ཐུན་མོང་གི་བལྟ་བྱ་ལ་དཔྱད་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 9 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཐུན་མོང་གི་བལྟ་བྱ་ལ་དཔྱད་པ།
ཐུན་མོང་གི་བལྟ་བྱ་ལ་དཔྱད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/4/27ལྟ་ཀློག (1076)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཐུན་མོང་གི་བལྟ་བྱ་ལ་དཔྱད་པ།

ནང་དོན་གནད་བསྡུས།   
    འདིར་ཐུན་མོང་གི་བལྟ་བྱ་དེ་གང་ཡིན་ལས་གླེང་སྟེ་བལྟ་བྱ་ལ་རིགས་གསུམ་དུ་དབྱེ་ཚུལ་ཞིབ་འབྲི་བྱས་པའི་དགག་རྩོམ་ཞིག་ཡིན་ལགས།

བརྡ་ཆད་གཙོ་བོ།   
  ཐུན་མོང་གི་བལྟ་བྱ།    གནས་སྐབས་ཀྱི་གནས་སྐབས་ཀྱི་བལྟ་བྱ།  གནས་སྐབས་ཀྱི་མཐར་ཐུག་གི་བལྟ་བྱ།   མཐར་ཐུག་གི་བལྟ་བྱ། 

ན་མོ་མཉྫུ་ཤྲཱི་ཡེ།

མཚར་སྡུག་ལང་ཚོས་སྤུད་པའི་འཇམ་དབྱངས་ལ།།
དད་པའི་མེ་ཏོག་གངས་དཀར་འདབས་ནས་གཡོ།།
གཡོ་བའི་རླབས་ཀྱིས་ཤེས་རབ་དབེན་པའི་མི།།
བརྩེ་བའི་ཡུལ་དུ་བརྩེ་བས་ད་དྲོངས་ཤིག།

ཡིད་འདི་གཞུང་ལུགས་ཟབ་མོ་དང་འདྲེས་ཕྱིར།།
ཟུར་ཕུད་ལྔ་པར་གསོལ་བ་འདེབས་ཞོར་དུ།།
ཟབ་མོ་སྟོང་བ་ཉིད་ཀྱི་བརྗོད་གཞི་ཞིག།
འབྲི་བའི་ངལ་བ་དགའ་བས་དང་དུ་ལེན།།

