གནམ་ལོ་གསར་པའི་སྨོན་ཚིག་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »གནམ་ལོ་གསར་པའི་སྨོན་ཚིག་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ།
གནམ་ལོ་གསར་པའི་སྨོན་ཚིག་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/2/24ལྟ་ཀློག (4083)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༈ གནམ་ལོ་གསར་པའི་སྨོན་ཚིག་དཔྱིད་ཀྱི་

  རྒྱལ་མོའི་མགྲིན་གླུ།

དོན་འགྲུབ་རྡོ་རྗེ།

ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་མཚན་དཔེའི་སྐུ།།
དོན་གཉིས་ཡོན་ཏན་རྒྱ་མཚོ་འདྲེན་པའི་གསུང་།།
མཁྱེན་གཉིས་ཤེས་བྱ་མ་ལུས་མངའ་བའི་ཐུགས།།
སྟོན་མཆོག་བདེ་བར་གཤེགས་དེར་ཕྱག་བགྱིའོ།།

དྭངས་གསལ་སིནྡྷུའི་རྒྱ་མཚོ་འཁྱིལ་བའི་ཀློང་།།
མཚན་དཔེ་རབ་རྫོགས་གེ་སར་བཞད་པའི་སྐུ།།
སྡེ་གསུམ་ཡོ་གའི་མན་ངག་དགོངས་པའི་མཛོད།།
མཚོ་སྐྱེས་རྡོ་རྗེ་མི་འབྲལ་སྤྱི་བོས་བསྙེན།།

རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་མཁྱེན་བརྩེ་ནུས།།
སྲིད་ཞིའི་རྒུད་པ་མ་ལུས་ཡོངས་སེལ་བ།།
ལྷག་པའི་ལྷ་མཆོག་རིག་གསུམ་སེམས་དཔའ་ཆེ།
དེ་ཡི་དགེ་མཚན་དམ་པས་རྟག་ཏུ་སྲུངས།།

སྐྱེ་བ་རིང་ནས་མཛའ་བ་མ་བཏང་བའི།།
སྒྲུབ་ལ་བློ་གྲོས་མཆོག་སྩོལ་རྒྱས་བྱེད་མ།།
རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་ངག་གི་ལྷ།།
ངག་གི་དཔལ་མོས་དགེ་ལེགས་ཆར་དུ་སྙིལ།།

བསླབ་གསུམ་ནོར་བུའི་ཁང་བཟང་ལ་གནས་པའི།།
དུས་གསུམ་རྒྱལ་བའི་སྤྱི་གཟུགས་མི་ཡི་གར།།
བརྒྱུད་གསུམ་དགོངས་པ་རྩ་བརྒྱུད་བླ་མའི་ཚོགས།།
སྒོ་གསུམ་དད་པའི་སྤྱི་བོར་བྱིན་རླབས་སྩོལ།།

ཉིན་བྱེད་རྟེན་འབྲེལ་སྲིད་པའི་སྒྲོན་མེའི་ཞལ།།
དབང་ཕྱོགས་ཤར་རིའི་ཕྲག་ནས་འཛུམ་པའི་ཚེ།།
ས་ལུའི་སྨན་ལྗོངས་རིགས་བཟང་གདོང་དམར་བ།།
ལྕགས་བྱི་གནམ་ལོ་སར་པའི་ལོ་གཡང་ཡག།

དཔྱིད་ཀྱི་དཔལ་མོའི་ཉིན་བཟང་ཚེས་གཅིག་ལ།།
མི་རྣམས་བརྩེ་བའི་ལྷག་བསམ་དཀར་པོ་ཡིས།།
ཚེ་བསོད་དབང་ཐང་རླུང་རྟ་ལམ་འགྲོ་ཡི།།
རྟེན་འབྲེལ་སྨོན་ལམ་ཕན་ཚུན་འབུལ་ལ་བྲེལ།།

