ཨུ་རྒྱན་གཏེར་ཇ་དང་ངའི་ཕ་ཡུལ་གྱི་འབྲེལ་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 9 ཚེས 25 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» ཡུལ་སྲོལ་དང་རྒྱུན་ཤེས། »ཨུ་རྒྱན་གཏེར་ཇ་དང་ངའི་ཕ་ཡུལ་གྱི་འབྲེལ་བ།
ཨུ་རྒྱན་གཏེར་ཇ་དང་ངའི་ཕ་ཡུལ་གྱི་འབྲེལ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/7/21ལྟ་ཀློག (1438)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨུ་རྒྱན་གཏེར་ཇ་དང་ངའི་ཕ་ཡུལ་གྱི་འབྲེལ་བ།

     བོད་མི་རིགས་འདི་གནའ་ནས་ཇ་ལ་དགའ་བའི་མི་རིགས་ཤིག་ཡིན་པས། ཇ་རྟའི་གནའ་ལམ་ཡང་ད་གཟོད་ལོ་རྒྱུས་ཀྱིས་བརྗེད་དཀའ་བའི་གནའ་ལམ་དུ་གྱུར། བོད་མི་རིགས་ཀྱིས་ཇ་འཐུང་གྲངས་མང་ཤོས་ནི་ཇ་ནག་གི་རིགས་ཡིན་མོད། བོད་རང་གི་ས་གནས་སུ་སྐྱེས་པའི་ཇ་ལྗང་གི་རིགས་ཀྱང་མི་འཐུང་བ་ག་ལ་ཡིན། བྱེ་བྲག་ཏུ་ཨུ་རྒྱན་གཏེར་ཇ་འདི་བོད་ཡུལ་གྱི་ས་ཆ་མང་བོར་སྐྱེས་ཡོད་ཅིང་། འདིས་ཇ་བཟོ་བའི་ས་ཆ་ཅི་ཙམ་ཡོད་མེད་ཆ་མ་འཚལ་མོད། ཁམས་སྟོང་སྐོར་གྱི་ཡུལ་འདིར་སྔ་མོ་ནས་འདིས་ཇ་བཟོ་བའི་བྱུང་བ་ཡོད་ཅིང་། ཁྱད་པར་ཇ་ནག་གི་རིགས་དེ་ཙམ་དར་ཁྱབ་ཆེར་མེད་པའི་སྐབས་སུ་འདི་ཉིད་ཇ་ཡི་གཙོ་བོ་ལྟ་བུར་གྱུར་ཡོད་པར་སྙམ། འདི་ལ་ཨུ་རྒྱན་གཏེར་ཇ་ཟེར་དོན་ནི། ཨུ་རྒྱན་རིན་པོ་ཆེས་གཏེར་ནས་བླངས་པས་ཇ་མིང་ལའང་དེ་ལྟར་ཐོགས་པར་བཤད།
༡ ཇ་འཐུ་བའི་དུས།
      ཇ་འདིའི་ལོ་མ་ནི་སྒྲོ་ཡི་དབྱིབས་དང་འདྲ་བས་བལྟས་ཚོད་ལ་གྲོ་ལོ་དང་ཅུང་ནོར་འགྲོ་བ་ལྟ་བུར་མཆིས། དབྱར་དཀྱིལ་དུ་མེ་ཏོག་སེར་ལྷང་ངེར་བ་ཤར་རྒྱུ་ཡོད་ལ། མེ་ཏོག་ཁ་མ་ཕྱེ་གོང་དུ་འཐུ་བ་དང་། དགུན་ཤར་ལ་ཉེ་བའི་དུས་སུ་རྩྭ་སྐྱ་དང་མཉམ་དུ་གཞར་བའང་ཡོད།
