ས་མཐའི་ཡབ་ཆེན་དྲན་པའི་མིག་ཆུ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ས་མཐའི་ཡབ་ཆེན་དྲན་པའི་མིག་ཆུ།
ས་མཐའི་ཡབ་ཆེན་དྲན་པའི་མིག་ཆུ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/3/21ལྟ་ཀློག (561)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄།ས་མཐའི་ཡབ་ཆེན་དྲན་པའི་མིག་ཆུ།


ཐེ་བོ་དཀོན་སེང་།
རབ་དཀར་འོ་མཚོའི་རླབས་ཕྲེང་འཕྱོ་བ་ལས།།
རབ་མཛེས་ལྷ་མོའི་བཞིན་ལག་ལྷུན་རྫོགས་པ།།
ལྟ་བས་མི་ངོམས་ཚངས་པའི་སྲས་མོ་མཆོག།
བདག་མགྲིན་པད་མའི་གདན་ལ་རྟག་བཞུགས་མཛོད།།

དགུན་གྱི་ཁ་བ་དཔྱིད་ཉི་སྣང་བས་བཞུས།།
སྨིག་རྒྱུའི་ཆུ་ཕྲན་འཁྲུལ་བའི་ཀློང་ནས་ཡལ།།
རུ་མཐའི་ཁྱི་ལྡོམ་ལྟོགས་སྐད་འབྱིན་བཞིན་ཤི།།
གནས་ཚུལ་འདི་ཡིས་ས་མཐའི་ཡབ་ཆེན་དྲན།།

ནང་གི་དམིགས་ཡུལ་གང་ལ་གཏད་ན་ཡང་།།
ཕྱི་ཡི་བསགས་ཕུང་བསིལ་བའི་ངང་ནས་འཛད།།
ད་དུང་རེ་བའི་མིག་ཟུང་ཅེར་བཞིན་དུ།།
ས་མཐའི་ཡབ་ཆེན་མཇལ་བར་རེ་ཞིང་སྒུག།

བྱང་གི་ལྷགས་པ་ལྡང་བའི་གྲང་ངར་གྱིས།།
མི་བཟོད་གདུང་བའི་ཚོར་བ་གནས་འདིར་རྒྱས།།
ཆོ་ངེའི་སྒྲ་ཡིས་ལྷིང་འཇགས་དཀྲོགས་པ་ན།།
ས་མཐའི་ཡབ་ཆེན་དྲན་པའི་མིག་ཆུ་ཤོར།།

ཁ་བའི་བླ་སྲོག་རྟ་རྔ་ཆད་ལ་ཉེ།།
ནང་མིའི་རང་གཤིས་མི་བརྟན་ལྦུ་བར་གྱུར།།
མེས་པོའི་དབྱངས་རྟ་བྲག་ཆ་སྙན་མོར་ཐིམ།།
སེམས་པ་ས་མཐའི་ཡབ་ཆེན་ཕྱོགས་སུ་འཁྲེང་།།

རིགས་ཀྱི་རང་ཚུགས་འཇའ་ཚོན་རིས་ལྟར་ཡལ།།
ཁྱི་སྤྱང་ངན་འབྲེལ་བྱས་ཏེ་གདོང་ལྔར་བརྫུས།།
ཀླད་སྟོང་མང་བོ་མི་དཔྱོད་ཅལ་རྗེས་བསྙེགས།།
ས་མཐའི་ཡབ་ཆེན་མཇལ་བར་བྲེལ་ཅིང་བྲེལ།།

རང་ཚོད་མི་ཟིན་ཆུ་སྣ་གར་ཁྲིད་འགས།།
ཆེ་ཆེ་མཐོ་མཐོའི་རྗེས་སུ་འུར་རྒྱུག་བྱེད།།
དམའ་བའི་མགོ་བོ་ཡིན་ཡང་རྡོག་པས་གནོན།།
ཚུལ་འདིས་སེམས་ཀྱི་གཤོག་པར་རླུང་གིས་སྤུར།།