      དེ་ཡང་ཇི་སྐད་དུ།   མཆོད་བརྗོད་ཕྱག་བྱ་ངོ་བོ་དང་།།ངེས་པར་བསྟན་པའང་དེ་ཡི་སྒོ།།ཞེས་གསུངས་པ་ལྟར་ཡུལ་གོང་མ་རྣམས་ལ་མཆོད་པར་བརྗོད་པས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི།    དེ་ཡང་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་ཤེས་བྱའི་མཚན་ཉིད་ཀྱི་ལེའུ་སྟེ་གཉིས་པ་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་།།ལྷ་རྣམས་ཅི་ལྟར་རིགས་རིགས་སུ།།དངོས་གཅིག་ཡིད་ནི་ཐ་དད་ཕྱིར།།དོན་མ་གྲུབ་པར་འདོད་པ་ཡིན།།ཞེས་པའི་སྐབས་སུ་ཐ་སྙད་ལ་གནས་ཚུལ་དང་སྣང་ཚུལ་གཉིས་སུ་ཕྱེ་བའི་གནས་ཚུལ་དུ་ཕྱི་དོན་རྡུལ་གྲུབ་ཅིག་མེད་པར་ཕྱི་ནང་གི་དངོས་པོ་རྣམས་ནང་སེམས་ཀྱི་བདག་ཉིད་དུ་གྲུབ་པར་ཁས་ལེན་པའི་སྐབས་ཡོད་པར་བསྟན་པ་ལ་བརྟེན་ཏེ་སེམས་ཙམ་མངོན་པའི་ང་རྒྱལ་ཅན་དག་གིས་དོན་དཔྱོད་རིགས་པས་དཔྱད་ཀྱང་ཁེགས་མི་སྲིད་པའི་གཉིས་སྟོང་གི་རྣམ་ཤེས་བདེན་གྲུབ་ཅིག་ཁས་བླངས་པ་ལ་དཔལ་ལྡན་ཐལ་འགྱུར་བས་དགག་པ་བརྗོད་དེ་ཡུལ་ཡུལ་ཅན་གཉིས་དོན་དམ་དུ་མེད་མཉམ་དང་ཀུན་རྫོབ་ཏུ་ཡོད་མཉམ་དུ་བསྟན་པའི་ལན་དུ་མི་སྡུག་པ་བསྒོམ་པའི་ཡིད་ངོར་ཀེང་རུས་སྣང་བ་དང་ཆུ་འབབ་པའི་ཀླུང་ལ་ཡི་དྭགས་རྣམས་གྱིས་རྣག་ཉིད་དུ་སྣང་བ་སོགས་མི་འཐད་པར་ཐལ་བ་སྨྲས་པར། དབུ་མ་ལ་འཇུག་པའི་སེམས་བསྐྱེད་པ་དྲུག་པ་ལས། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ།།ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། ། ཞེས་ལོག་ཤེས་སུ་བཤད་པ་དེ་ལས་ཅུང་འཕྲོས་ཏེ་ཐུན་མོང་གི་བལྟ་བྱའི་སྐོར་ལ་རགས་ཙམ་དཔྱད་པ་ལ་དགག་བཞག་སྤང་གསུམ་ལས།
དང་པོ་གཞན་ལུགས་དགག་པ་ལ།
ཐུན་མོང་གི་བལྟ་བྱ་ཡོད་པར་འདོད་ཚུལ་དགག་པ་དང་ཐུན་མོང་གི་བལྟ་བྱ་མེད་པར་འདོད་ཚུལ་དགག་པ་སྟེ་གཉིས།
དང་པོ་ལ་ཐུན་མོང་གི་བལྟ་བྱ་ཆུར་འདོད་ཚུལ་དགག་པ་དང་བརླན་གཤེར་ཙམ་འདོད་ཚུལ་དགག་པ་གཉིས་ལས། དང་པོ་ནི།
ཀུན་མཁྱེན་བླ་མ་མི་ཕམ་པས་མཛད་པའི་ངེས་ཤེས་སྒྲོན་མེ་ལས།ལ་ལས་ཐུན་མོང་བལྟ་བྱ་དེ།།ཆུ་ཡིན་དེ་མཐོང་ཡུལ་ཅན་རྣམས།།ཀུན་ཀྱང་ཚད་མ་ཡིན་ཞེས་ཟེར།།ཞེས་ཕྱོགས་སྔར་བཀོད་དེ་འདོད་པ་བརྗོད་པ་ལྟར་རྗེ་བདག་ཉིད་ཆེན་པོ་སོགས་བོད་ཀྱི་མཁས་དབང་ཁ་ཅིག་གིས།ཆུ་འབབ་པའི་ཀླུང་ལ་རིགས་དྲུག་གི་སེམས་ཅན་རྣམས་ཀྱིས་བལྟ་བའི་ཚེ།ཆུ་ཀླུང་རང་ཐུན་མོང་གི་བལྟ་བྱ་རུ་འཇོག་ཅིང་།ཆུ་ཀླུང་ལྟ་བའི་དངོས་པོ་གཅིག་ལ་ངོ་བོ་ཐ་དད་དུ་འཛིན་པའི་དབང་ཤེས་ཀུན་ཀྱང་ཚད་མ་ཡིན་མོད།འོན་ཀྱང་ཆུ་གཅིག་པུ་དེ་ཉིད་ཆུ་ཡིན་པ་དང་ཆུ་མ་ཡིན་པ་གཉིས་ཀར་ཐལ་བའི་སྐྱོན་མེད་དེ།ལས་ཀྱི་དབང་གིས་ཆུ་དེ་ཡི་ཆ་ཤས་གཅིག་ཆུ་དང་ཆ་ཤས་གཅིག་རྣག་སོགས་སུ་གྲུབ་པ་ཡིན་པས་དེ་དག་འཛིན་པའི་དབང་ཤེས་ཚོའི་ཡུལ་དེ་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར་རོ།།ཞེས་འདོད་དེ། 
རྗེ་རིན་པོ་ཆེས་མཛད་པའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལས།
གཞི་གང་དུ་ཆུ་ཀླུང་འབབ་པའི་གཞི་དེར་ཆུ་ཀླུང་དེའི་ཆ་ཤས་ཤིག་ཡི་དྭགས་རྣམས་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་སྐྱེས་པ་དང༌། ཆུ་ཀླུང་གི་ཆ་ཤས་གཞན་ཞིག་མི་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་མི་སྣང་བའི་བཏུང་བ་དང༌། ཁྲུས་ཀྱི་ཆུར་སྐྱེ་བ་ན་དེ་གཉིས་ཀ་ཆུ་ཀླུང་གཅིག་གི་ཆ་ཤས་རེ་ཡིན་པས། ཡི་དྭགས་ཀྱི་མིག་ཤེས་ཚད་མས་གྲུབ་པའི་དོན་དང༌། མིའི་མིག་ཤེས་ཚད་མས་གྲུབ་པའི་དོན་གཉིས་ཀྱང་དངོས་པོ་སོ་སོ་བ་ཡིན་པས་དེ་གཉིས་གཅིག་གིས་གྲུབ་པའི་དོན་དེ་ཉིད། གཅིག་ཤོས་ཀྱིས་དེའི་བཟློག་ཕྱོགས་སུ་གྲུབ་པ་ག་ལ་ཡིན།  ཞེས་གསུངས་བའི་ཕྱིར།
འོ་ན།    ཆུ་ཀླུང་ཆོས་ཅན།    ཁྱོད་རྣག་དང་ཆུ་གཉིས་ཀའི་རང་བཞིན་དུ་གྲུབ་པ་ཡིན་པར་ཐལ།  ཁྱོད་རྣག་ཏུ་སྣང་བ་དང་ཆུར་སྣང་བའི་མིག་ཤེས་གཉིས་ཀ་ཚད་མ་ཡིན་པའི་ཕྱིར།    དེར་ཐལ།  ཁྱོད་རྣག་ཏུ་སྣང་བའི་ཡི་དྭགས་ཀྱི་མིག་ཤེས་དང་ཆུར་སྣང་བའི་མིའི་མིག་ཤེས་གཉིས་ཀ་ཚད་མ་ཡིན་པའི་ཕྱིར།  དེར་ཐལ།   ཁྱོད་ཀྱི་ཆ་ཤས་ཤིག་རྣག་ཏུ་གྲུབ་པ་དང་ཆ་ཤས་ཤིག་ཆུར་གྲུབ་པ་གང་ཞིག་སྔོན་གྱི་ལུས་ཀྱིས་དབང་གིས་ཁྱོད་ཡི་དྭགས་ལ་མཐའ་གཅིག་ཏུ་རྣག་ཏུ་སྣང་བ་དང་སྔོན་གྱི་ལས་ཀྱི་དབང་གིས་ཁྱོད་མི་ལ་མཐའ་གཅིག་ཏུ་ཆུར་སྣང་བ་གཉིས་ཀ་ཚད་མས་གྲུབ་པའི་དོན་ཡིན་པའི་ཕྱིར།  རྩ་བར་འདོད་ན། དངོས་འགལ་གཞི་གཅིག་ཏུ་འདུ་བར་ངེས་པའི་ཚད་མ་སྲིད་པར་ཐལ།ཆུ་ཀླུང་གི་སྟེང་དུ་རྣག་དང་ཆུ་གཉིས་ཀ་ཡོད་པར་ཚད་མས་གྲུབ་པའི་ཕྱིར།  ཁྱབ་སྟེ།ཆུ་དང་རྣག་གཉིས་ཀ་དངོས་འགལ་ཡིན་པ་གང་ཞིག  དེ་གཉིས་ཀ་ཆུ་ཀླུང་གི་ཆ་ཤས་སུ་གྲུབ་པའི་ཕྱིར།མ་ཁྱབ་ཟེར་ན།ཆུ་ཀླུང་ཆོས་ཅན།   གཞི་དེ་དང་ཆོས་དེ་གཉིས་འགལ་བ་ཡིན་ཁྱོད་ཀྱི་ཆ་ཤས་སུ་གཞི་དེ་དང་ཆོས་དེ་གཉིས་ཀ་གྲུབ་ན་དངོས་འགལ་གཞི་གཅིག་ཏུ་འདུ་བར་ངེས་པའི་ཚད་མ་སྲིད་པའི་ཁྱབ་པར་ཐལ།  སྤྱིར་ཆོས་དེ་གཉིས་འགལ་བ་ཡིན་ན་གཞི་དེ་ཡི་ཆ་ཤས་སུ་ཆོས་དེ་གཉིས་རེ་རེ་ནས་ཡོད་པར་ངེས་པའི་ཚད་མ་མི་སྲིད་པའི་ཁྱབ་པའི་ཕྱིར། དེ་དག་གི་ཉེས་སྤོང་གི་ལན་དུ་དངོས་འགལ་གཞི་གཅིག་གི་སྟེང་དུ་འདུ་བར་ངེས་པའི་ཚད་མ་སྲིད་པའི་སྐྱོན་མེད་དེ། ཆུ་ཀླུང་རང་ལ་ཆ་ཤས་དུ་མ་གྲུབ་ཅིང་ཡི་དྭགས་དང་མི་གཉིས་ལ་ཆུ་ཀླུང་གི་ཆ་ཤས་སོ་སོ་བ་གཉིས་སོ་སོར་སྣང་བའི་ཕྱིར་རམ་དེ་དག་སོ་སོའི་ཡུལ་སྣང་ཐ་དད་དུ་འདོད་པས་སྐྱོན་མེད་སྙམ་ན།  འོ་ན།  ཡི་དྭགས་ཆོས་ཅན།   ཁྱོད་དང་མི་གཉིས་ཀྱིས་གཞི་ཆུ་ཀླུང་ལ་བལྟ་བའི་ཚེ་བལྟ་བྱ་ཐུན་མོང་བ་ཞིག་མེད་པར་ཐལ།  ཁྱོད་དང་མི་གཉིས་ཀྱིས་གཞི་ཆུ་ཀླུང་ལ་བལྟ་བའི་ཚེ་སོ་སོའི་ཡུལ་སྣང་རྣག་དང་ཆུ་སོགས་རང་རང་ལ་གང་སྣང་བ་དེ་ཚོ་གཞན་དང་ཐུན་མོང་མིན་པར་རང་རང་ལ་སྣང་བའི་ཕྱིར།   རྟགས་ཁས། མ་ཁྱབ་ཟེར་ན། ཀ་བ་ཆོས་ཅན།   ཁྱོད་དང་བུམ་པ་འཛིན་པའི་ཚད་མ་གཉིས་ལ་ཐུན་མོང་གི་བལྟ་བྱ་མེད་པའི་ཐུགས་རྩེ་གཏད་ས་ཡོད་པའི་ཕྱིར།
མདོར་བསྡུ་ན།   ཆུ་ལ་རང་བཞིན་འགའ་ཡོད་ན་ཚད་མིན་མི་སྲིད་པར་ཐལ་བ། སོ་སོའི་ཡུལ་སྣང་ཐུན་མིན་ན་ཐུན་མོང་གི་བལྟ་བྱ་མི་སྲིད་པར་ཐལ་བ་དེ་གཉིས་སྡོམ་གྱི་ཚུལ་དུ་བཀོད་པ་བླ་མ་མི་ཕམ་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལས།   ཆུ་ལ་རང་བཞིན་འགའ་ཡོད་ན། །ཚད་མ་ཚད་མིན་མི་སྲིད་ཅིང་། །སོ་སོའི་ཡུལ་སྣང་ཐུན་མིན་ན། །ཀ་བུམ་མཐོང་བའི་བློ་བཞིན་དུ། །ཐུན་མོང་བལྟ་བྱ་མི་སྲིད་འགྱུར། །ཞེས་བསྟན་པ་ལྟར་གོ་བར་བྱའོ།།
