བཅོམ་ལྡན་རིག་པའི་རལ་གྲིའི་བྱུང་བ་ཉུང་ཟད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 9 ཚེས 25 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བཅོམ་ལྡན་རིག་པའི་རལ་གྲིའི་བྱུང་བ་ཉུང་ཟད།
བཅོམ་ལྡན་རིག་པའི་རལ་གྲིའི་བྱུང་བ་ཉུང་ཟད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/8/2ལྟ་ཀློག (1520)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བཅོམ་ལྡན་རིག་པའི་རལ་གྲིའི་བྱུང་བ་ཉུང་ཟད།


སྒོ་ཤེས་རབ་རྒྱ་མཚོ།


       བཅོམ་ལྡན་རིག་པའི་རལ་གྲི་ཞེས་བྱུང་བ་ཁོང་ནི། སྔ་མོར་སྣར་ཐང་གི་མཁས་པ་ཆེན་པོ་ཞིག་ཡིན་པས། སྐྱེས་བུ་དམ་པ་དེའི་གནས་ཚུལ་ཡང་ཤེས་གལ་ཆེ། ཞེ་ས་མ་བྱས་ན། ཁོང་ནི་དགུང་ལོ་ཆུང་དུས་མཛེ་ནད་ཀྱི་སྙུང་གཞི་ཕོག་པ་ཞིག་ཡིན་པ་རེད། སྐབས་དེར་སྣར་ཐང་དུ་སྐྱོར་སྟོན་པ་ཞེས་པ་ཆུང་དུས་ནད་དེ་ཕོག་པས། ཉི་མ་རྩ་བ་ནས་མི་མཐོང་སའི་སྒྲུབ་ཕུག་ཅིག་ཏུ་ལོ་བཅུ་གཅིག་ལ་ཕྱག་ན་རྡོ་རྗེའི་བསྙེན་པ་མཛད་པས་ནད་སངས་དྲག་ཏུ་ཕྱིན་པ་ཞིག་ཡོད། མི་དེར་མཛེ་ནད་འཇོམས་པའི་ནུས་པ་ཡོད་པའི་གཏམ་ཞིག་བཅོམ་ལྡན་རིག་རལ་གྱིས་གསན་པས། ནད་དྲག་པའི་ཕྱིར་སྣར་ཐང་དུ་ལམ་ལ་ཆས།

      སྐྱོར་སྟོན་ནི་སྔར་སྐུ་མཚམས་དམ་པོར་ཡུན་རིང་དུ་བཞུགས་ཀྱང་། བཅོམ་ལྡན་རིག་རལ་དེར་བྱོན་སྐབས་སུ་མཚམས་ལ་བཞུགས་མེད་པ་རེད། བཅོམ་ལྡན་རིག་རལ་སྣར་ཐང་དུ་སླེབས་ཚེ། ཁོང་ཡང་འདུ་ཁང་གི་ཉེ་འཁྲིས་ཤིག་ཏུ་མར་བྱོན་གྱི་ཡོད་པ་ཡིན་ནམ་གསལ་པོ་མ་ཤེས་ཏེ། བཅོམ་ལྡན་རིག་པའི་རལ་གྲི་སྣར་ཐང་དགོན་དུ་སླེབས་པ་དང་། སྣར་ཐང་དགོན་པའི་འདུ་ཁང་གི་ཐོག་ནས་ཚོགས་དུང་འབུད་པ་དང་། སྐྱོར་སྟོན་པའི་མགོ་ཐོག་ལ་ཉི་མ་ཤར་བ་གསུམ་པོ་དུས་གཅིག་ཏུ་ཁེལ་བས། དེ་རྟེན་འབྲེལ་བཟང་པོ་ཞིག་ཡིན་པར་གྲགས།

