སྐྱི་གཡའ་བའི་གཏམ་རྒྱུད། བརྩམས་སྒྲུང་།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 7 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སྐྱི་གཡའ་བའི་གཏམ་རྒྱུད། བརྩམས་སྒྲུང་།
སྐྱི་གཡའ་བའི་གཏམ་རྒྱུད། བརྩམས་སྒྲུང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/3/4ལྟ་ཀློག (1303)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྐྱི་གཡའ་བའི་གཏམ་རྒྱུད།

 

 བེ་མདའ།  (ཉག་ཆུ།)

 

ལེའུ་དང་པོ།

     ཕུན་ཚོགས་ནི་ད་ལོ་ལོ་དྲུག་ཡིན་ལ།  ཨ་མ་ལྷ་སྒྲོན་ནི་ལོ་སུམ་ཅུ་ཡིན།  ཕུན་ཚོགས་ཚང་ནི་འདྲེ་ལུང་སྒོ་ཡི་སྤང་ཐང་དུ་ཡོད་ལ། འདི་ཡི་ཐག་ཉེ་ས་རུ་ཁྱིམ་མཚེས་གཅིག་ཀྱང་མེད་པར་མ་ཟད། ཁྱིམ་འདི་ལ་ཡང་ཨ་མ་དང་ཁོང་གཉིས་ལས་སུ་ཡང་མེད།  ཕུན་ཚོགས་ཀྱི་ཨ་ཕ་ནི་ལོ་འགའི་སྔོན་དུ་སྤྱང་ཀིའི་དགྲ་དམག་ལ་ཐུག་ནས་ཚེ་ལས་འདས། དོ་ནུབ་ཕྱི་རོལ་དུ་ཆར་བ་ཤུགས་ཀྱིས་འབབ་བཞིན་འདུག་ལ།  སྒེའུ་ཁུང་ལས་ཀྱང་གློག་དམར་འཚུབ་པ་དང་འབྲུག་སྒྲ་ཤེད་ཀྱིས་གྲགས་བྱུང་བས་གློ་བུར་དུ་གློད་ཆད་སོང་ལ།  དེ་ལྟར་ཨ་མ་ལྷ་སྒྲོན་གྱིས་གློག་སྒྲོན་ཞིག་བཀར་ནས་ཕུན་ཚོགས་ཀྱི་སྔས་མགོ་རུ་ཡོང་ནས་གཉོམ་ཆུང་བའི་སྐད་གདངས་དེ་ཡིས་གཅེས་ཕྲུག་ཁྱོད་མ་སྐྲག་དང་ཨ་མ་འདི་ན་ཡོད་ཅེས་མགོ་བོ་པང་དུ་བཞག་ནས་ཡུན་ཙམ་ལ་བསྡད།  དེ་ལྟར་ཆར་བ་བབས་མཚམས་བཞག་སོང་ལ།  འབྲུག་སྒྲ་ཡང་རིམ་གྱིས་ཇེ་ཉུང་རུ་ཕྱིན་པ་ན་ཨ་མ་ལྷ་སྒྲོན་ཡར་ལོག་ཏུ་སོང་ནས་དགོང་མོའི་ཁ་ཏོན་བཏོན་རྗེས་ཕྱག་གསུམ་འཚལ་ནས་བསྐྱར་དུ་ཕུན་ཚོགས་ཀྱི་སྔས་མགོ་རུ་ཡོང་ནས་ཅི་ཞིག་བཤད་མི་ཐུབ་པའི་ཉམས་དང་བཅས་ཡུད་ཙམ་ལུས་མཐར། "ཨ་མ་ལགས་ད་རུང་མི་ཉལ་ནས་ཅི་རེད། ང་ལ་བཤད་རྒྱུ་ཞིག་ཡོད་དམ།"ཕུན་ཚོགས་ཀྱིས་ཡང་དང་བསྐྱར་དུ་སྐད་ཆ་དེ་ལྟར་དྲིས་པས་ཨ་མ་ལགས་ཀྱིས་ཕུན་ཚོགས་ཀྱི་མགོ་བོ་ལན་མང་བྱིལ་བྱིལ་བྱས་ནས་རབ་ཏུ་སྐྱོ་བའི་ཞལ་གྱི་ཉམས་དང་བཅས་སྐད་ཆ་ཞིག་བཤད་འགོ་བརྩམས་ཀྱང་། སྐད་ཆ་དེ་ནི་ཧ་ཅང་ལྐོག་གྱུར་ཞིག་གམ་ཡང་ན་ཆེས་གསང་བ་ཞིག་ཡིན་པར་མ་ཤེས་མོད།གང་ལྟར་སྐད་ཆ་དེ་ཇི་ལྟར་མཉན་ཡང་ཕུན་ཚོགས་ཀྱིས་གཏན་ནས་གོ་མ་ནུས་པས་བསྐྱར་དུ་ཨ་མ་ལྷ་སྒྲོན་ལ་དྲི་བ་མང་པོ་ཞིག་བསྟུད་མར་ཞུས་ཀྱང་སྐད་ཆའི་ནང་དོན་ནི་སྔར་བཞིན་མག་མོག་ཏུ་གྱུར། བར་མཚམས་དེ་ནས་ཁྱམས་རའི་མདུན་ཐད་ནས་གློག་འོད་གསལ་མོ་ཞིག་འཆར་བྱུང་ལ།  ཨ་མ་ལྷ་སྒྲོན་མྱུར་མོར་ལིངས་མ་སྟབས་ཀྱིས་སྒོ་ཁ་རུ་བུད་པ་དང་། ཅི་ཡང་མ་འགོར་བར་སྒོ་འགྲམ་ནས་སྐད་ཆེན་པོ་ཞིག་གྲགས་པ་དང་མཉམ་དུ་ཁྱིམ་ལ་མི་ཞིག་སླེབས་བྱུང་ལ།  དེ་ནི་ཕུན་ཚོགས་ཀྱིས་གཏན་ནས་རིག་མ་མྱོང་བའི་ཁོ་རང་གི་ཨ་ཞང་གཅིག་པོ་དེ་རེད་འདུག  ཨ་ཞང་ནི་ཉེ་ལམ་ཁུལ་དང་རྫོང་སོགས་སུ་ཚོང་ལ་ཕྱིན་པས་ཕུན་ཚོགས་ལ་སྟོད་གོས་གཉིས་དང་གྲུག་ལྷམ་ཡག་པོ་གཅིག་ཉོས་འདུག་པ་དང་།  ད་དུང་ཕུན་ཚོགས་ཀྱིས་ད་སྔར་མཐོང་མ་མྱོང་བའི་རྩེད་ཆས་མང་པོ་ཞིག་ཀྱང་རས་ཁུག་གང་ཙམ་ཉོས་འདུག་པས་ཁོ་རང་རབ་ཏུ་དགའ་ཡང་། ཨ་ཞང་ཚེ་བརྟན་ལགས་ནི་ད་སྔ་མཐོང་མ་མྱོང་བའི་ཁར་ཧ་ཅང་མི་བུ་སྟོབས་ཅན་དང་སྨྲ་ར་རིང་པོ་ཅན་ཞིག་ཏུ་འདུག་པས་ཁོ་རང་ལེགས་སྐྱེས་དེ་དག་ལེན་ཏུ་འགྲོ་མ་ཕོད།  འོན་ཀྱང་།  ཅུང་ཙམ་འགོར་རྗེས་ཨ་ཞང་ལགས་ཀྱང་ལམ་ལ་འགྲོ་གྲབས་བྱས་སོང་བས་ཕུན་ཚོགས་ཀྱི་ཐག་ཉེ་རུ་ཡོང་ནས"ལྷ་སྒྲོན་གྱི་ཁར་ཉོན་ལ་ནོར་རྫི་ཡག་པོ་སོང་།  རྗེས་ནས་ཆེ་རུ་ཕྱིན་པ་ན་ངས་ཁྱོད་སློབ་གྲྭར་འཇོག་ཆོག"ཅེས་བཤད་ནས་སྒོ་རུ་བུད་སོང་ལ།ཕུན་ཚོགས་ལིངས་མ་སྟབས་ཀྱིས་མྱུར་མོར་རིག་མ་མྱོང་བའི་རྩེད་ཆས་དེ་དག་གི་ཉེ་སར་རྒྱུག་ནས་ལག་ཏུ་བླངས་བ་དང་།  རྩེད་ཆས་དེ་དག་དང་མཉམ་དུ་ཧ་ཅང་རྙིང་བའི་ཕྲེང་བ་སེར་པོ་ཞིག་འདུག་པ་དེ་ནི་ཨ་མ་ལྷ་སྒྲོན་གྱིས་ཕུན་ཚོགས་ཀྱི་སྐེ་ལ་བསྐོན་ནས།"དེང་ཕྱིན་ཆད་གནས་སྐབས་ཅི་འདྲ་ཞིག་བྱུང་ཡང་ཕྲེང་བ་འདི་གཏན་ནས་འབོར་མི་ཆོག"ཅེས་ཨ་མ་ལགས་ནས་ཡང་ཡང་སྨྲས་མཐར་མ་བུ་གཉིས་ཀ་གཉིད་དུ་ཡུར།  

