བོད་ཀྱི་ཆུའི་རིག་གནས་སྐོར་རགས་ཙམ་གླེང་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 2 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཀྱི་ཆུའི་རིག་གནས་སྐོར་རགས་ཙམ་གླེང་བ།
བོད་ཀྱི་ཆུའི་རིག་གནས་སྐོར་རགས་ཙམ་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/7/21ལྟ་ཀློག (814)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྩོམ་པ་པོ། ཟླ་སྒྲོན་མཚོ་མོ།(ལན་ཀྲོའུ་སློབ་གྲྭ་ཆེན་མོ།

ལོ་ཙཱ་བ། ཚེ་མཁར་རྒྱལ།


    གནད་བསྡུས། ཆུ་ནི་མིའི་རིགས་ཀྱི་འཚོ་བའི་ཁྲོད་ཆེས་སྤྱིར་བཏང་གི་དངོས་པོ་ཞིག་ཡིན་ཞིང་། དེས་བོད་རིགས་ཀྱི་ཚེ་སྲོག་སྲུང་འཛིན་བྱས་ཡོད་པ་མ་ཟད། བོད་རིགས་ལ་བསམ་པའི་རྒྱབ་སྐྱོར་དང་། དད་མོས། དད་བཀུར་ཀྱང་འདོན་སྤྲོད་བྱས་ཡོད། རྩོམ་ཡིག་འདིའི་ནང་དུ་ཆུ་ནི་བོད་ཀྱི་རིག་གནས་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེ་བཏོན་ཡོད་ལ། ཆུའི་རིག་གནས་ཀྱི་རྒྱུ་ཆར་བརྟེན་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། བོད་ཀྱི་ཆུའི་རིག་གནས་ཀྱི་འབྱུང་ཁུངས་དང་ཆགས་ཚུལ། ཆུའི་རིག་གནས་ཀྱི་ཤུགས་རྐྱེན་བཅས་བརྗོད་ཡོད། ཆུའི་རིག་གནས་ཀྱི་མཚོན་རྟགས་དེ་བོད་ཀྱི་རིག་གནས་ཁྲོད་མཚོན་སྟངས་མི་འདྲ་བ་ཞིབ་འབྲི་བྱས་པ་བརྒྱུད་བོད་ཀྱི་ཆུའི་རིག་གནས་ལ་ཞིབ་འཇུག་བྱེད་རྒྱུར་ཟུར་ཚད་གསར་པ་ཞིག་མཁོ་འདོན་བྱས་ཡོད།

    གནད་ཚིག  བོད་རིགས།  ཆུའི་རིག་གནས། ཆུ་ལ་དད་བཀུར།

གཅིག   ཆུའི་རིག་གནས་བོད་ཁུལ་དུ་དར་ཚུལ།
     མཚོ་བོད་མཐོ་སྒང་དུ་ཆུ་བོ་དང་མཚེའུ་མང་པོ་ཡོད་པས“ཡ་གླིང་གི་ཆུ་མཛོད”ཅེས་བརྗོད་སྲོལ་ཡོད། དེར་བརྟེན་ཆུ་ནི་མི་རབས་ནས་མི་རབས་བར་མཚོ་བོད་མཐོ་སྒང་གི་བོད་མི་རིགས་ཀྱི་འཚོ་གནས་བྱེད་པའི་ཐོན་སྐྱེད་འཚོ་བའི་ཁྲོད་སྤྱོད་པའི་ཆེས་སྔ་ཤོས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་གྲས་སུ་གྱུར་ཡོད། བོད་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཆུ་ནི་རང་བྱུང་གི་དངོས་པོ་ཞིག་ཡིན་པ་མ་ཟད། དུས་མཚུངས་སུ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་བསྣན་ནས་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཆུའི་རིག་གནས་ཤིག་ཆགས་ཡོད། བོད་མི་རིགས་ཀྱི་ངོས་ནས་བརྗོད་ན་ཆུ་ཡིས་ཁོང་ཚོའི་ཚེ་སྲོག་བསྐྱངས་པ་མ་ཟད། ད་དུང་བསམ་པའི་རྒྱབ་སྐྱོར་དང་དད་མོས་ཀྱི་རྒྱབ་རྟེན་ཡང་མཁོ་འདོན་བྱས་ཡོད།