      དེར་བཅོམ་ལྡན་རིག་རལ་གྱིས། སྐྱོར་སྟོན་ལ། ང་ལ་ནི་ནད་འདི་འདྲ་ཞིག་ཕོག་སོང་། ཁྱེད་ཀྱིས་བཅོས་ཐུབ་པར་གོ་བས་ཐག་རིང་ནས་བཅར་བ་ཡིན་ཞུས་དུས། སྐྱོར་སྟོན་གྱིས། ཁྱོད་ཀྱི་ནད་ནི་དེ་ཙམ་མི་སྐྱོན། དགོན་པ་འདི་དང་ཅུང་ཐག་ཉེ་བའི་སྒྲུབ་ཕུག་ཅིག་ཏུ་སྡོད་ལ《ཚད་མ་རྣམ་ངེས》སྐྱོར་དང་། ནད་ག་ལེར་དྲག་ཡོང་གསུངས་པ་ན། བཅོམ་ལྡན་རིག་པའི་རལ་གྲིས་ཀྱང་། ཁོང་གི་ངག་བཀོད་བཞིན་སྒྲུབ་ཕུག་དེར་བཞུགས་ནས《ཚད་མ་རྣམ་ངེས》ཚར་སྟོང་གཅིག་སྐྱོར་བར་མ་ཟད། མི་གཡོ་བའི་བསྙེན་པ་དུང་ཕྱུར་བཅུ་གསུམ་ཙམ་བགྲངས་པས། ག་ལེ་ག་ལེར་ནད་ཀྱང་སངས་དྲག་ཏུ་ཕྱིན་ནས། སྣར་ཐང་གི་ཆོས་གྲལ་ཏུ་ཞུགས་ཐུབ་པར་གྱུར།

       སློབ་གཉེར་རྒྱུན་རིང་གནང་བས་མཁས་པའི་གྲགས་པ་ཕྱོགས་སུ་ཁྱབ། རྗེས་སུ་ཁོང་གིས་གདན་ས་དེ་རུ་སློབ་ཚོགས་ཤིན་ཏུ་མང་པོ་བསྐྱངས་པས། དབུས་གཙང་ཕྱོགས་ཀྱི་མཁས་པ་ཕལ་མོ་ཆེ་དེར་འདུས་པ་རེད། སྐབས་དེ་དུས་སུ། དབུས་གཙང་དུ་མཁས་པ་གསུམ་ཡོད་ན། གཉིས་སྣར་ཐང་དུ་ཡོད་ཟེར་བའི་བཤད་རྒྱུན་ཞིག་ཀྱང་ཆགས། དེ་ནི་བཅོམ་ལྡན་རིག་པའི་རལ་གྲི་གཅིག་པུའི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་རེད།

      ཁོང་གི་སློབ་མའི་ནང་དུ། བཙུན་པ་འཇམ་དབྱངས་ཟེར་བའི་མཁས་པ་ཞིག་ཡོད་དེ། དུང་དཀར་རིན་པོ་ཆེས་ནི་དེའི་མཚན་ལ་འཇམ་སྒེག་བྷག་ཥི་གསུངས་ཡོད། སློབ་མ་དེས་སྐུ་རྩེད་ཀྱི་ཚུལ་དུ། དགེ་རྒན་གྱིས་སློབ་ཁྲིད་གནང་བཞིན་པའི་སྐབས་སུ་འདྲེ་རུ་བརྫུས་ནས་གློ་བུར་བརྒྱུགས་ཏེ། བླ་སློབ་ཐམས་ཅད་ལ་སྐྲག་བསླངས་པ་རེད།

      དེ་ལྟར་ཐེངས་གཅིག་གཉིས་ཤིག་བརྩེས་པས། སློབ་མ་དེ་ཡིན་པ་བཅོམ་ལྡན་རིག་རལ་གྱིས་ཤེས་པས་ཁོང་སྐུ་རླུང་ལངས་ཏེ། དེ་ནས་བཟུང་བཙུན་པ་འཇམ་དབྱངས་ཞུ་བ་དེ་ཁོང་གི་འཁྲིས་སུ་བཏུད་ཙམ་ཡང་བྱེད་དུ་མ་བཅུག་པས། བཙུན་པ་འཇམ་དབྱངས་ཀྱང་བར་ཞིག་ནས་སྣར་ཐང་དུ་བཞུགས་མ་བདེ་བ་ལྟ་བུས་ས་སྐྱ་རུ་ཕེབས་པ་རེད།