ལེའུ་གཉིས་པ།

    ཕུན་ཚོགས་ད་ལོ་ལོ་བདུན་ཡིན་ལ། ཨ་མ་ལྷ་སྒྲོན་ནས་འབྲོག་པའི་འཚོ་བ་ལ་དཀའ་སྡུག་ཆེ་བ་དང་ཕུན་ཚོགས་ཀྱང་སློབ་གྲྭ་འགྲོ་བར་དཀའ་ལས་ཆེ་བར་བསམ་ནས་ནོར་ལུག་བརྒྱད་ཅུ་་ལྷག་ཡོད་པ་ལ་ལ་བཙོང་བ་དང་།ལ་ལ་ཞིག་ཨ་ཞང་ཚང་དུ་བཅོལ་རྗེས་ཁོང་གཉིས་གྲོང་རྡལ་དུ་གནས་སྤོས།  གྲོང་རྡལ་དེ་རུ་ཁོང་གཉིས་ཆ་རྒྱུས་ཡོད་པ་ནི་ཕུན་ཚོགས་ཀྱི་ཁུ་བོ་ཚང་ཁོ་ན་ལས་གཞན་ཞིག་མེད་པས་གནས་སྐབས་ལ་ཁུ་བོ་ཚང་གི་ཁྱམས་རའི་ནང་གི་ཁང་ཆུང་ཞིག་གཡར་ནས་དེ་རུ་བསྡད། དེའི་རྗེས་སུ་སློབ་གྲྭ་འཚོགས་རན་སོང་ལ།  སློབ་མ་གསར་བའི་མིང་ཐོ་འགོད་བཞིན་པ་ཐོས་འཕྲལ་ཕུན་ཚོགས་དང་ཁོའི་ཨ་མ་གཉིས་སློབ་གྲྭར་སོང་ནས་མིང་ཐོ་བཀོད་པར་བྲེལ་ཡང་ཕུན་ཚོགས་ལ་ད་དུང་ཐོབ་དཔང་མེད་པར་མ་ཟད་ཁྱིམ་ཐོ་ཡོད་ན་འགྲིག་ཀྱང་དེ་ནི་འབྲོག་པ་སྡོད་ས་དེ་ནས་ལུས་པས་ཅི་བྱ་གཏོལ་བྲལ་དུ་གྱུར་བས་རེ་ཞིག་ཁྱིམ་ལ་ལོག་དགོས་ཁེལ་སོང་། ཁྱིམ་ལ་ཐོན་དུས་ས་སྲོས་ལ་ཁེལ་ཡང་ཁོང་གཉིས་ནོར་ལུག་ལྷས་ལ་བསྐོར་བ་སོགས་གོམས་ལོབས་སུ་གྱུར་འདུག་པས་ཧ་ཅང་ཁོམ་ནས་ཅི་བྱ་འདི་བྱེད་མེད་པར་ཁང་ཆུང་དེ་ནས་དགོང་ཇ་སྔ་མོ་ནས་བཀོལ་ཏེ་ཉིན་དེའི་དཀའ་སྣང་རབ་ཏུ་ཆེ་བས་ངལ་དུབ་དང་བཅས་སྔ་མོ་ནས་ཉལ།  ཕུན་ཚོགས་ནི་གཉིད་དུ་ཡུར་སོང་ལ་ཨ་མ་ལྷ་སྒྲོན་ནས་ནོར་ལུག་དེ་དག་བཙོང་ཟིན་པ་དག་ཡིད་ལ་དྲན་པས་སྐད་ཅིག་ལ་སེམས་སུ་གཟེར་བྲང་བྲེང་བྱེད་ཡོང་ལ།  རྗེས་ཀྱི་འཚོ་བ་ལ་བསམ་གཞིག་བཏང་ན་ལྷག་ཏུ་གཉིད་མི་ཁུག་པ་ཞིག་བྱུང་།  འོན་ཏང་།  དེ་ལྟར་དུས་ཚོད་འགའ་ལ་འགོར་རྗེས་དུས་རྒྱུན་དུ་མལ་གསོ་བའི་དུས་ཚོད་ལ་སླེབས་པས་ཨ་མ་ལྷ་སྒྲོན་ཡང་གཉིད་དུ་ཡུར་སོང་། ཕྱི་ཉིན་ཞོགས་པ་སྔ་མོ་ནས་ཨ་མ་ལྷ་སྒྲོན་ཡང་རྐང་ཐང་དུ་འབྲོག་པའི་མཚེར་ས་རུ་ཁྱིམ་ཐོ་ལེན་དུ་འགྲོ་དགོས་ཁེལ་སོང་ལ།  འབྲོག་ས་དང་གྲོང་རྡལ་དེ་གཉིས་ཀའི་བར་ན་སྤྱི་ལེ་བཞི་བཅུ་ལྷག་ཡོད་ཀྱང་ཕུན་ཚོགས་སློབ་གྲྭར་འགྲོ་ཐུབ་པའི་དགའ་སྣང་དེ་ཡིད་ལ་འཕོས་པ་ན་གནས་སྐབས་ཀྱི་དཀའ་སྡུག་ཡོད་ཚད་དང་དུ་ལེན་ཐུབ་པའི་སྤོབས་པ་ཞིག་རིམ་གྱིས་ཇེ་ཆེར་ཕྱིན་སོང་། 