(གཅིག)རང་བྱུང་ཆོས་ལུགས་ལས་ཆུའི་རིག་གནས་ལ་དད་བཀུར་བྱེད་པ།
      གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ། གདོད་མའི་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་ཡང་དག་མེད་པས། “ཆོས་ལུགས་ཀྱི་རྣམ་པ་ཞིག་བྱུང་ཞིང་། དེས་དད་བཀུར་བྱེད་ཡུལ་ནི་རང་བྱུང་གི་བྱ་དངོས་སམ་ཡང་ན་འཇིག་རྟེན་གྱི་སྟོབས་ཤུགས་ཆེན་པོ་ཞིག་སྟེ། དཔེར་ན། རླུང་དང་། ཆུ་བོ། སྐར་མ། ནམ་མཁའ་སོགས་ལྟ་བུ། ཡང་ན་ས་གཞི་ཀུན་ཏུ་ཁྱབ་པའི་ལས་དོན་སྣ་ཚོགས་ཏེ། དཔེར་ན། རྩི་ཤིང་དང་སྲོག་ཆགས། བྲག་རྡོ་སོགས་ལྟ་བུ། དེར་རང་བྱུང་ཁམས་ལ་དད་བཀུར་བྱེད་པ་ཞེས་འབོད་ཀྱིན་ཡོད།”དེ་དང་འདྲ་བར་བོད་མི་རིགས་ཀྱི་མེས་པོ་ཚོས་ཀྱང་རང་བྱུང་གི་སྣང་ཚུལ་དང་ཚེ་སྲོགཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཚར་ལ་འབྲེལ་བ་དམ་ཟབ་ཡོད་པ་ཚོར་ཡོད། ཁོང་ཚོས་རང་བྱུང་ཐོན་ཁུངས་སམ་ཡང་ན་སྣང་ཚུལ་ཚང་མའི་རྒྱབ་ཏུ་ལྷ་གནས་ཡོད་པ་དང་། བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་ལྷ་ལ་ཐུགས་བདེ་བར་བྱས་ཚེ་གཞི་ནས་ཁོང་ཚོའི་རེ་བ་མངོན་འགྱུར་ཐུབ་པར་ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན་ཁོང་ཚོས་ཆུ་དང་། རི། ཐོག རྡོ་སོགས་ལ་བརྩི་བཀུར་དང་། མཆོད་འབུལ་ལམ་གསོལ་འདེབས་ཀྱི་ཐབས་ལ་བརྟེན་ནས་དེའི་རྒྱབ་ཀྱི“སེམས་ཤུགས་གནས་པ”ཟེར་བ་ལ་འབྲེལ་བ་བྱས་ཏེ་ཆར་ཆུ་དུས་སུ་འབབ་པ་དང་བདེ་བར་གནས་ཤིང་ལས་ལ་བརྩོན་པའི་དམིགས་ཡུལ་འགྲུབ་པའོ། །


(གཉིས)བོན་ཆོས་ལས་ཆུའི་རིག་གནས་ལ་དད་བཀུར་བྱེད་ཚུལ།

    གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་གནས་པའི་མཆོད་འབུལ་དང་གསོལ་འདེབས་སོགས་ཀྱི་བྱ་སྤྱོད་ཚད་ལྡན་ཅན་དང་གོ་རིམ་ལྡན་པར་གྱུར་པས།   བོད་རིགས་ཀྱི་གདོད་མའི་ཆོས་ལུགས་ཏེ་བོན་ཆོས་གྲུབ་ཡོད། བོན་ཆོས་བྱུང་བ་དེས་གདོད་མའི་དད་བཀུར་གྱི་གོམས་སྲོལ་བསྡུ་ལེན་དང་ཕྱོགས་བསྡུས་བྱས་ཡོད་པ་དང་།  དུས་མཚུངས་སུ་དེ་ལ་གོ་རིམ་ལྡན་པ་དང་། དྭངས་གསལ་ཅན་དུ་གྱུར་ཡོད། བོན་ཆོས་ཀྱིས་རང་བྱུང་ལ་དད་བཀུར་བྱེད་པའི་གོམས་སྲོལ་དེ་ཆོས་ལུགས་ལ་དད་བཀུར་བྱེད་པ་དང་། ཆོས་ལུགས་ལ་དད་བཀུར་བྱེད་པའི་གོམས་སྲོལ་ཚད་ལྡན་དུ་བཏང་བ་རེད།  དེར་བརྟེན་བོན་ཆོས་ཀྱིས་ཆུ་ལ་དད་བཀུར་བྱེད་པའི་བྱ་སྤྱོད་དེ་མཆོད་པ་འབུལ་བ་དང་། མཚོ་བསྐོར།  གསོལ་འདེབས། རླུང་རྟའི་དར་ལྕོག་བཙུགས་ནས་གསོལ་བ་འདེབས་པ་སོགས་ཀྱི་བྱེད་ཐབས་སུ་གཏན་འཁེལ་བྱས་ཡོད།