      ཕྱིས་སུ་བཙུན་པ་འཇམ་དབྱངས་ཞུ་བ་དེ་ཉིད། སོག་པོའི་རྒྱལ་སྲས་ཤིག་གིས་དབུ་བླར་གདན་དྲངས་ཏེ་བླ་མ་གྲགས་ཆེན་དུ་གྱུར་པར་མ་ཟད། མཁས་པའང་ཡིན་པས《ཚད་མ་རྣམ་འགྲེལ》སོགས་ལ་ཊཱིཀ་ཡང་མཛད་པ་རེད། འོན་ཀྱང་། སྔར་དགེ་རྒན་དང་འབྲེལ་བ་ཆད་ཕྱིན། ཁ་མ་གྲགས་ཤིང་། མདུན་དུ་བཅར་མ་བཅུག་པ་དེས་ཐུགས་སེམས་རྒྱུན་དུ་མ་སྐྱིད་པས། དགེ་རྒན་དགྱེས་པའི་ཕྱིར་སོག་ཡུལ་ནས་ནམ་རྒྱུན་ཅ་ལག་མང་པོ་སྐྱེས་སུ་བསྐུར་ནའང་། བཅོམ་ལྡན་རིག་རལ་གྱིས་ནི་རྣམ་འགྱུར་བཟང་པོ་ཏིལ་ཙམ་ཡང་མ་བསྟན་པ་རེད།

     ཉིན་ཞིག སྣག་ཚ་སྒམ་ཆུང་གང་སྐྱེས་སུ་བསྐུར་དུས། དེ་ལ་བཅོམ་ལྡན་རིག་པའི་རལ་གྲི་ཡང་རབ་ཏུ་དགྱེས་ནས་བླ་སློབ་གཉིས་ཀའི་འབྲེལ་ལམ་ཡང་བསྐྱར་སོས་པ་རེད། སྐབས་དེར་སྣག་ཚ་ཤིན་ཏུ་དཀོན་ཞིང་། བཅོམ་ལྡན་རིག་རལ་གྱིས་ནི་གསུང་རྩོམ་མང་པོ་འབྲི་དགོས་པས་སྣག་ཚ་དེས་ཤིན་ཏུ་ཐུགས་དགྱེས་པ་ཡིན་ནམ་སྙམ་སྟེ། རྗེས་སུ་ཁོང་གིས་གསུང་རྩོམ་པོ་ཏི་བཅུ་དྲུག་མཛད་པ་རེད།

       དེ་ནས་བཙུན་པ་འཇམ་དབྱངས་ཀྱིས། ད་ཕན་བོད་དུ་འགྱུར་བའི་བཀའ་བསྟན་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ན་ལེགས་ཞེས་ཁོང་ལ་བསྐུལ་མ་མཛད་པ་ལ་བརྟེན་ནས། དབུས་པ་བློ་གསལ་དང་། ལོ་ཙཱ་པ་བསོད་ནམས་འོད་ཟེར་སོགས་ཀྱིས་ཕྱག་རོགས་གནང་སྟེ། བཀའ་བསྟན་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་བསྒྲིགས་པའི་ཕྱག་ལས་རླབས་པོ་ཆེ་དེ་ཡང་གནང་། བཙུན་པ་འཇམ་དབྱངས་ལ་ནི་སོག་པོའི་རྒྱལ་སྲས་ཤིག་གི་རྒྱབ་སྐྱོར་ཡོད་པས། ཕྱག་ལས་དེ་ལ་སྣག་ཤོག་སོགས་ཀྱི་མཐུན་རྐྱེན་ཆ་ཚང་ཁོང་གིས་སྦྱར་པ་ཡིན་པས། འགོས་ལོ་ཙཱ་པས་ཀྱང་། སྣར་ཐང་དུ་བཀའ་བསྟན་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུ་ཐུབ་པ་ནི་ཐུགས་སྲས་བཙུན་པ་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ཡིན་པར་གསུངས་ཡོད།