ལེའུ་གསུམ་པ།

       ཕུན་ཚོགས་ད་ལོ་ལོ་བརྒྱད་ཡིན་ལ། ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོ་ཡིན། ཁོ་ནི་སློབ་སྦྱོང་ལ་ཧུར་བརྩོན་བསྐྱེད་པའི་སློབ་མ་ཡ་རབས་ཤིག་ཡིན་ལ།  འཛིན་གྲྭ་དེ་ཡི་མི་སུམ་ཅུ་སོ་གཉིས་ཀྱི་ནང་ནས་སློབ་སྦྱོང་རྩེ་གྲ་ཡིན་པས་ཨ་མ་ལྷ་སྒྲོན་གྱི་སེམས་སུ་སྨྲོས་མི་ཤེས་པའི་དགའ་སྣང་ཞིག་རིམ་གྱིས་འཕོས་བྱུང་། ད་ནི་ཁོང་གཉིས་ལ་ཡང་རང་ཉིད་ལ་དབང་བའི་ཁང་བ་ཞིག་ཀྱང་ཡོད་པས་ཨ་མ་ལྷ་སྒྲོན་གྱི་སེམས་ཀྱི་དཀའ་སྣང་དང་མནོ་བསམ་ཡང་རིམ་གྱིས་ཇེ་ཉུང་རུ་ཕྱིན་སོང་། དེ་ལྟར་ཨ་མ་ལྷ་སྒྲོན་ནས་སྔ་མོར་དུས་ཚོད་བརྒྱད་དང་ཕྱེད་མཚམས་ནས་ཕུན་ཚོགས་སློབ་གྲྭ་བསྐྱལ་རྗེས་ཕྱིར་ཁྱིམ་དུ་ལོག་ཀྱང་ལས་ཀ་དེ་ཙམ་མེད་པས་འདུག་ཐབས་མེད་པའི་སྣང་ཚུལ་དེ་ཡིས་བྱ་བ་རྩག་རྩིག་ཞིག་ཨེ་རག་ལ་འབད་འབུང་བྱས་པས་སློབ་གྲྭའི་སྒོ་ཐད་ཀྱི་ཞོར་ཟས་ཁང་དུ་ཞབས་ཞུ་བ་ཞིག་འདུག་སར་རྙེད་པས་དགའ་སྣང་ཞིག་གིས"ད་ནི་འགྲིག་སོང་། ཕུན་ཚོགས་སློབ་གྲྭར་བསྐྱལ་རྗེས་འདི་རུ་ཡོང་ནས་ལས་ཀ་བསྒྲུབ་ན་ཉི་མ་འགྲོ་ཐབས་ཡག་པོ་ཞིག་རེད་ལ། ཡོང་སྒོ་ཡང་ཉུང་ངུ་རེ་འདུག་ཨང་།"དེ་ལྟར་བསམ་ནས་གདོང་ལ་འཛུམ་མདངས་ཤིག་ཀྱང་ངང་གིས་སླེབས། དེ་ནས་ཕུན་ཚོགས་སློབ་གྲྭར་བསྐྱལ་རྗེས་ཨ་མ་ལྷ་སྒྲོན་ནས་ཚོང་ཁང་དེ་ནས་ཞབས་ཞུ་བ་བྱས་ནས་ཟླ་གཅིག་ལ་སླེབས་ཀྱང་ཚོང་ཁང་འདིའི་ཚོང་བདག་ནི་ཧོས་རིགས་ཤིག་ཡིན་པ་དང་མ་རབས་ཤིག་ཀྱང་ཡིན་པས་ཟླ་ཕོགས་མ་སྤྲད་པར་མ་ཟད་ལན་རེར་བཅར་བརྡུང་ཡང་བྱས་པས་ཨ་མ་ལྷ་སྒྲོན་སེམས་ཐག་རབ་ཏུ་ཆད་ཀྱང་ཕུན་ཚོགས་ལ་དེ་ལྟར་མ་བཤད་པར་རེ་ཞིག་བཏང་སྙོམས་སུ་བཞག  ཕུན་ཚོགས་ཀྱང་སློབ་གྲྭའི་ནང་གི་སློབ་སྦྱོང་ཡག་གྲས་ཡིན་པས་ལ་ལ་ཞིག་མི་དགའ་བ་དང་ཕྲག་དོག་གི་དབང་གིས"ཁྱོད་ཀྱི་ཨ་མ་ལ་ལྟོས་དང་། ཧོས་རིགས་རྒད་ཕོ་དེ་ཡི་ཆུང་མ་ཡིན་པ་དང་། ཁྱོད་ཀྱི་ཨ་ཕ་ནི་ཧོས་རིགས་པ་ཞིག་ཡིན་པས་སྙིང་རྗེ་བ་ལ་ཨང་།"ཞེས་ངན་སྨྲས་སྣ་ཚོགས་ཤིག་བྱས་ཀྱང་ཨ་མ་ལྷ་སྒྲོན་ལ་གང་ཡང་མ་བཤད་པས་ཁྱིམ་ལ་ལོག་དུས་གཉིས་ཀ་ཧ་ཐང་ཆད་པའི་ལོ་ཟླ་ཞིག་མི་བསྐྱལ་ཐབས་མེད་བྱུང་།