སྒྲིབ་བྲལ་རང་བཞིན་དག་པའི་ལྷ་ལམ་གྱི།།
སྙིང་རྗེའི་ཟླ་ཤེལ་མཆོག་ཏུ་བསིལ་བ་ཡིས།།
སྐྱེ་རྒུའི་མིག་གི་དབང་པོ་རབ་གསལ་ཏེ།།
གནས་ལུགས་ལྟ་བའི་མེ་ལོང་མཛེས་གྱུར་ཅིག།

ཆུ་མཐོངས་ལྷ་ཡི་རྫིང་རིང་ཡངས་བ་ནས།།
རྣམ་མང་རྒྱུ་སྐར་ཕྲེང་བ་འཛུམ་པ་ཡིས།།
འགྲོ་བྱེད་དུས་ཀྱི་ཆ་ཅན་རེ་རེ་ཡིས།།
གནམ་སའི་བར་ལ་བརྩེ་བའི་ཕྱི་ཐག་བརྟན།།

རབ་དཀར་ཀེ་ལ་ཤ་རི་ལྷུན་པོའི་མདངས།།
ནོར་འཛིན་ས་གཞིའི་ཁྱོན་དུ་འབར་བ་ཡིས།།
ཆོས་སྲིད་རིག་གནས་དར་བའི་གངས་ཅན་ལྗོངས།།
ཐུགས་བཞེད་བདེན་པའི་སྨོན་ལམ་འགྲུབ་གྱུར་ཅིག།

དཔྱིད་གསུམ་ལྔ་རིག་ཤེས་བྱའི་པད་ཚལ་བཞད།།
མཁྱེན་རབ་ཆུ་འཛིན་ནོར་བུའི་ལྡིང་ཁང་འཁྱིལ།།
བཀྲ་ཤིས་མི་ནོར་ཆོས་གཡང་སྦྲང་ཆར་འཇོ།།
གངས་ལྗོངས་ཡུལ་ལ་རྫོགས་ལྡན་གསར་པ་བསུ།།

སྙིང་རྗེའི་སྤྱོད་པར་འཇུག་པའི་ལམ་བཟང་གིས།།
དོན་གཉིས་ལྷུན་འགྲུབ་སྲིད་ཞིའི་རྒུད་པ་སེལ།།
ཞི་འཇམ་མཐོ་རིས་གྲོང་གི་དགའ་བའི་དཔལ།།
དེ་ཀུན་མཁའ་མཉམ་འགྲོ་ལ་རྟག་འཆར་ཤོག།

གཉུག་མའི་རང་བཞིན་སེམས་ཀྱི་གཤིས་ཀ་ལ།།
མི་འགྱུར་ལྷན་སྐྱེས་དགའ་བའི་རོལ་གར་ཅན།།
ཕུན་ཚོགས་དང་མའི་ཉིན་བྱེད་དབང་པོ་ཡིས།།
སྡུག་བསྔལ་མཐར་བྱེད་ཞི་བའི་བཀྲ་ཤིས་ཤོག།

གནམ་ལོ་གསར་པའི་ལེགས་སྨོན་ཚིག་གི་ཕྲེང་།།
སྡེབ་ལེགས་སྙན་ངག་དབྱངས་ལ་མི་མཁས་ཀྱང་།།
རྟེན་འབྲེལ་ལུས་ནས་བསྒྲིགས་པའི་ས་བོན་ལ།།
རྟོགས་པ་དོན་ལ་སྨིན་པའི་འབྲས་བཟང་ཡག།

ཚེ་རིང་ནད་མེད་བདེ་སྐྱིད་ལང་ཚོ་ལྡན།།
ཆོས་སྲིད་དབང་འབྱོར་མངའ་ཐང་བསྟན་པ་དར།།
ཡིད་འོང་ཁོར་ཡུག་དུས་བཞིའི་དགའ་སྟོན་གྱིས།།
རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག།


རྒྱལ་ལོ་༢༡༤༧ཟླ་༡  ཚེས་༡བོད་ལྕགས་ཕོ་བྱི་བ་ལོའི་ལོ་གསར་ཚེས་གཅིག་ཉིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74wa བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41373261
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1