དཔྱོད་ལྡན་མཁས་པའི་རང་གཤིས་གཙང་མ།

     ད་ལྟའི་བཤད་ཚུལ་ལྟར་ན། བཅོམ་ལྡན་རིག་པའི་རལ་གྲི་ནི་ཤེས་ཡོན་ཅན་གྱི་གཤིས་ཀ་ལྡན་པ་ཞིག་ཡིན་པར་མཐོང་སྟེ། རང་གི་སློབ་མ་ཞིག་སོག་པོའི་རྒྱལ་སྲས་ཀྱི་དབུ་བླ་ཆེན་པོར་ཆགས་དུས། མི་ཕལ་མོ་ཆེ་ནི་དེར་འབྲེལ་བ་འཛིན་རྒྱུར་དགའ་ནའང་། བཅོམ་ལྡན་རིག་པའི་རལ་གྲི་ནི་རྒྱུ་དང་དབང་ཙམ་ལ་མགོ་སྒུར་མཁན་གྱི་གཤིས་ཀ་ཅན་ཞིག་ཁྱོན་ནས་མིན་པས། སྣག་ཚ་བསྐུར་པས་ཐུགས་འགུལ་ཐེབས་ཏེ་དགྱེས་པ་མ་གཏོགས། རྒྱལ་སྲས་ཀྱི་དབུ་བླ་ཡིན་པའི་ཟིལ་ཤུགས་ལ་ནི་ཁ་ཡ་ཙམ་ཡང་བྱས་མེད་པ་རེད།

      དེས་ཀྱང་མི་ཚད་དེ། བཅོམ་ལྡན་རིག་པའི་རལ་གྲི་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་གཉིས་དུས་སྐབས་གཅིག་ཏུ་ཁེལ་ཡོད་ལ། འགྲོ་མགོན་འཕགས་པ་སོག་པོ་སེ་ཆེན་རྒྱལ་པོའི་དབུ་བླར་ཆགས་ཏེ། རྒྱལ་པོ་དེའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་ས་སྐྱ་པའི་མངའ་ཁོངས་སུ་བསྡུས་པ་ན། འགྲོ་མགོན་འཕགས་པ་ནི་བོད་ཀྱི་ཆེས་མཐོའི་དབུ་ཁྲིད་དུ་གྱུར་པ་རེད།

      དེ་ནས་འགྲོ་མགོན་འཕགས་པར་ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་སོགས་བཀོད་སྒྲིག་བྱས་པས། བོད་ཀྱི་བླ་ཆེན་ཞིག་ལ་རྒྱལ་པོ་ཆེན་པོའི་ལུགས་ཀྱི་ཞབས་ཕྱི་སྒྲུབ་མཁན་ཡང་ཐོག་མར་བྱུང་། དེ་ལྟར་རབ་ཏུ་བྱུང་བ་ཞིག་གིས་རྒྱལ་པོ་ཆེན་པོའི་ཚུལ་མཛད་པ་ན། བཅོམ་ལྡན་རིག་པའི་རལ་གྲི་ཐུགས་མ་རངས་པར། “སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་སྒྲིབ། །སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། །སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་ཅན། །འདི་གསུམ་མ་རྟོགས་འཕགས་པ་མིན་པར་གོ །”ཞེས་བྲིས།

      བོད་ཀྱི་བླ་མ་ཞིག་ཆབ་སྲིད་ཀྱི་དབང་འཛིན་མཐོ་ཤོས་སུ་ཕེབས་ཏེ། “ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་ཚུགས་དུས། ཆེས་ཐོག་མར་སྐྱོན་བརྗོད་གནང་མཁན་ནི་བཅོམ་ལྡན་རིག་པའི་རལ་གྲི་ཡིན་ལ། ཉེ་དུས་སུ་དུང་དཀར་རིན་པོ་ཆེ་སོགས་ཀྱིས་ཀྱང“ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་མི་ལེགས་པར་གསུངས་ཡོད།

      ཚིགས་བཅད་དེའི་དོན་གང་ཞེ་ན། “སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་ཅན”ཞེས་པ་ནི། འགྲོ་མགོན་གྱིས་རྒྱལ་པོ་ཆེན་པོའི་ཚུལ་མཛད་པ་ལ་མ་རངས་པའི་སྐད་ཆ་ཡིན་ལ། “སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་སྒྲིབ”ཅེས་པ་ནི་གྲུབ་མཐའི་ལྟ་ཚུལ་ལྟ་བུ་ཞིག་མིན་ནམ་སྙམ།