(གསུམ)བོད་བརྒྱུད་ནང་བསྟན་ལས་ཆུའི་རིག་གནས་ལ་དད་བཀུར་བྱེད་ཚུལ།

      བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་རྗེས་སུ་སངས་རྒྱས་ཆོས་ལུགས་དེ་བོད་དུ་དངོས་སུ་དར་བ་དང་། བཙན་པོའི་རྒྱལ་རབས་དུ་མས་འབད་བརྩོན་བྱས་པ་བརྒྱུད། སངས་རྒྱས་ཆོས་ལུགས་བོད་ཀྱི་ས་གཞིར་དར་སྤེལ་བཏང་སྟེ་བོད་མི་རིགས་ཀྱི་སེམས་སུ་ཟུག་ཡོད། སངས་རྒྱས་ཆོས་ལུགས་དར་བ་དེས་བོད་མི་རིགས་ཀྱི་སྤྱི་ཚོགས་རྣམ་པ་གསར་པ་ཞིག་ཏུ་སླེབས་པ་རེད། མ་གཞིར་བོན་ཆོས་ལས་ཆུ་ལ་དད་བཀུར་བྱེད་པ་དེ་རིམ་བཞིན་ནང་བསྟན་གྱི་ཕྱི་གོས་གཡོགས་ནས་ནང་བསྟན་རིག་གནས་ཀྱི་ནང་དོན་ཞིག་ཏུ་བཀོད་ཡོད།

     སངས་རྒྱས་ཆོས་ལུགས་ཁྲོད་ཆུ་ཡིས“དྭངས་གཙང་ལྷིང་འཇགས”མཚོན་གྱིན་ཡོད། སེམས་རྣམ་པར་དག་ན་སངས་རྒྱས་ཟེར་བ་ནི། སྐྱེ་བོ་ཀུན་ལ་ཆུ་ལྟར་དྭངས་གཙང་ལྷིང་འཇགས་དང་། ཐལ་རྡུལ་ཙམ་ཡང་མི་འགོས་པ་བྱས་ན་ད་གཟོད་ནང་པའི་ཆོས་རྟོགས་ཐུབ་པ་དྲན་སྐུལ་བྱས་ཡོད།  སངས་རྒྱས་ཆོས་ལུགས་ཁྲོད་ཆུ་ཡིས་ད་དུང་བློ་གྲོས་མཚོན་པ་དང་།སངས་རྒྱས་ལ་ཕུལ་བའི་ཆུ་དེར་བློ་གྲོས་ཀྱི་ཆུ་ཞེས་འབོད་ལ། དགེ་ཆུ་ཡང་ཟེར་ཞིང་། སངས་རྒྱས་ལ་ཕུལ་བའི་ཆུ་དེ་མིའི་ལུས་སྟེང་དུ་གཏོར་ན་གནོད་འཚེ་སེལ་བ་དང་འདོན་འགོག་གི་ནུས་པ་ལྡན་པ་དང་། གོང་གི་ནང་ཆོས་ཀྱི་དོན་སྙིང་གནང་རྗེས་རང་བྱུང་གི་གཞི་རྒྱུ་ཆུ་དེ་སྔར་ལས་ལྐོག་གྱུར་དང་ཆོས་ལུགས་ཀྱི་ནང་དོན་ལྡན་པ་ཞིག་ཏུ་གྱུར་ནས་ནང་བསྟན་རིག་གནས་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་སུ་གྱུར་ཡོད། དུས་དེ་ནས་བཟུང་བོད་མི་རིགས་ཀྱི་ཆུའི་རིག་གནས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད།

གཉིས། ཆུ་དང་བོད་ཀྱི་རིག་གནས།

    བོད་མི་རིགས་ཀྱི་ཆུའི་རིག་གནས་གྲུབ་པ་དེ་ཐེག་གཟུགས་སུ་གྱུར་བའི་ཆུ་དང་མི་རིགས་ཀྱི་སྙིང་སྟོབས་ཐེག་སའི་ཆོས་ལུགས་རིག་གནས་དང་ཁ་འབྲལ་ཐབས་མེད།  མཚོ་བོད་མཐོ་སྒང་གི་ངོ་མཚར་ཆེ་བའི་གཙང་པོ་དང་མཚེའུའི་ཁྲོད་གཏིང་ཟབ་ཅིང་། གནའ་སྔ་མོ་དང་།  སྣ་མང་བའི་མིའི་རིགས་ཀྱི་རིག་གནས་ནང་དོན་འདྲེས་ཡོད། དེ་གྲུབ་པ་ནི་བོད་ཀྱི་ཐོན་སྐྱེད་འཚོ་བ་དང་སྲོལ་རྒྱུན་རིག་གནས་ལ་ཁ་འབྲལ་ཐབས་མེད་པ་དང་། ལྷག་པར་དུ་ཆོས་ལུགས་རིག་གནས་དང་ཁ་འབྲལ་ཐབས་མེད། གཞི་རྒྱུ་དེ་དག་ཆུའི་རིག་གནས་དང་གཞི་གཅིག་ཏུ་འདྲེས་རྗེས་མཚོ་བོད་མཐོ་སྒང་ལ་རྫོགས་མཐའ་མེད་པའི་ལྷ་སྒྲུང་གི་ཚོན་མདོག་ཅིག་བསྣན་ཞིང་། ཆུ་ལ་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན་ཡོད།