ལེའུ་བཞི་པ།

     ཕུན་ཚོགས་ད་ལོ་ལོ་བཅུ་གཉིས་ཡིན་ལ། ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོ་ཡིན། ད་ལོ་ཨ་མ་ལྷ་སྒྲོན་ཡང་གློ་གཅོང་ན་བས་ཚོང་ཁང་དེ་རུ་ཞབས་ཞུ་བ་འགྲོ་བཞིན་མེད་ལ། ཕུན་ཚོགས་ཀྱང་ཆེ་རུ་ཕྱིན་པས་དགོང་མོའི་ཟ་མ་ཕལ་ཆེར་ཁོས་གཡོ་བསྐོལ་བྱེད་བཞིན་ཡོད། ད་ལོ་ཕུན་ཚོགས་ཀྱང་སློབ་འབྲིང་གི་སྒོ་ཐེམ་རྫི་ལ་ཉེ་བས་སློབ་སྦྱོང་གི་མནོན་ཤུགས་ཧ་ཅང་ལྕི་ཡང་།ཨ་མ་ཞོར་ནས་མི་གཡོག་ཐབས་མེད་དུ་གྱུར་བས་ཨ་མ་ལྷ་སྒྲོན་གྱིས་རྒྱུན་དུ"ང་འདི་ལྟར་ད་དུང་མ་དྲག་ན། ཕུན་ཚོགས་ཀྱི་སློབ་སྦྱོང་ལ་གནོད་པ་བྱས་ཡོང་།"དེ་ལྟར་བསམ་པས་སེམས་ལ་འཚུབ་ཆ་ཞིག་ལངས་བས་ཉིན་དེར་ཨ་མ་ལྷ་སྒྲོན་རང་གི་མིང་བོ་དང་མཉམ་དུ་རྫོང་སྨན་ཁང་དུ་འགྲོ་བར་ཐག་བཅད་བྱས། ཕུན་ཚོགས་སྔར་བཞིན་སློབ་གྲྭར་འགྲིམས་ཀྱང་སེམས་ཀྱི་འགན་འཁྲི་ཇེ་མང་དུ་ཕྱིན་པ་དང་ཁྱིམ་གྱི་ལས་ཀ་དང་ཨ་མ་ལྷ་སྒྲོན་ལ་ཡང་བསམ་བློ་ཡང་ཡང་དུ་གཏོང་བས་སློབ་སྦྱོང་ལ་སེམས་རྩེ་གཅིག་ཏུ་སྒྲིམས་མ་ནུས་ལ། ད་དུང་ཕུན་ཚོགས་དང་སྡེ་བ་གཅིག་པའི་སློབ་མ་མ་རབས་འགའ་ཡིས་རྒྱུན་དུ"ཁྱོད་རང་སྙིང་མ་རྗེ།ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཁྱོད།སློབ་སྦྱོང་ཅི་འདྲ་ཡག་རུང་ཅི་ཕན།"ཞེས་མནོ་བསམ་ཆེ་བའི་སྐད་ཆ་དེ་རྒྱུན་དུ་བཤད་པས་ཕུན་ཚོགས་ཀྱི་སེམས་སུ་སྨྲོས་མི་ཤེས་པའི་སྡུག་བསྔལ་གྱི་རླབས་ཕྲེང་ཞིག་རིམ་གྱིས་འཕྱུར་བས་དགོང་མོ་གཉིད་ཐབས་མེད་ལ་ཉིན་དཀར་ཟས་ཟ་བར་མི་སྤྲོ་བ་ཞིག་ཏུ་གྱུར་སོང་། སློབ་སྦྱོང་ཡང་སྡུག་ནས་སྡུག་རུ་ཕྱིན་པས་དགེ་རྒན་དང་སློབ་གཙོ་གཉིས་ནས་ཀྱང་གཞུང་ལས་ཁང་དུ་ལན་མང་དུ་འབོད་དགོས་ཁེལ། དེ་ལྟར་ཉིན་འགར་ཕྱིན་པས་ཨ་མ་ལྷ་སྒྲོན་སྨན་ཁང་ནས་ཕྱི་རུ་ཐོན་ཡང་ཕུན་ཚོགས་ལ་སྤྲོ་སྣང་དེ་ཙམ་མེད་པར་མ་ཟད་སློབ་གྲྭའི་ནང་གི་སློབ་མ་ཐ་ཤལ་དེ་དག་གིས་གཏམ་ངན་དེ་གང་སར་བསྒྲགས་པས་སློབ་གྲྭ་དེར་འགྲོ་འདོད་མེད་པ་ཞིག་ཀྱང་གྱུར་སོང་།  འོན་ཀྱང་།  དེ་ནི་ཨ་མ་ལྷ་སྒྲོན་ལ་གཏན་ནས་བཤད་མ་ནུས།