གཞན་ཡང་ཀུན་མཁྱེན་གོ་རིམ་པའི་ལྟ་བ་ངན་སེལ་དུ་གཞི་གཅིག་ལ་ཐོག་བཅས་ཀྱི་དངོས་པོ་ཐ་དད་པ་གཉིས་དུས་མཉམ་དུ་གནས་པར་ཐལ་བ་དང་། སངས་རྒྱས་ཀྱི་གཟུགས་སྐུའི་ཆ་ཤས་སུ་གྱུར་བའི་མི་མཛེས་པའི་གཟུགས་ཤིག་ཡོད་པར་ཐལ་བ་དང་། སྒྱུ་མའི་རྟ་གླང་དེ་སྒྱུ་མའི་སྔགས་སྨན་གྱི་རྐྱེན་ལས་རྟ་གླང་མཚན་ཉིད་པ་སྐྱེ་བར་ཐལ་བ་དང་།། ཤེས་བྱ་ཁྲ་ལེབ་དུ་ཐལ་བ་སོགས་ཀྱི་སྐྱོན་མང་དུ་བཏང་ངོ་།།   
གཉིས་པ་ནི། ཡང་ཀུན་མཁྱེན་མི་ཕམ་པའི་ངེས་ཤེས་སྒྲོན་མེ་ལས།ལ་ལས་བརླན་གཤེར་ཙམ་ཡིན་ཟེར།།ཞེས་གསུངས་པ་ལྟར་མཁས་གྲུབ་རྗེ་སོགས་ཀྱིས་རླན་གཤེར་ཙམ་དེ་ཐུན་མོང་གི་བལྟ་བྱར་འདོད་ཅིང་ཚད་མ་ཡིན་མིན་གྱི་ཁྱད་པར་གོང་དུ་བཤད་པ་ལྟར་ཁས་ལེན་ཏེ། མཁས་གྲུབ་རྗེས་མཛད་པའི་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། དེ་ཡང་བརླན་གཤེར་ཕོར་བ་གང་པོ་དེ་ཉིད་མི་དང་ཡི་དྭགས་ལྷ་གསུམ་གྱིས་ཐུན་མོང་དུ་བལྟས་པའི་ཚེ་ན། གསུམ་ཀའི་བལྟ་བྱ་ཐུན་མོང་དུ་སོང་བའི་དབང་གིས་ཆ་ཤས་གསུམ་ལྷན་དུ་སྐྱེས་པ་ཡིན། ཞེས་གསུངས་པའི་ཕྱིར།  འོ་ན།    རླན་གཤེར་ཙམ་ཆོས་ཅན།   རང་ཉིད་ཆུ་ཡིན་མིན་གང་རུང་ཡིན་པར་ཐལ།   བདག་མེད་ཡིན་པའི་ཕྱིར།   འདོད་ན། གང་ཡིན། ཆུ་ཡིན་ན་གོང་དུ་བརྗོད་པའི་ཉེས་པའི་སྐྱོན་དུ་འགྱུར་བས་སླར་མ་བརྗོད་དོ།།
གལ་ཏེ་མིན་ན་ཆུ་དང་བརླན་གཤེར་ཙམ་གྱི་ངོ་བོ་དེ་གང་ཡིན་པ་དང་དེ་གཉིས་ལ་ཁྱད་པར་གང་ཡོད་འཇོག་དགོས་པ་ལས་དེ་བཞག་ཏུ་མེད་པའི་ཕྱིར།
གཉིས་པ་ཐུན་མོང་བལྟ་བྱ་མེད་པར་འདོད་པ་ལ་ཆུ་འབབ་པའི་ཀླུང་ལ་ཆུ་དང་།དེའི་ཡུལ་ཅན་གཉིས་ཀ་ཐ་སྙད་ལ་ལྟོས་ནས་བདེན་པར་འདོད་པ་དགག་པ་དང་། ཕྱི་དོན་མེད་པས་ཐུན་མོང་བལྟ་བྱ་མེད་པར་འདོད་པ་དགག་པ་གཉིས་ལས། དང་པོ་ནི།  ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི་དབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་གཞུང་སོ་སོའི་དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ་ཞེས་བྱ་བ་ལས།
འདིར་ནི་སྟོན་པ་རྫོགས་པའི་སངས་རྒྱས་འཛམ་བུའི་གླིང་དུ་སངས་རྒྱ་བའི་ཚུལ་བསྟན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།  བཀའ་བསྡུ་བ་དང་།  དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་པ་ཐམས་ཅད་མིའི་རྟེན་ལ་མཛད་པས།  མིའི་མཐོང་ཚུལ་ལ་ཐ་སྙད་དུ་བདེན་པ་དང་།  གཞི་དེ་ཉིད་དུ་འགྲོ་བ་གཞན་གྱི་མཐོང་ཚུལ་ལ་མི་བདེན་པའི་རྣམ་བཞག་མཛད་པས།  ཆུ་འབབ་པའི་ཀླུང་ལ་ཆུ་དང་།  དེའི་ཡུལ་ཅན་གཉིས་ཀ་ཐ་སྙད་ལ་ལྟོས་ནས་བདེན་པ་དང་།  རྣག་ལ་སོགས་པའི་མཐོང་ཚུལ་གཞན་རྣམས་ནི་ཡུལ་ཡུལ་ཅན་གཉིས་ཀ་ཐ་སྙད་དུ་ཡང་མི་བདེན་པར་བཞག་པ་ནི་གནད་ཀྱི་དོན་ཏེ།ཞེས་གསུང་པའི་ཕྱིར།