(གཅིག)ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་ཆུའི་རིག་གནས།

     མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་མི་རིགས་ཀྱི་མེས་པོ་ཚོས་ཕྱུགས་རིགས་སྤོ་འཚོ་ལྟ་བུའི་གཞིས་ཆགས་མེད་པའི་འཚོ་བ་རོལ་བཞིན་ཡོད་པ་དང་།  རྩྭ་ཆུ་དང་བསྟུན་ནས་འཚོ་སྡོད་བྱེད་པའི་འཚོ་བའི་གོམས་གཤིས་འོག་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་འབྲོག་པའི་རིག་གནས་ཤིག་རིམ་བཞིན་ཆགས་ཡོད། དེར་བརྟེན་རུ་སྤོ་བའི་ས་ཁུལ་དུ་ཆུ་ནི་ཁོང་ཚོའི་འཚོ་གནས་ཀྱི་ཐོན་ཁུངས་ཙམ་མ་ཡིན་པར་ཁོང་ཚོའི་བསམ་པའི་འཇིག་རྟེན་གྱི་རྒྱབ་རྟེན་ཞིག་རེད།  ཆུ་རྒྱུན་ཡོད་པའི་ས་ཆར་འབྲོག་པ་ཚོས་རྒྱུན་དུ་ཆུ་འགྲམ་དུ་རླུང་རྟའི་དར་ལྕོག་འཛུགས་པ་དང་བསང་ཕུལ་ནས་ཆུ་ལྷ་ལ་སྐྱབས་འཇུག་ཞུ་བཞིན་ཡོད། རང་ཁྱིམ་གྱི་ནོར་རྭ་དང་ལུག་རྭ་ནང་ལ་ཁོ་ཚོས་ཆུ་གཏོར་བའམ་ཡང་ན་འཁྱགས་པ་ནོར་རྭ་དང་ལུག་རྭའི་གྱང་ཁར་བཞག་ནས་ཕྱུགས་ལ་གོད་ཀ་མེད་པ་དང་རང་ཁྱིམ་ལ་རྒྱུ་ནོར་རག་པར་གསོལ་པ་འདེབས་བཞིན་ཡོད།

     མཐོ་སྒང་གི་ཞིང་ལས་ལག་རྩལ་དར་རྒྱས་བྱུང་མེད་པ་དང་། མཐོ་སྒང་གི་ཞིང་ལས་ནི་གནམ་ཆུར་བརྟེན་དགོས་པས། ཆུ་ཡིས་ཞིང་ལས་ཐོན་སྐྱེད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། དེ་བས་ཆར་ཆུ་འབབ་ཚད་ལ་དགོས་མཁོ་ཧ་ཅང་ཆེན་པོ་ཡོད།  ཞིང་རྨོ་ཁུལ་གྱི་མི་དམངས་ལ་མཚོན་ན། ལོ་རེར་བབས་པའི་ཆར་ཆུ་ཚད་རན་པོ་ཡིན་པ་དང་། ཐོན་འབབ་ཀྱི་དུས་ཚིགས་སུ་སེར་བའི་གནོད་འཚེ་མི་ཕོག་པ་སོགས་ནི་ཁོང་ཚོར་མཚོན་ན་ཆེས་མཛེས་སྡུག་ལྡན་པའི་སྨོན་འདུན་རེད། དེར་བརྟེན་ཆར་པ་འབབ་རྒྱུར་ཚོད་འཛིན་བྱེད་ཐབས་བྲལ་བའི་གནས་ཚུལ་འོག་བོད་མི་རིགས་ཀྱིས་རང་བཞིན་དུ་ཆུ་ལ་སྟོབས་ཤུགས་ཆེ་བའི་རྣམ་ཤེས་སྤྲད་དེ་ཆུ་ལ་བཀུར་ཞིང་སྐྲག་པ་དང་། གསོལ་བ་འདེབས་པའི་བསམ་པ་སྐྱེས་པ་མ་ཟད། མཆོད་འབུལ་གྱི་བྱེད་སྒོ་སྤེལ་ནས་ལོ་རེར་ཆར་པ་འབབ་པའི་སྨོན་ལམ་འདེབས་པ་དང་། སེར་བ་མེད་པའི་ལྟོས་བཅས་ཀྱི་བརྟན་ལྷིང་གི་གོམས་གཤིས་ཤིག་ཆགས་པ་མ་ཟད། རིམ་བཞིན་ཞིང་རྨོ་རིག་གནས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།