༢ རྒྱུ་ཆ།
      ཇ་བཟོ་བ་ལ་ཉེ་བར་མཁོ་བའི་རྒྱུ་ཆ་ནི། གནས་ཀྱི་ཉེ་འདབས་སུ་ཚྭ་ཆུ་ཞིག་ཡོད་ཅིང་། དེའི་ངོས་སུ་ཆགས་པའི་ཚྭ་དཀར་ནི་རྒྱུ་ཆ་གཅིག་ཡིན་པ་དང་། ནགས་གསེབ་ཀྱི་སྡོང་རྒན་ཁོག་པ་སྟོང་བ་དག་གི་ནང་དུ་མེ་འབུད་ནས་སོ་བར་ཕབ་པའི་སོ་བའང་རྒྱུ་ཆ་བཟང་ཤོས་ཤིག་ཡིན། འདིིའི་མིང་ལ་(ཁོས་སུ)ཟེར་ཡང་། འདིའི་ཡི་གེའི་དག་ཆ་ཅི་འདྲ་ཡིན་མིན་ཐག་མ་ཆོད་པས་གུག་རྟགས་ནང་དུ་བཀོད་ཡོད། དེ་ལས་ཐང་ཤིང་གི་ངོས་སུ་ཆགས་པའི་ཐང་ཚྭའང་འདིའི་རྒྱུ་ཆ་ཡིན། སྐབས་དེ་དུས་ཐང་ཚྭ་ནི་རིན་གོང་ཆེན་པོར་གནས་པས་ས་གནས་འདི་དང་ཐག་ཉེ་བའི་འབྲོག་པ་དག་ཐང་ཚྭ་བཙོང་མཁན་འོང་སྲོལ་ཡོད་ཅིང་། ཐང་ཚྭ་བྲེ་གང་དང་ནས་བྲེ་གང་ཐོབ་ཆ་མཉམ་པ་ཡིན། ད་དུང་ཐང་ཕྲོམ་གྱི་རྩ་བ་མེར་བསྲེག་པའི་ཐལ་བའང་འདིའི་རྒྱུ་ཆའི་གྲས་ཡིན།
༣ ཇ་བཟོ་སྟངས།
     ཇ་བཟོ་སྟངས་ལ་རིགས་གཉིས་སུ་ཕྱེ་ཆོག་སྟེ། གཅིག གོང་དུ་བཤད་པའི་རྒྱུ་ཆ་སོ་བ་ལས་བཟོ་ན། ཆུ་ཁོལ་གྱི་ནང་དུ་སོ་བ་ཡུན་རིང་གདུས་ནས་ཁུ་བ་དྭངས་སྙིགས་བྱ། གཙང་སེལ་བྱས་ཟིན་པ་ན། ཨུ་རྒྱན་གཏེར་ཇ་སོ་ཁུག་ནང་དུ་འཕངས་ཏེ་དུས་ཚོད་འོས་མཚམས་ལ་གདུས་རྗེས། ཇའི་ཁ་མདོག་སོགས་ལ་ལེགས་པར་བརྟག མདོག་ཁ་སོགས་གྲུབ་ན་སྐོམ་པོར་བྱེད་དགོས་པ་ཡིན། འདིའི་མིང་ལ་ཇ་རྔོས་ཞེས་འབོད། རྒྱུ་ཆ་ཚྭ་དཀར་ལྟ་བུ་ཡིན་ན་ཇ་ལོ་དང་མཉམ་དུ་གདུ་ཆོག་པར་ཡིན། གཉིས།

ཇ་ལོ་ལྗང་ཁུ་ཆུ་ནང་གཙང་བཀྲུས་བྱས་པ་དང་། བསིལ་གྲིབ་ལྡན་པར་སྐམ་དུ་བཅུག་དགོས། དེ་ནས་སླ་ངའི་ནང་དུ་མེ་ཆེ་ཆུང་རན་པའི་ཐོག་ནས་སྐར་མ་བཅུ་ཡས་མས་སུ་བརྔོ་དགོས། དེ་ཡང་ལག་པས་ཡང་ཡང་བསྲུབ་དགོས་པ་དང་། མེ་ཤུགས་ཚད་ལས་བརྒལ་ན་ཚིག་འགྲོ་བའི་ཉེན་ཁ་ཡོད། དེ་ནས་ཡང་བསིལ་གྲིབ་ཡོད་སར་སྐམ་དུ་བཅུག་ན་ཡུན་རིང་དུ་ཁ་དོག་ཡལ་མི་འགྲོ་བའི་ཁྱད་ཆོས་ལྡན། དེ་ལྟ་བུའི་ཇ་ཡི་རིག་གནས་འདི་དག་ནི་གནའ་མྱི་རྒན་པོ་དག་གི་བློ་གྲོས་ལས་བྱུང་བའི་སྒྱུ་རྩལ་ཞིག་ཏུ་བརྩི་ཆོག་པ་ཡིན།