འོ་ན། མི་ཆོས་ཅན།ཁྱོད་ལས་གཞན་པའི་འགྲོ་བ་རིགས་དྲུག་གི་རྒྱུད་ན་ཡང་དག་ཀུན་རྫོབ་མེད་པར་ཐལ། ཡང་ལོག་གི་ཀུན་རྫོབ་བདེན་རྫུན་དུ་ཡོད་པ་དང་མེད་པར་འཇོག་བྱེད་དེ་འགྲོ་བ་གང་གི་རྟེན་ལ་རྫོགས་པའི་སངས་རྒྱས་སངས་རྒྱས་མ་རྒྱས་དང་། འགྲོ་བའི་ཞིང་དེར་ཆོས་འཁོར་བསྐོར་མ་བསྐོར་དང་། བཀའི་བསྡུ་བ་བྱས་མ་བྱས་སོགས་ལ་འཇོག་པ་གང་ཞིག །ཁམས་གསུམ་པའི་འགྲོ་བའི་རིས་འདིར་སངས་རྒྱས་པའི་ཞིང་དང་། རྟེན་ནི་གཟུགས་ཀྱི་འོག་མིན་དང་མིའི་ཡུལ་ལས་གཞན་དུ་མི་སྲིད་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་ཁས། འདོད་ན། མི་ཆོས་ཅན། ཁྱོད་ལས་གཞན་པའི་འགྲོ་བ་རིགས་ལྔའི་རྒྱུད་ན་ཐ་སྙད་ཚད་མ་མེད་པར་ཐལ། ཁྱོད་ལས་གཞན་པའི་འགྲོ་བ་རིགས་ལྔའི་རྒྱུད་ན་ཡང་དག་ཀུན་རྫོབ་མེད་པའི་ཕྱིར། འདོད་ན།   མི་ཆོས་ཅན།   ཁྱོད་ལས་གཞན་པའི་འགྲོ་བ་རིགས་ལྔའི་རྒྱུད་ན་ཐ་སྙད་ཚད་མ་ཡོད་པར་ཐལ། ཁྱོད་ལས་གཞན་པའི་འགྲོ་བ་རིགས་ལྔའི་རྒྱུད་ན་རང་འགྲོ་བ་རིགས་ལྔ་གང་རུང་དུ་རྟོགས་པའི་བློ་ཡོད་པའི་ཕྱིར།
གཞན་ཡང་།
སྟོན་པ་རྫོགས་པའི་སངས་རྒྱས་འཛམ་བུའི་གླིང་དུ་སངས་རྒྱ་བའི་ཚུལ་བསྟན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།  བཀའ་བསྡུ་བ་དང་།  དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་པ་ཐམས་ཅད་མིའི་རྟེན་ལ་མཛད།ཅེས་པ་དེའི་དོན་དེ་ཆོས་ཀྱི་འཁོར་ལོ་བསྐོར་མཁན།   བཀའ་བསྡུ་མཛད་མཁན་དང་།  དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་མཁན། མི་འབའ་ཞིག་ཡིན་པར་འདོད་དམ། ཡང་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བཀའ་བསྡུ་མཛད་པ། དགོངས་འགྲེལ་བསྟན་བཅོས་བརྩམ་པ་རྣམས་གདུལ་བྱ་མི་ཁོ་ནའི་ངོར་བྱས་པ་གང་ཡིན། དང་པོ་ལྟར་ན་མི་འཐད་དེ།
འོ་ན། 
ལོངས་སྐུ་ཆོས་ཅན།  ཁྱོད་ཀྱིས་ཆོས་ཀྱི་འཁོར་ལོ་མ་བསྐོར་བར་ཐལ། ཁྱོད་མིའི་རྟེན་ཅན་མ་ཡིན་པའི་ཕྱིར།
གནོད་སྦྱིན་གྱི་སྡེ་དཔོན་ཕྱག་ན་རྡོ་རྗེ་ཆོས་ཅན།  ཁྱོད་ཀྱིས་བཀའ་བསྡུ་མ་མཛད་པར་ཐལ། ཁྱོད་མིའི་རྟེན་ཅན་མ་ཡིན་པའི་ཕྱིར།
བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་དང་རྗེ་བཙུན་བྱམས་པ་ལ་སོགས་པ་ཆོས་ཅན།ཁྱོད་ཀྱིས་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་མ་མཛད་པར་ཐལ། 
ཁྱོད་མིའི་རྟེན་ཅན་མ་ཡིན་པའི་ཕྱིར།རྟགས་གསུམ་ཀ་ཚད་མས་གྲུབ། ཁྱབ་པ་ཁྱོད་ཀྱི་ཁས་བླང་གིས་གྲུབ་བོ།།
གཉིས་པ་ལྟར་ན་ཡང་མི་འཐད་དེ།
བདག་ཅག་གི་སྟོན་པས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འགྲོ་བ་གཞན་རྣམས་མ་འདུས་པར་ཐལ་ལོ།།
གཉིས་པ་ནི་ཀུན་མཁྱེན་མི་ཕམ་པའི་ངེས་ཤེས་སྒྲོན་མེ་ལས།
ཐུན་མོང་བལྟ་བྱ་མེད་གྱུར་ན། །སེམས་ཙམ་བཞིན་དུ་ཡུལ་མེད་པར། །ཤེས་ཉིད་ཡུལ་དུ་ཁས་ལེན་དགོས།།ཞེས་གསུང་པ་ལྟར་སེམས་ཙམ་པས་གཞི་གཅིག་ལ་རིགས་དྲུག་གི་མཐོང་སྣང་དྲུག་འབྱུང་བ་ནི་དྲུག་ཆར་ཡུལ་མེད་པར་ཡུལ་ཅན་གྱི་ཤེས་པ་ཡོད་པར་འདོད་དོ།།  འོ་ན། ཆུ་ཀླུང་ཆོས་ཅན།  ཁྱོད་མོ་གཤམ་གྱི་བུ་དང་རི་རྭ་སོགས་སུ་སྣང་རིགས་པར་ཐལ།   ཐུན་མོང་གི་སྣང་གཞི་ཅི་ཡང་མེད་ཀྱང་ཁྱོད་ཆུ་སྣག་སོགས་སུ་སྣང་རིགས་པའི་ཕྱིར།  གཞན་ཡང་།   ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལས།  དེ་ནི་འཐད་པ་མ་ཡིན་ཏེ། །ཡུལ་མེད་བཞིན་དུ་འཛིན་པ་ཡང་། །དོན་ལ་མེད་པར་འདྲ་བ་ལ། །གཟུང་འཛིན་གཉིས་པོའང་ཀུན་རྫོབ་ཏུ། །སྣང་བར་མཉམ་ཕྱིར་གང་སྣང་བ། །དེ་ལ་བརྟགས་ནས་གཟུང་འཛིན་གཉིས། །ཡོད་མེད་ཕྱེ་བ་མི་འཐད་དེ། ། ཡུལ་སྣང་ཡོད་ཀྱང་རྫུན་པ་ལྟར། །འཛིན་པ་སྣང་ཡང་མ་གྲུབ་ཕྱིར། །  ཞེས་པས་བཀག་པ་ཡིན་པར་ཤེས་པར་བྱའོ།།