(གཉིས)ཆོས་ལུགས་བྱེད་སྒོའི་ཁྲོད་ཀྱི་ཆུ།

      ནང་བསྟན་ཆོས་ལུགས་བོད་རིགས་ས་ཁུལ་དུ་དར་བ་ནས་བཟུང་། དང་ཐོག་གི་རང་བྱུང་ལ་སྟབས་བདེ་ཡིས་དད་བཀུར་བྱེད་པའི་ཁྲོད་ནང་བསྟན་གྱི་ཁྱད་ཆོས་ཟབ་མོ་བསྣན་ཡོད་པ་མ་ཟད། བོད་མི་རིགས་ཀྱིས་རང་བྱུང་ལ་དད་བཀུར་བྱེད་པའི་འདུ་ཤེས་དང་།  མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་མ་ཟད། ད་དུང་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་ཕྱོགས་སོ་སོར་ཁྱབ་ཡོད། དུས་དེ་ནས་བཟུང་། ཆུ་ནི་གཙང་པོ་དང་མཚེའུ་ཡི་རྣམ་པའི་ཐོག་ནས་གནས་པ་ཙམ་མིན་པར། ལྷ་མཚོ་དང་བླ་ཆུ་ཡི་རྣམ་པའི་ཐོག་ནས་གནས་ཡོད། རང་བྱུང་དུ་གནས་པའི་གཙང་པོ་དང་།ཆུ་བོ། མཚེའུ་བཅས་ཕུད་ད་དུང་བསྙེན་བཀུར་སོགས་ཆོས་ལུགས་ཀྱི་མཛད་སྒོའི་ཁྲོད་རྒྱ་ཁྱབ་ངང་སྤྱད་དེ་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་གྲུབ་ཡོད།

     བོད་མི་ཕལ་ཆེ་བའི་ཁྱིམ་དུ་མཆོད་ཁང་ཡོད་པ་དང་། མཆོད་ཁྲིད་ཀྱི་མདུན་དུ་ཆུ་གཙང་ཕོར5ཡན་མཆོད་པ་འབུལ་བ་དང་། ཉིན་ལྟར་ཞོགས་པར་ཆུ་ཕོར་ནང་ཆུ་གཙང་མ་འབུལ་བ་དང་མཆོད་མེ་བསྒྲོན་དགོས་ལ། དད་སེམས་རྣམ་དག་གིས་ལྷ་མདུན་དུ་ཕྱག་འཚལ་བ་དང་། ཁྱིམ་ཚང་འཆམ་མཐུན་བཀྲ་ཤིས་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། ས་སྲོད་ཀྱི་སྔོན་ལ་ཆུ་གཙང་ཕོར་ནང་གི་ཆུ་ཕྱགས་དགོས།


(གསུམ)དུས་ཆེན་རིག་གནས་ཁྲོད་ཀྱི་ཆུ།

      བོད་མི་རིགས་ཀྱིས་ཆུ་དང་ཚེ་སྲོག ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཚར་དང་འབྲེལ་བ་དམ་ཟབ་ཡོད་པ་ཚོར་ནས། ཆུའི་ལྐོག་གྱུར་གྱི་སྟོབས་ཤུགས་སྣ་ཚོགས་ལ་དད་བཀུར་བྱེད་པ་དེ་བོད་མི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་ཕྱོགས་སོ་སོར་ཁྱབ་ནས། ཆུ་དང་འབྲེལ་བ་ཡོད་པའི་གོམས་སྲོལ་སྣ་ཚོགས་ཆགས་ཡོད། གོམས་སྲོལ་དེ་དག་རྒྱུན་ཆད་མེད་པར་འགྱུར་ལྡོག་དང་འཕེལ་རྒྱས་བྱུང་བའི་འོག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དུས་ཆེན་ཞིག་ཏུ་རིམ་བཞིན་ཆགས་ཡོད། ས་གནས་ཁག་གི་བོད་རིགས་ས་ཁུལ་གྱི་ཆུའི་འབྲེལ་ཡོད་དུས་ཆེན་དང་དེ་བཞིན་དུས་ཆེན་དང་འབྲེལ་བ་ཡོད་པའི་གོམས་སྲོལ་སོགས་ཀྱང་མི་འདྲ་བ་ཡོད། ཆུ་ཡིས་བོད་རིགས་ཀྱི་བསམ་པའི་དད་མོས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། བོད་རིགས་ཀྱི་དུས་ཆེན་རིག་གནས་ཀྱང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