      གང་ལྟར་འགྲོ་མགོན་འཕགས་པར། ཁྱོད་ཀྱིས་ནི། སངས་རྒྱས་ཀྱི་བསྟན་པར་ལྷད་སྐྱོན་འབྱུང་བཞིན་པ་ཧ་གོ་ཡི་མི་འདུག་ལ། བོད་མིའི་སྐྱིད་སྡུག་གྱི་ཁ་ལོ་སོག་པོའི་དཔོན་པོ་ཚོའི་ལག་ཏུ་ཤོར་སོང་བའང་ཤེས་ཀྱི་མེད་པར་མ་ཟད། དགེ་སྦྱོང་ཡིན་བཞིན་དུ་དཔོན་པོ་དང་རྒྱལ་པོའི་ཆ་བྱད་བྱས་ན་མི་མཛེས་པའང་རྟོགས་ཀྱི་མེད་པས། འདི་ཙམ་ཡང་མ་ཤེས་ན། ཁྱོད་ཀྱི་མིང་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཞེས་གྲགས་ཀྱང་། དོན་ལ་འཕགས་པ་མིན་པ་ཧ་གོ་སོང་ཞེས་གསུངས་པ་རེད།

       “སེམས་ཅན་སྐྱིད་སྡུག་མི་དཔོན་ལག་ཏུ་ཤོར”ཞེས་པའི་ཚིག་དེར་ལྷག་ཏུ་གོ་རྒྱུ་ཆེ་བར་སྙམ། སོག་པོའི་རྒྱབ་སྐྱོར་ལ་བརྟེན་ནས་ས་སྐྱ་པས་བོད་གཅིག་གྱུར་མ་མཛད་པའི་གོང་དུ། བོད་སིལ་བུའི་དུས་ཡིན་ཕྱིར་ལུང་པ་སོ་སོའི་ནང་དུ་དཔོན་པོ་ཆུང་ཙག་རེ་ཡོད་པ་ཙམ་ལས་གཅིག་གྱུར་གྱི་ཆབ་སྲིད་ཀྱི་སྒྲིག་གཞི་གང་ཡང་མེད་པས་ལྟོས་བཅས་ཀྱིས་གུ་ཡངས་དང་བག་ཕེབས་ཡིན་ནའང་། སོག་པོའི་རྟ་དམག་བོད་ནང་དུ་སླེབས་ཤིང་བཙན་དྲག་ཆེ་བ་སོགས་ལ་ཐུགས་སུན་པས“སེམས་ཅན་སྐྱིད་སྡུག་མི་དཔོན་ལག་ཏུ་ཤོར”གསུངས་པ་མིན་ནམ་སྙམ་སྟེ། ཁྱོད་ཚོ་བླ་རྒན་ཁ་ཤས་ཕར་རྒྱུག་ཚུར་རྒྱུག་བྱས་ནས། བོད་ཀྱི་མགོ་ཐམས་ཅད་སོག་པོའི་ལག་ཏུ་བཞག་སོང་ཟེར་བའི་དོན་ཡིན་པ་འདྲའོ། །

      ཚིགས་བཅད་དེ་ལ་འགྲོ་མགོན་འཕགས་པས་ཀྱང་ཕྱིར་ལན་འདེབས་གནང་ཡོད་དེ། “བསྟན་ལ་འཕེལ་འགྲིབ་ཡོང་བ་རྒྱལ་བས་གསུངས། །སེམས་ཅན་སྐྱིད་སྡུག་རང་རང་ལས་ལ་རག །གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད། །འདི་གསུམ་མ་རྟོགས་མཁས་པ་མིན་པར་གོ །”ཞེས་ཏེ། ཇི་སྐད་བཤད་པའི་གནས་ལུགས་དེ་ཙམ་ཡང་ཤེས་ཀྱི་མེད་ཚེ། ཁྱོད་ལ་ཡང་མཁས་པའི་མིང་གྲགས་པ་ཙམ་ལས། དོན་ལ་མཁས་པ་རྣལ་མ་ཞིག་མིན་པར་གོ་སོང་གསུངས་པ་རེད།