ས་གཞི་འདི་ལ་སྙན་པས་ཁྱབ་པའི་ས་སྐྱ་དང་ནི་དགེ་ལྡན་གྱི།།
ཡེ་ཤེས་མེ་ལོང་མི་ཡི་ཚུལ་འཛིན་ཙོང་ཁ་དང་ནི་གོ་རམ་ལ།།
ཕལ་བའི་ནང་གི་ཕལ་བའི་མི་ཡིས་རྒོལ་བར་བྱས་པ་མི་མཛེས་ཀྱང་།།
ཟབ་དོན་གཞུང་ལ་བག་ཆགས་འཇོག་ཕྱིར་འདི་ཙམ་གླེང་ན་སྐྱོན་ཅི་ཡོད།།

          ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
གཉིས་པ་རང་ལུགས་བཞག་པ་ནི།

སྤྱིར་ཐུན་མོང་གི་བལྟ་བྱ་ལ་གནས་སྐབས་ཀྱི་བལྟ་བྱ་དང་། མཐར་ཐུག་གི་བལྟ་བྱ་གཉིས་ལས། དང་པོ་ལའང་། གནས་སྐབས་ཀྱི་གནས་སྐབས་དང་། གནས་སྐབས་ཀྱི་མཐར་ཐུག་གི་བལྟ་བྱ་གཉིས། དང་པོ་ནི།  སྣང་ཙམ་འདོད་རིགས་ཏེ།  ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལས།  སྣང་ཙམ་ཐུན་མོང་བལྟ་བྱ་ནི། །མཐུན་པར་སྣང་དང་མི་སྣང་གཞིར། །ཡོད་པར་གྲུབ་ཕྱིར་དེ་མེད་པར། །མི་རུང་ཟློས་གར་མཐོང་སོགས་བཞིན། །   ཞེས་དང་།  ཀུན་བཟང་དཔལ་ལྡན་གྱིས་མཛད་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད་ཅེས་བྱ་བ་ལས། སྣང་སྟོང་རིས་སུ་མ་ཆད་པས་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་སྣང་ཙམ་ཐུན་མོང་གི་བལྟ་བྱ་ནི་མི་དང་ལྷ་ལ་སོགས་པར་ཆུ་དང་བདུད་རྩི་ལ་སོགས་པ་མཐུན་པར་སྣང་བ་དང་མི་སྣང་བའི་གཞིར་ཡོད་པར་གྲུབ་པའི་ཕྱིར་དེ་མེད་པར་འདོད་དུ་མི་རུང་སྟེ།    དཔེར་ན་མ་བརྟགས་མ་དཔྱད་པར་སྣང་བའི་གྱི་ཟློས་གར་མཁན་ཐ་སྙད་དུ་ཡོད་ན་ལྷ་ལ་སོགས་པའི་ཟློས་གར་གྱི་རྣམ་འགྱུར་མི་འདྲ་བ་སྣ་ཚོགས་མཐོང་བར་རུང་བ་དང་མེད་ན་མི་རུང་བ་ལ་སོགས་པ་བཞིན་ནོ།།   ཞེས་དང་།  གཞན་ཡང་།  ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལས། གང་སྣང་ཀུན་ལ་མཉམ་པའི་ཕྱིར། །དངོས་གཅིག་སྣ་ཚོགས་པར་ཡང་སྣང་། །    ཞེས་དང་།   ཀུན་བཟང་དཔལ་ལྡན་གྱིས་མཛད་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད་ཅེས་བྱ་བ་ལས། དེ་ཉིད་གང་ཅུང་སྣང་བ་ཐམས་ཅད་ཀུན་ལ་མཉམ་པ་ཡིན་པའི་ཕྱིར་དངོས་པོ་གཅིག་ཉིད་དངོས་པོ་སྣ་ཚོགས་པར་ཡང་སྣང་བར་ཤིན་ཏུ་རུང་བར་འཐད་དེ།  ཞེས་གསུངས་པ་དག་ལ་བརྟེན་ཏེ་བལྟ་གཞི་ཐུན་མོང་བ་སྣང་ཙམ་པོ་དེར་ཆུ་རྣག་སོགས་སུ་སྣང་བའི་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་མིག་ཤེས་དག་ཀྱང་འགྲོ་བ་སོ་སོ་ལ་ལྟོས་ནས་ཚད་མར་འཐད་དོ་སྙམ་མོ།།