     1.  བོད་ཀྱི་ལོ་སར་ལ་ཐེབས་པའི་ཤུགས་རྐྱེན། ཀན་སུའུ་ཝུན་རྫོང་དང་སི་ཁྲོན་ནན་ཕིང་རྫོང་རྒྱུད་ཀྱི་གནམ་ལོ་གསར་ཚེས་ཀྱི་སྐབས་སུ། ཁྱིམ་ཚང་སོ་སོའི་བུད་མེད་ཚོས་འཚང་ཁ་ཤིག་ཤིག་གིས་ཆུ་རྫ་དང་ཆུ་ཟོམ་ནང་དུ་ཆུ་གང་བླུགས་ནས་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་ཡོང་བ་མཚོན་པ་དང་། ཚེས་གཅིག་ཉིན་གྱི་ཞོགས་པར་སུས་ཀྱང་ཆུ་འཁུར་མི་ཆོག  དེའི་ནང་དོན་ནི་མིས་ལོ་གསར་དུས་ཆེན་རོལ་ན། ཆུ་ལྷ་ཡིས་ཀྱང་དུས་ཆེན་རོལ་དགོས་པའི་རྒྱུ་མཚན་རེད།

    སི་ཁྲོན་ཞིང་ཆེན་ཕིང་ཝུའུ་རྫོང་པད་མ་བོད་རིགས་ཀྱིས་ལོ་གསར་རོལ་སྐབས“གྲོང་ཚོའི་ནང་གི་མི་རྣམས་ཀྱིས་ལོ་གསར་ཚེས་གཅིག་ཉིན་གྱི་ཐོ་རེངས་སུ་བྱ་སྐད་གྲགས་སྐབས་ཁྱིམ་ཚང་སོ་སོས་རང་ཉིད་ཀྱི་སྒོ་འགྲམ་དུ་མེ་ཤིང་ཕུང་པོ་ཞིག་བསྒྲོན་པ་དང་།  དེ་རྗེས་བུད་མེད་རྣམས་ཆུ་འགྲམ་དུ་ཆུ་ལེན་པར་འགྲོ་གི་ཡོད། ཆུ་བླངས་རྗེས། གླུ་ལེན་ཞོར་དུ་ཁང་པའི་ནང་དུ་ཆུ་གཏོར་བ་རེད། དེར“ཆུའི་གསོལ་བའམ”ཡང་ན“ཆུའི་མཆོད་པ” ཟེར་ཞིང་། དེ་ནི་ཆུ་ལྷ་ལ་མཆོད་པ་འབུལ་བའི་བྱེད་སྟངས་ཤིག་རེད། མི་རྣམས་ཀྱིས་ད་དུང་ཁུར་ཡོང་བའི་ཆུ་གསར་གྱིས་ཇ་བསྐོལ་བ་དང་ཆང་སྦང་བ། ཁ་ལག་བཀྲུས་པ་སོགས་བྱས་ཏེ།དེ་ནང་དོན་ནི་ལོ་གསར་གྱི་འགོ་བརྩམས་པ་དང་ནད་དག་ཡོད་ཚད་བཀྲུ་ནས་ལོ་གཅིག་གི་བདེ་སྐྱིད་དང་བདེ་ཐང་ཡོང་བར་བྱེད་པ་རེད།