      གནས་ཚུལ་དེའི་སྟེང་ནས་བལྟས་ཚེ། འགྲོ་མགོན་ཆོས་རྒྱལ་འཕགས་པ་དཀྱེལ་ཡངས་ཆེ་བ་ཤེས་ཐུབ། འགྲོ་མགོན་འཕགས་པ་ནི་དེ་དུས་དངོས་གནས་མི་ཆེན་དབང་ཆེན་ཏེ། བོད་ཡུལ་གྱི་དབང་འཛིན་ཆེས་མཐོ་ཤོས་ཡིན་པ་རེད། མ་གཞི་དུས་དེར་སོག་པོའི་སྟོབས་ཤུགས་འཛམ་གླིང་གི་བླ་ན་འཕགས་པའི་སྒང་ཡིན་ཞིང་། ཁོང་ནི་སོག་པོའི་དབུ་བླ་ཡིན་པས་མི་ཚད། རྒྱལ་པོ་ཧུ་པེ་ལི་ཡིས་ཁོང་ལ་ཕྱག་འཚལ་རབས་ཀྱང་ཡོད་པས། དེ་ནི་དུས་དེར་མཚོན་ན་བློ་ཡུལ་ལས་འདས་པའི་དོན་ཞིག་ཏུ་བརྩི་ཆོག

      རྒྱལ་པོ་ཧུ་པེ་ལི་ཡིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་མདུན་ནས་དབང་ཞུ་འདོད་ཀྱང་། ཡུན་རིང་ཞིག་ལ་མ་ཞུས་པ་རེད། རྒྱུ་མཚན་ནི་དེའི་ཡར་སྔོན་རྒྱལ་པོས་ཁོང་ལ། དབང་ཞུས་ན་བསྒྲུབ་དགོས་པ་ཅི་ཡོད་དྲིས་པར། དབང་ཞུས་ན་བླ་མ་གོང་དུ་བཞུགས་ཏེ་རྒྱལ་པོས་འོག་ནས་ཕྱག་འཚལ་དགོས་ཤིང་། བླ་མས་གསུངས་པའི་ཁ་ལའང་ཉན་དགོས་པ་རེད་གསུངས་པས་ཡིན། རྒྱལ་པོས། འོ་དེས་ན་དབང་ཞུ་མི་ནུས། ང་ནི་ས་སྟེང་ན་འགྲན་ཟླ་བྲལ་ཞིང་གོང་ན་མེད་པ་ཡིན་ཕྱིར་སུ་ལ་ཡང་ཕྱག་འཚལ་མི་འོས། ང་རྒྱལ་པོ་ཡིན་པས་དྲག་པོ་གཡུལ་གྱི་ལས་བྱེད་དགོས་ཤིང་། བཙོན་པ་གསོད་པ་སོགས་ཀྱང་བྱེད་དགོས་ན། བླ་མ་སྙིང་རྗེ་ཆེ་བས་དེ་དག་མ་བྱེད་གསུངས་ཚེ། བཀའ་ཡང་བརྩི་མི་ནུས་པས་དབང་མི་ཞུ་ཞེས་སྨྲས་སྐད།

       དེ་ནས་རིམ་གྱིས་དབང་ཞུས་ན་ཅི་འདྲ་ཡིན་བརྟག་པའི་ཆེད་དུ་བཙུན་མོ་ཞིག་ལ་དབང་ཞུ་རུ་བཅུག་ཅིང་། རྒྱལ་པོས་བཙུན་མོ་དེ་ལ། དབང་ཞུས་ན་ཅི་འདྲ་འདུག་ཅེས་པར། བཙུན་མོས། དབང་ཞུས་ན་སེམས་ལ་ཕན་ཐོགས་ཆེ་སྨྲས། དེ་ལ་རྒྱལ་པོས་ངས་ཀྱང་དབང་ཞུ་འདོད་དེ། བླ་མ་ལ་ཕྱག་འཚལ་བ་སོགས་བསྒྲུབ་ཐབས་མེད་པས་ཅི་བྱ་སྙམ་པ་ན། བཙུན་མོས་བར་འདུམ་མཛད་དེ། བླ་མས་རྒྱལ་པོ་ལ་གཅིག་པུར་ཆོས་གསུང་སྐབས་བླ་མ་གོང་དུ་བཞུགས་ཤིང་རྒྱལ་པོ་འོག་ཏུ་སྡོད་རྒྱུ་དང་། ཚོམས་ཆེན་དུ་རྒྱལ་པོ་གོང་དུ་བསྡད་དེ་བླ་མ་འོག་ཏུ་བཞུགས་རྒྱུ། དམག་འཁྲུག་སོགས་ཀྱི་བར་ལ་བླ་མས་མང་པོ་མི་གསུང་རྒྱུ། བོད་ཕྱོགས་ཀྱི་བྱ་བ་ལ་བླ་མས་ཅི་གསུངས་དང་ལེན་ཞུ་བ་ལས། བླ་མར་མ་ཞུས་པར་རྒྱལ་པོས་ལུང་མི་གནང་རྒྱུ་བཅས་བྱས་ཏེ། རྒྱལ་པོས་དབང་ཞུས་པར་གྲགས།