གཉིས་པ།   གནས་སྐབས་ཀྱི་མཐར་ཐུག་གི་བལྟ་བྱ་ནི། དག་པའི་སྣང་བ་ཡིན་ཏེ།  གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ་ལས།  གཟིགས་པ་དག་པའི་འཕགས་པ་རིག་པ་འཛིན་པ་རྣམས་ལ་མཱ་མ་ཀཱིའི་སྐུར་སྣང་སྟེ། ཞེས་གསུངས་པའི་ལུང་གི་བསྟན་དོན་དེ་ལྟར་གྲུབ་པའི་ཕྱིར།

མཐར་ཐུག་གི་བལྟ་བྱ་ནི།  

བདེ་གཤེགས་སྙིང་པོ་ཡིན་ཏེ།  ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལས། མཐར་ཐུག་དེ་ཁོ་ན་ཉིད་ནི། །གཅིག་ལས་མེད་ཕྱིར་དེ་ཁོ་ན། །མཐོང་བའི་ཚད་མའང་གཅིག་ཡིན་ཏེ། །  ཞེས་དང་།  ཀུན་བཟང་དཔལ་ལྡན་གྱིས་མཛད་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད་ཅེས་བྱ་བ་ལས།   གནས་ལུགས་མཐར་ཐུགས་ཆོས་ཀྱི་དབྱིངས་དེ་ཉིད་ནི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་གཅིག་ལས་གཉིས་སུ་མེད་པའི་ཕྱིར་དེ་ཁོ་ན་ཉིད་ཇི་བཞིན་མཐོང་བའི་ཚད་མའང་མཐར་ཐུག་པ་གཉིས་སུ་མེད་པས་གཅིག་ཉིད་ཡིན་ཏེ་ཚད་མ་མཐར་ཐུག་གཉིས་པ་ཞིག་མི་སྲིད་པས་མེད་དོ།།   ཞེས་པས་དེ་ལྟར་གྲུབ་པའི་ཕྱིར། 


གསུམ་པ་རྩོད་པ་སྤང་པ།

ཁ་ཅིག་ན་རེ།  ལས་ཀྱི་སྒྲིབ་རྐྱེན་ཅན་གྱི་ཡི་དྭགས་དང་མི་གཉིས་ཀྱིས་ཆུ་ལ་ལྟ་བའི་ཚེ། ཡི་དྭགས་ལ་ཆུ་མ་སྣང་ན། དེ་གཉིས་ལ་ཐུན་མོང་གི་བལྟ་བྱ་མེད་པར་ཐལ་ཏེ། ངེས་སྒྲོན་ལས། སོ་སོའི་ཡུལ་སྣང་མཐུན་མིན་ན། །ཀ་བུམ་མཐོང་བའི་བློ་བཞིན་དུ། །ཐུན་མོང་བལྟ་བྱ་མི་སྲིད་འགྱུར། །ཞེས་གསུངས་པས་སོ་ཞེ་ན།   དགེ་ལྡན་པས་ཆུ་ལ་ཆུ་དང་རྣག་སོགས་སུ་མཐོང་བ་རེ་རེ་ནས་ཚད་མ་ཡིན་ཡང་། ཐུན་མོང་གི་བལྟ་བྱ་ཆུ་ཡིན་ཟེར་བ་ལ། དེ་ལྟར་ན། ཀ་བུམ་མཐོང་བའི་བློ་བཞིན་དུ། ཐུན་མོང་གི་བལྟ་བྱ་མེད་པར་ཐལ་ཞེས་སྐྱོན་བརྗོད་པ་ལས། རང་ལུགས་ཀྱི་ཁས་ལེན་མིན་པའི་ཕྱིར་ན་སྐྱོན་མི་འདུག་སྙམ།


ཡང་ཁ་གཅིག་ན་རེ།  ཡི་དྭགས་ལ་ཉི་མའི་འོད་ཟེར་གྲང་བར་སྣང་ནས་ལུས་གྲང་བ་ལས་ཀྱིས་བསྐྱེད་པའི་འབྲས་བུ་ཡིན་ནམ་ཟེེར་ན།  ལུས་གྲང་བ་ལས་ཀྱིས་བསྐྱེད་པའི་འབྲས་བུ་ཡིན་ཡང་། ཉི་མའི་འོད་ཟེར་གྲང་བ་ལས་ཀྱིས་བསྐྱེད་པའི་འབྲས་བུ་མ་ཡིན་ནོ།། 

ཡང་ཁ་གཅིག་ན་རེ།  ཉ་ལ་ཆུ་གནས་ཁང་དུ་སྣང་བའི་ཚེ། ཆུས་གནས་ཁང་གི་བྱ་བ་བྱེད་དམ་ཞེ་ན་ དེ་ལ་ཆུས་གནས་ཁང་གི་དོན་བྱེད་པ་ལྟར་སྣང་ཡང་། ཆུས་གནས་ཁང་གི་དོན་དངོས་མི་བྱེད་དོ། །