     2. ས་ཁུལ་རང་བཞིན་གྱི་དུས་ཆེན་བྱུང་བ། བོད་ཀྱི་ལོ་རེའི་ཟླ་བདུན་པའི་ཟླ་སྟོད་དུ།   བོད་ལྗོངས་སུ་ལྷ་སའི་སྐྱིད་ཆུའི་འགྲམ་དང་། གྲོང་ཁྱེར་ནས་གྲོང་ཚོ།  འབྲོག་ཁུལ་ནས་ཞིང་ཁུལ་བཅས་སུ་མང་ཚོགས་རང་བཞིན་གྱི་ལུས་པོ་འཁྲུ་བའི་བྱེད་སྒོ་ཞིག་ཡོད།  ལོ་གཅིག་དུས་གཅིག་གི་ལུས་འཁྲུད་བྱེད་སྒོ་དེ་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལུས་འཁྲུད་དུས་ཆེན་ཡིན་ལ་ལུས་འཁྲུད་གཟའ་འཁོར་ཡང་ཟེར།  ཉིན་བདུན་པོ་དེའི་ནང་། ཉིན་ལྟར་ཉི་མ་ནུབ་པའི་དུས་མཚམས་སུ་མི་རྣམས་རྒན་སྐྱོར་བྱིས་ཁྲིད་ཀྱིས་ཆུ་ཕྲན་ནང་དུ་ཡོང་ནས་འཚང་ཁ་ཤིག་ཤིག་གིས་མགོ་བཀྲུ་བ་དང་།  དེ་ནས་ལུས་སྟོད་ཕུད་དེ། ཆུས་ལུས་པོ་ཕྱིས་པ་དང་། མཇུག་མཐར་ཆུ་ནང་དུ་འཛུལ་ནས་ལས་པོར་ཁྲུས་བྱེད་པ་ཡིན། ཁོང་ཚོས་ཉིན་དེ་དག་ལ་ལྷ་ས་སྐྱིད་ཆུའི་ནང་དུ་ལུས་པོ་ཁྲུས་བྱས་ན་ལུས་སྟེང་གི་བཙོག་པ་འཁྲུ་ཐུབ་པ་མ་ཟད། ནད་གཞི་དང་གནོད་འཚེ་སེལ་ནས་མི་རྣམས་ལ་ཚེ་རིང་ནད་མེད་ཡོང་བའི་ངོས་འཛིན་བྱེད་ཀྱིན་ཡོད།

     3. མཚོ་སྐོར་དུས་ཆེན། སངས་རྒྱས་ཆོས་ལུགས་པའི་སེམས་སུ་མཚེའུ་ནི་དྭངས་ཤིང་གཙང་ལ་ཡངས་ཤིང་རྒྱ་ཆེ་བའི་མཚོན་བྱེད་ཡིན།  ཀུན་གྱིས་ཁས་ལེན་པའི་ཤེས་རབ་ལྡན་པའི་མཚེའུ་ལ་ལྷ་མཚོ་ཟེར། ལྷ་མཚོ་ནང་གི་“ལྷ་ཆུ་”ཡིས་མིའི་ཤ་ཤུན་སྟེང་གི་མི་གཙང་བ་ཐམས་ཅད་སེལ་ཐུབ་པ་མ་ཟད།  ད་དུང་མི་རྣམས་ཀྱི་བསམ་པའི་སྟེང་གི་འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ།ཕྲག་དོག་བཅས་དུག་ལྔ་ཀྱང་བཀྲུ་ཐུབ་པར་སྙམ། དབྱར་ཁ་དང་སྟོན་ཀའི་དུས་སུ་སླེབས་སྐབས་ནང་བསྟན་ཆོས་ལུགས་པས་རྒན་སྐྱོར་བྱིས་ཁྲིད་ཀྱིས་ལྷ་མཚོར་གནས་མཇལ་དུ་འགྲོ་བའམ་ཡང་ན་མཚོ་སྐོར་ལ་སོང་ནས་གསོལ་བ་འདེབས་པ་དང་། ཡང་ན་སེམས་ཁམས་འཁྲུ་བ་སོགས་བྱེད་ཀྱིན་ཡོད། ཕ་ཡུལ་དུ་ལོག་སྐབས་མཚོ་ཆུ་ཤེལ་དམ་གང་འཁྱེར་བ་ནི་གཉེན་ཉེ་ཚོར་ཁྱེར་པའི་ལག་རྟགས་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།  ལོ་རེ་ནས་ལོ་རེར་མཚོ་སྐོར་དུས་ཆེན་རིམ་བཞིན་གྲུབ་བཞིན་ཡོད།