ལེའུ་ལྔ་བ།

    ཕུན་ཚོགས་ད་ལོ་ལོ་བཅོ་ལྔ་ཡིན་ལ།  ཟླ་གཅིག་གི་རྗེས་སུ་ཁོ་རང་སློབ་འབྲིང་གི་སྒོ་ཐེམ་རྫི་ལ་ཉེ་བ་དང་། ཟླ་འདི་ནི་སློབ་གྲྭའི་གུང་གསེང་ཡིན་པས་ཨ་མ་ལྷ་སྒྲོན་དང་མཉམ་དུ་འབྲོག་པ་སྡོད་སའི་འདྲེ་ལུང་སྒོ་རུ་བུད་སོང་།  ཕྱི་ཉིན་དེར་ཨ་མ་ལྷ་སྒྲོན་དང་མཉམ་དུ་དབྱར་རྩ་བསྐོ་སར་ཕྱིན་པ་དང་དེ་རུ་དར་ལྕོག་དམར་སེར་འགའ་རེ་བསྒྲེངས་བ་དང་མ་ཎི་རྡོ་འབུམ་འགའ་ཡང་རྩིག་ཡོད་པ་མཐོང་བས། ཕུན་ཚོགས་ཀྱིས"ཨ་མ།ས་སྟོང་འདི་འདྲ་ཞིག་ལ་མ་ཎི་དང་དར་ལྕོག་བཙུགས་ནས་ཅི་བྱ་དགོས་རེད།  འདི་སུ་ཞིག་གིས་བརྩིགས་པ་རེད།"དེ་ལྟར་ཡང་ཡང་དྲིས་པས་གློ་བུར་དུ་ཨ་མ་ལྷ་སྒྲོན་ཡང་སེམས་ལ་ཟུག་གཟེར་ལྡང་བ་དང་སྨྲོས་མི་ཤེས་པའི་སྐྱོ་བ་ཞིག་སླེབས་པས་གདོང་ནས་མིག་ཆུ་བར་མཚམས་མེད་པར་བཞུར། "ཅི་རེད་ཨ་མ། ངས་ཅི་ཡིན་མ་ཤེས་པར་དྲིས་པ་ཡིན།དེང་ཕྱིན་ཆད་དེ་འདྲ་མི་འདྲི།"ཕུན་ཚོགས་ཀྱིས་དེ་ལྟར་བཤད་ཀྱང་ཨ་མ་ལྷ་སྒྲོན་སྔར་བཞིན་ཡང་ཡང་ངུས་པས་ཕུན་ཚོགས་ཀྱང་ཨ་མ་ལྷ་སྒྲོན་གྱི་འཁྲིས་སུ་ཕྱིན་པ་ན། ཨ་མ་ལྷ་སྒྲོན་གྱིས་ཧ་ཅང་ཉམ་ཐག་པའི་སྐད་གདངས་ཤིག་གིས“ཆར་བ་ཤུགས་དྲག་འབབ་པའི་ས་སྲོད་ཅིག་ལ་འུ་ཚང་གི་ནོར་ལུག་རི་སྒང་ནས་བོར་བས་ཁྱོད་ཀྱི་ཨ་མ་རྐང་ཐང་དུ་ནོར་ལུག་འཚོལ་དུ་སོང་བ་དང་།  