༤ བཟོས་ཟིན་པའི་ཇ།
      དེ་ལྟར་བཟོས་པའི་ཇ་ཡི་ཁ་དོག་གཉིས་སུ་ཡོད་དེ། སོ་ཁུག་ནང་དུ་གདུས་པ་ནི་ཁ་དོག་ནག་པོ་དང་། དབྱིབས་རིལ་རིལ་ལྟ་བུ་ལ། སྦོང་བའི་ཇ་ཁུ་ནག་པོ་ཡིན། སླ་ངའི་ནང་བརྔོས་པ་ནི་ཇ་ལྗང་གི་རིགས་སུ་གཏོགས་པས། རང་བྱུང་གི་ཆུ་ཁོལ་མས་ལེགས་པར་སྦོང་ནས་རང་སེམས་ལྷོད་ལ་བབས་ཏེ། ཧུབ་གང་འཐུང་ན། བསིལ་རླུང་འཇམ་པོ་དལ་གྱིས་རྒྱུ་སྟེ། སྔོ་དྲི་ཡོད་ཚད་རང་ཉིད་ལ་འཐུལ་འོང་བའི་སྣང་བ་སྟེར། རི་ལུང་ཐང་གསུམ་འཁྱག་གིས་བསྡམ་ནས། ཁ་བའི་འདབ་མ་ལྷབ་ལྷབ་ཏུ་གཡོ་བའི་ཚེའང་དབྱར་གྱི་དཔལ་ཡོན་ལོངས་སུ་སྤྱོད་ཐུབ་པའི་ཁྱད་ཆོས་ཕུན་སུམ་ཚོགས།
༥ ཕན་ནུས།
       སྔ་མོར་ཚང་མས་གཅིག་གྱུར་ལྟ་བུར་འཐུང་མོད། ཕྱིས་སུ་ཇ་འདྲ་མིན་མང་དུ་འགྲོ་སྐབས། ཁྲག་ཤེད་འཕེལ་བའི་རིགས་ཀྱིས་འཐུང་སྲོལ་ཡོད་པས་ཁྲག་ཤེད་དམའ་རུ་འགྲོ་བ་ལ་ནུས་པ་ཐོན་པ་དང་། བསིལ་བའི་རང་བཞིན་ཅན་ཡིན་པས་ཚ་བ་རྒྱས་སྐབས་འཐུང་ན་འོས་མཚམས་ཡིན་ནོ། །
༦ དོན་བསྡུ།
     དེ་ལྟར་ཨུ་རྒྱན་གཏེར་ཇ་ལ་བལྟ་བའི་ཡིག་འབྲུ་རེ་རེ་ནི། གནའ་མྱི་རྒན་པོའི་བློ་གྲོས་ལས་བྱུང་བའི་ཤེས་རབ་རེ་རེ་ཡིན་ལ། འཚོ་བའི་འགྱུར་ལྡོག་ལ་བལྟ་བའི་མེ་ལོང་ངོས་གཉིས་མ་ཞིག་ཀྱང་ཡིན་འོས་སོ། །
སྟོང་རབ་འབྱོར་གྱིས་རྒན་པ་དག་ལ་དྲིས་ཞོར་དུ་བཏགས།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
26370526
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1