ཁ་ཅིག་ན་རེ།སྣང་ཙམ་ཐུན་མོང་གི་བལྟ་བྱར་འདོད་པའི་ལུགས་ལ་རླན་གཤེར་ཙམ་ཆུ་དང་རྫས་གཅིག་ཐ་དད་དཔྱད་པའི་རིགས་པས་གནོད་དེ།     སྣང་ཙམ་ཆུ་དང་རྫས་གཅིག་ཡིན་ནམ་མིན་ཞེས་དྲིས་ན་དམ་བཅའ་འཇིག་པའི་ཕྱིར་ཞེ་ན།  སྐྱོན་མེད་དེ་སྤྱིར་སྣང་ཙམ་རྫས་སུ་མ་གྲུབ་པས་དེ་འདྲའི་དཔྱད་ར་མེད་ཀྱང་།    སྣང་ཙམ་པོའི་གོ་བ་སྦྱར་ནས་མི་ལ་ལྟོས་ན་ཆུ་མཐོང་བའི་མི་ཡི་མིག་ཤེས་ཀྱི་བལྟ་བྱ་སྣང་ཙམ་དེ་ཉིད་ཆུ་དང་རྫས་གཅིག་ཡིན་པས་དེ་བློ་མ་འཁྲུལ་བས་རྣག་སོགས་སུ་སྣང་མི་རུང་བར་འདོད་པ་དང་།   ཡི་དྭགས་ལ་ལྟོས་ན་རྣག་སོགས་མཐོང་བའི་ཡི་དྭགས་སོགས་ཀྱི་མིག་ཤེས་ཀྱི་བལྟ་བྱ་སྣང་ཙམ་དེ་ཉིད་རྣག་སོགས་དང་རྫས་གཅིག་ཡིན་པས་དེ་ཡང་བློ་མ་འཁྲུལ་བའི་ཆུར་སྣང་མི་རུང་བར་ཡང་འདོད་དོ༎   དེ་ལྟར་ན་ཆུ་དེ་སངས་རྒྱུས་ཀྱི་མིག་ཤེས་ཀྱིས་བདུད་རྩི་ཡིན་པར་མི་སྣང་བར་འགྱུར་རོ་ཞེ་ན།   མི་ལ་ལྟོས་ན་འདོད་དེ།   མི་ཡི་ངོར་ཆུ་བདུད་རྩི་ཉིད་དུ་མི་གྲུབ་པའི་ཕྱིར་རོ།།  ཡང་གཟུགས་ཅན་གྱི་གོ་ས་གཅིག་ན་རིགས་མཐུན་རྫས་ཐ་དད་པ་གཉིས་དུས་མཉམ་དུ་གནས་པར་ཐལ་བའི་སྐྱོན་ཁྱོད་ལའང་འཇུག་སྟེ།     ཆུ་སྣོད་གང་དང་ལྡན་པའི་གཞིར་རྣག་སྣོད་གང་དང་ཆུ་སྣོད་གང་ལྡན་པའི་ཕྱིར་ཞེ་ན།  ཆུ་སྣོད་གང་དང་ལྡན་པའི་གཞིར་རྣག་སྣོད་གང་དང་ཆུ་སྣོད་གང་ལྡན་པ་མ་གྲུབ་ཚུལ་ནི་ཆུ་སྣོད་གང་དང་ལྡན་པའི་གཞི་དེར་མི་ཡི་ངོར་རྣག་མ་གྲུབ་ཀྱང་ཡི་དྭགས་ངོར་ཆུ་མ་གྲུབ་པའི་ཕྱིར་དང་མི་དང་ཡི་དྭགས་གཉིས་ཀའི་ཐུན་མོང་ཀི་ངོར་ཆུ་རྣག་གཉིས་ཀ་མ་གྲུབ་པའི་ཕྱིར༎    དཔེར་ན་སངས་རྒྱས་པ་དང་གྲངས་ཅན་པ་གཉིས་ཀྱི་ངོར་སྒྲ་རྟག་མི་རྟག་གཉིས་ཀ་མ་གྲུབ་པ་བཞིན་ནོ༎

སླར་སྨྲས་པ།

རིགས་མཐུན་རིགས་སྨྲའི་ཚོགས་དང་ལྷན་གཅིག་ཏུ།།
རིགས་གཞུང་ཟབ་དོན་དབུ་མ་ཅུང་གླེང་བའི།།
རིགས་ཀྱི་སྐལ་བ་ཐོབ་པས་ཚོགས་བསགས་འབྲས།།
རིགས་ཀྱི་བདག་པོའི་རིགས་ཀྱི་བུར་གྱུར་ཅིག།

ཅེས་དུང་དཀར་བ་རཏྣས་གུས་ཕུལ།


དངོས་མིང་།   རཏྣ།
ཕ་ཡུལ།    གསེར་རྟ།
སྡོད་གནས།   དུང་དཀར་བཤད་གྲྭ།
ཐོབ་ཐང་།   སློབ་གཉེར་བ།
༢༠༡༦ལོར་གསར་དུ་ཐོས་བསམ་གྱི་གཟུགས་རས་བཟུང་།

ད་ལྟ་ཆོས་མཐུན་གྱི་གྲོགས་པོ་དང་ལྷན་དུ་ཐོས་བསམ་ཕྲན་བུ་བྱེད་བཞིན་དུས་འདའ་བཞིན་ཡོད།  


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
20305141
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号