱུར་འགྱུར་བའི་རེ་སྨོན་རྩེ་གཅིག་ཏུ་བཏབས་པའོ། །

 

      སླར་སྨྲས་པ། 

 

མདོ་དང་རྣམ་འགྲེལ་རྩོམ་པའི་བློ་མེད་ཀྱང་།།

དགག་སྒྲུབ་རིགས་པས་དཔྱད་ལ་སེམས་དྭངས་བའི།།

བདག་གི་ཡིད་ལ་བབས་པའི་རྣམ་བཞག་དག།

གཟུར་གནས་མཁས་པའི་དྲུང་དུ་འབྱོར་ལ་སྤྲོ།།

 

ཤ་ཁྲག་རུས་པ་ངར་བའི་འཚོ་བ་དང་།།

འབྱོར་མེད་ས་མཐར་ཉུག་པའི་ཤུལ་ལམ་ན།།

བདེན་པ་རིགས་པས་བརྡར་བའི་ཡིག་འབྲི་དག།

ཤེས་བྱའི་རྒྱ་མཚོར་འཇུག་པའི་ཟིན་ཐོ་ཙམ།།

       རྩོམ་ཡིག་འདི་ནི་རྫོང་སར་ཁམས་བྱེ་བཤད་གྲྭའི་ཚད་མ་གོང་མའི་སློབ་མ་གླང་ཡག་བསོད་ནམས་དངོས་གྲུབ་ཅེས་འབོད་པ་དེས་བྲིས་པའོ། །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjcq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
17667574
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号