མ་བསླབས་གནས་ཀུན་ཀུན་མཁྱེན་ཡིན་སྣང་ཤར།།
ཚོགས་ཀྱིས་བཀུར་ཚེ་འཇིག་རྟེན་བྱེད་པོར་རློམ།།
འཁྲུལ་བའི་སྐྱིད་སྣང་རི་རྒྱལ་བཞིན་དུ་མཐོ།།
སྨྱོན་པའི་ཡུལ་ལས་མྱུར་དུ་ཐར་ན་སྙམ།།

མི་མཛད་དགུ་མཛད་ལས་འགུལ་སྣ་ཚོགས་ཀྱིས།།
ཁོར་ཡུག་མི་བདེ་ཀླད་ཁྲག་བཞིན་དུ་དཀྲུགས།།
མི་མཐུན་ཚ་གྲང་འཐབ་པའི་གཡུལ་བཤམས་འདིས།།
སེམས་པ་ས་མཐའི་ཕྱོགས་ལ་ཤོར་རྐྱང་བྱས།།

རང་བབ་ལས་འགན་རང་གིས་མི་བསྒྲུབ་པར།།
ཆོས་སྲིད་ཀུན་ལ་སྲེད་པས་ལག་བསྙབས་བྱས།།
རྒྱལ་བོ་ཀྲི་ཀྲིའི་རྨི་ལྟས་མངོན་དུ་གྱུར།།
ལུས་སེམས་འཆར་བའི་ནང་བརྙན་ཤིན་ཏུ་མང་།།

གུ་དོག་འབྱུང་བྱའི་ཐན་སྐད་འཛེར་པོ་འདིས།།
ལྷིང་འཇགས་ཏིང་འཛིན་བདེ་ཉམས་མང་དུ་དཀྲོགས།།
གཏད་སོ་མེད་པའི་མི་རྟག་འགྱུར་བག་འདིས།།
གྲྭ་རྐྱང་སེམས་པ་ས་མཐའི་ཕྱོགས་སུ་བརྫོངས།།

མདུན་ན་རྒྱུ་བའི་སྒྱུ་མའི་ཡོ་ལང་དག།
འཁྲུལ་བློའི་སྣང་བར་བདེན་པའི་ཉམས་ཤར་ཡང་།།
དཔྱོད་ན་རྫུན་རྐུབ་རྡོལ་བའི་གཤིས་ངོམ་པས།།
རང་སེམས་ས་མཐའི་ཡབ་ཆེན་ཕྱོགས་སུ་འཁྲེང་།།

དྲན་པའི་སྣང་བ་རླུང་གིས་སྤུར་བྱས་ཏེ།།
འཆར་ཡན་ངག་རིག་འཆིང་ཐག་ལྷོད་པ་ལས།།
ས་མཐའི་ཡབ་ཆེན་དྲན་པའི་གླུ་ཆུང་འདི།།
ཐེ་བོ་དཀོན་སེང་ངག་ནས་དབང་མེད་ཐལ།།

ཞེས་པ་འདི་བོད་རབ་རྒྱན་ལྕགས་བྱི་ལོའི་སྤྱི་ཟླ/༣/ཚེས༢༡/ཐེ་བོ་དཀོན་སེང་དུ་འབོད་པས་མཚན་ཐུན་ཞིག་ལ་སྐྱོ་ཤས་ཀྱི་སྣང་བ་ཞིག་གིས་རྐྱེན་བྱས་ཏེ་ཆོས་སྒྲ་བར་མ་ཆད་དུ་སྒྲོག་པའི་དབེན་གནས་ལྷ་མོ་ཀིརྟི་དགོན་གྱི་རང་ཤག་ཆོས་རིག་ལྡིང་བའི་དགའ་ཚལ་ནས་ཤར་མར་བྲིས་པ་དགེའོ།།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30s6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
17667554
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号