གསུམ། ཆུ་ལ་དད་བཀུར་བྱེད་པའི་གོམས་སྲོལ།

      བོད་མི་རིགས་ཀྱིས་གནའ་སྔ་མོ་ནས་ཆུ་ལ་དད་བཀུར་བྱེད་པའི་གོམས་སྲོལ་ཆགས་པ་ནས་བཟུང་། ད་ལྟའི་བར་དུ་རྒྱུན་བསྲིངས་བྱས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས་མི་རིགས་ཀྱི་ཐོན་སྐྱེད་འཚོ་བ་དང་བསམ་པའི་འཇིག་རྟེན་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། བོད་རིགས་ས་ཁུལ་གྱི་ས་གནས་སོ་སོས་ཆུ་ལྷ་ལ་མཆོད་འབུལ་བྱེད་སྟངས་ཀྱང་མི་འདྲ་བ་དང་། སྨོན་འདུན་ཞུ་དོན་ཡང་མི་འདྲ་བ་རེད། གཞི་བདག་ལ་མཆོད་པ་འབུལ་སྲོལ་དང་བསྡུར་ན་ཆུ་ལྷར་མཆོད་པ་འབུལ་རྒྱུ་དེ་རྣམ་པ་ཙམ་ལ་མི་འཛེམ་པར་གང་འདོད་དུ་མངོན་པ་རེད། ཆུ་རྒྱུན་བརྒྱུད་པའི་ས་ཆར་མི་རྣམས་ཀྱིས་ལོ་གསར་དང་དུས་ཆེན་གྱི་སྐབས་སུ་ཆུ་འགྲམ་དུ་བསང་གཏོང་བ་དང་། དར་ལྕོག་འགེལ་བ། རླུང་རྟ་སྤུར་པ་བཅས་བྱེད་ཀྱིན་ཡོད། མཚོ་ཁུལ་དུ་སྡོད་པའི་མི་རྣམས་ཀྱིས་མཚོ་ལ་མཆོད་པ་འབུལ་པ་དང་མཚོ་སྐོར་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྷ་མཚོ་ལ་མཆོད་འབུལ་བྱེད་ཀྱིན་ཡོད། དཔེར་ན་མཚོ་སྔོན་པོའི་མཚོ་སྐོར་ནི་དཔེ་མཚོན་ཅན་གྱི་མཚོན་བྱེད་ཞིག་རེད། མི་རྣམས་ཀྱིས་རང་ཉིད་ཀྱི་བསམ་འདུན་མཚོན་པའི་བུམ་པ་མཚོ་སྔོན་པོར་འབུལ་ནས་རང་ཉིད་ཀྱི་བསམ་འདུན་མངོན་འགྱུར་ཡོང་བའི་སྨོན་ལམ་འདེབས་ཀྱིན་ཡོད། ས་ཁུལ་ཁ་ཤས་སུ་ཆུ་ནི་གཤེར་གཟུགས་ཀྱི་རྣམ་པ་རྐྱང་རྐྱང་སྟེང་ནས་ཆུ་ལྷ་ལ་དད་བཀུར་བྱེད་པ་ཙམ་མིན་པར།ཆུ་ནི་དར་གྱི་རྣམ་པའི་ཐོག་ནས་ཡང་མངོན་གྱིན་ཡོད། རྨ་ལྷོ་ས་ཁུལ་དུ་བོད་མི་རིགས་ཀྱིས་ལོ་སར་སྐབས་སུ། ལོ་རྙིང་གི་ཆེས་མཐའ་མཇུག་གི་ཉིན་མོར་བྱིས་པ་དང་རྒན་པ་རྣམས་ཀྱིས་ཆུ་འགྲམ་དུ་དར་བླངས་ནས་ཁྱིམ་དང་སྡོད་སའི་མཐའ་འཁོར་དུ་བླུགས་ནས་ཆུ་ལྷ་རང་ཁྱིམ་དུ་ཕེབས་ཏེ་ཁྱིམ་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་འདེབས་ཀྱིན་ཡོད།


བཞི། མཇུག་གི་གཏམ།

    ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན། མིའི་རིགས་ཀྱིས་རིག་གནས་གསར་སྐྲུན་བྱེད་པའི་འབྱུང་ཁུངས་ཡིན་ལ། བོད་མི་རིགས་ཀྱི་བསམ་པའི་འཚོ་བའི་འབྱུང་ཁུངས་ཀྱང་ཡིན། གཙང་པོ་དང་མཚེའུ་སོགས་རང་བྱུང་གི་རྣམ་པ་སྣ་མང་ལ་བརྟེན་ནས་གནས་པའི་ཆུ་ཡིས་བོད་མི་རིགས་ཀྱི་སྤྱི་ཚོགས་དང་། རིག་གནས་འཕེལ་རྒྱས་ལ་ཁོར་ཡུག་གི་འགན་ལེན་བསྐྲུན་ཡོད་པ་དང་། བོད་མི་རིགས་རང་ཉིད་ཀྱང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཕེལ་འགྱུར་བྱེད་པའི་ཆབས་ཅིག་ཕུན་སུམ་ཚོགས་པའི་སྣ་མང་གི་རིག་གནས་ཀྱི་ནང་དོན་ལ་བརྟེན་ནས་ཆུ་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་ཀྱིན་ཡོད། བོད་མི་རིགས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་དང་སྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད་ཐུན་མོང་མ་ཡིན་པའི་ནང་དོན་ལྡན་པའི་ཆུའི་རིག་གནས་བཏོད་པ་མ་ཟད། ད་དུང་བོད་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཀྱང་བཏོད་ཡོད།དེ་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། མིའི་རིགས་ཡོངས་ཀྱི་རིག་གནས་ཀྱི་མཆོག་ནོར་ཞིག་ཀྱང་རེད།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23062702
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1