རི་མགོར་སྨུག་པས་བཏུམས་ནས་ནོར་ལུག་རྙེད་ཐབས་མ་བྱུང་བས་ཕྱིར་ཁྱིམ་དུ་ལོག་པའི་ལམ་ཁ་ནས་འབྲུག་སྒྲ་རབ་ཏུ་གྲགས་པ་དང་གློག་དམར་ཧྲལ་བོ་ཞིག་ཡང་ཡང་འཁྱུག་པས་ཁྱེད་ཀྱི་ཨ་མ་གནས་འདི་ནས་གྲོངས་སོང་ལ། དགོང་མོ་དེར་ཆར་ཞོད་རབ་ཏུ་ཆེ་བས་ཁྱོད་ཀྱི་ཨ་ཕྱི་ཡིས་ཁྱོད་རང་རྒྱབ་ཏུ་ཁུར་ནས་ཨ་ཞང་དང་མཉམ་དུ་ཨ་མ་འཚོལ་དུ་སོང་བ་དང་།བར་སྐབས་ཤིག་ནས་རི་གཤོང་འདི་ནས་བེམ་རོ་མཐོང་བ་དང་ཨ་ཕྱི་ཡང་སྡུག་བསྔལ་བཟོད་དུ་མེད་པ་ཞིག་གིས་བརྒྱལ་ནས་ཨ་ཞང་གིས་ཁུར་ནས་ཁྱིམ་དུ་བསྐྱལ་ཡང་།  དེའི་རྗེས་ནས་སྡུག་བསྔལ་དེ་དག་སེམས་ནས་མི་བཟོད་པར་སྙིང་རླུང་ཡང་ཡང་ལྡང་བས་ཨ་ཕྱི་ལགས་ཀྱང་འདས་གྲོངས་སུ་གྱུར་བ་རེད།”དེ་ལྟར་བཤད་པས་ཨ་མ་ལྷ་སྒྲོན་གྱིས་མི་ལོ་བཅུ་དྲུག་ལ་ཁོག་ཏུ་སྦས་པའི་གཏམ་རྒྱུད་དེ་བཤད་པ་ན་བཟོད་དུ་མེད་པའི་སྡུག་བསྔལ་དེ་ཡིས་སྙིང་རླུང་ལྡང་བས་ཁ་མལ་དེ་ནས་བརྒྱལ་སོང་བས་ཕུན་ཚོགས་ཀྱིས་ཨ་མ་ལྷ་སྒྲོན་ཁུར་ནས་ཁྱིམ་དུ་ལོག་པ་ན"འོ་ན།ཨ་མ་ལྷ་སྒྲོན་ངའི་ཨ་མ་མ་ཡིན་ནམ།"དེ་ལྟར་རང་གིས་རང་ལ་ཡང་ཡང་འདྲི་དགོས་ཁེལ་ལ།དེ་ནི་ཧ་ཅང་བློས་དཔོག་དཀའ་བའི་གནས་ཤིག་ཏུ་གྱུར་བ་དང་། ཕུན་ཚོགས་ཀྱིས་ཀྱང་སྐྱི་གཡའ་བའི་གཏམ་རྒྱུད་དེ་ཐོས་རྗེས་ངུ་རྒྱངས་མང་པོ་བྱས་ཀྱང་།སླར་ཡང་ཕ་ཤུལ་བུ་དང་མདའ་ཤུལ་སྒྲོ་ཞེས་པ་ལྟར་རང་གིས་རང་ལ་སྤོབས་པ་བསྐྱེད་ནས་སློབ་སྦྱོང་མུ་ནས་བྱས་ཤིང་། ཨ་མ་ལྷ་སྒྲོན་ལ་ཡང་སྔར་བཞིན་ཞབས་ཞུ་གང་ལེགས་ཞུས་པའོ།།

 ཞེས་ཕྱི་ལོ2019ཕྱི་ཟླ8ཚེས9ཉིན་བྲིས།

ན་གཞོན་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

དངོས་ཀྱི་ཡེ་ལ་བསྟན་འཛིན་རྣམ་དག་དང་མིང་གཞན་བེ་མདའ་རུ་འབོད།  ༡༩༩༨ལོར་དབལ་ཤུལ་ཨོ་ཐོག་ཏུ་སྐྱེས།  སྔ་གཞུག་ཏུ་སྒེར་དེབ་རུས་གསེང་གི་གླིང་བུ་དང་ཚོར་བའི་གཏམ་བྱ་བ་གཉིས་ཕུད།   དུས་དེབ་དང་དྲ་བ་ཁ་ཤས་སུ་རྩོམ་ཡིག་འགའ་རེ་སྤེལ་ཞིང་༢༠༡༦ལོ་ནས་གཞས་ཚིག་བྲིས་པས་ཀུན་གྱིས་དགའ་བསུ་ཐོབ།   ད་ལྟ་དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་ཉག་ཆུ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།  ཨ་གསལ་རི་བོ་དུས་དེབ་ཀྱི་རྩོམ་སྒྲིག་པ་བཅས་སོ།།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འདྲེ་ཇོ་རུ སྤེལ་དུས:2020/3/4
ཡིག་ནོར་ཚད་ལས་རྒལ་འདུག་འདོད
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
19102314
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号