       གང་ལྟར་དེ་དུས་སོག་པོའི་མགོ་འཕང་གནམ་དུ་ཡོད་པས། དེའི་དབུ་བླར་བཀུར་ཞིང་བོད་ཀྱི་རྒྱལ་པོར་གྱུར་པ་ཞིག་ལ། “སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་ཅན”ལྟ་བུ་སྨྲས་ཏེ་སྐྱོན་བརྗོད་བྱས་ཚེ། བཙོན་དུ་སྦྱོར་བའམ། དམག་ཤུགས་དཔུང་ཤུགས་སོགས་ཀྱིས་གནོན་སྲིད་ནའང་། འགྲོ་མགོན་འཕགས་པས་དེ་འདྲ་ཅུང་ཟད་ཀྱང་མ་བྱས་པར་རྩོམ་ཡིག་ཐོག་ནས་ལན་འདེབས་གནང་བ་དེའི་ཐོག་ནས་འགྲོ་མགོན་འཕགས་པའི་དཀྱེལ་ཡངས་མཐོང་ཐུབ་ཀྱི་འདུག་ཟེར་བ་ཡིན།

      ཁོང་གིས་བཅོམ་ལྡན་རིག་རལ་ལ་ལན་བཏབ་པའི་དོན་ནི། ཁྱོད་ཀྱིས་རང་ཉིད་མཁས་པར་རློམ་ནས་མང་པོ་བཤད་འདུག་ཀྱང་། དོན་དངོས་སྟེང་གནས་ལུགས་ཆེན་པོ་འགའ་ཞིག་ཧ་གོ་མི་འདུག་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་འཕེལ་འགྲིབ་ཡོད་པ་ནི་བཅོམ་ལྡན་འདས་རང་གིས་གསུངས་པས། སྐབས་རེར་དར་ལ་རེས་འགར་རྒུད་པ་ནི་ཆོས་ཉིད་ཅིག་ཡིན་ན། བསྟན་པའི་དར་རྒུད་ཀྱི་ངན་ཁག་ཐམས་ཅད་ངའི་སྟེང་དུ་གཡུག་རྒྱུ་ག་ལ་ཡོད།

       དེ་བཞིན་སེམས་ཅན་གྱི་བདེ་སྐྱིད་ཀྱང་རང་རང་གི་ལས་ལ་རག་ལས་པས། བོད་ཀྱི་དབང་ཆ་སོག་པོའི་ལག་ཏུ་ཤོར་བ་དེའང་སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་པ་ཡིན་གྱི། ལོ་རྒྱུས་ཀྱི་འཁོར་ཕྱོགས་འདི་ང་གཅིག་པུས་ཁ་ལོ་བསྒྱུར་ཐུབ་པ་ཞིག་མ་རེད། ཁྱོད་ཀྱིས་རྒྱུན་དུ་ལས་འབྲས་ཀྱི་རྣམ་གཞག་བཤད་ཀྱི་ཡོད་པ་མ་ཡིན་ནམ། དེས་ན་སེམས་ཅན་གྱི་བདེ་སྡུག་ནི་རང་རང་གི་ལས་ཀྱིས་བསྐྱེད་པ་ཡིན་གྱི་ངས་བསྐྱེད་པ་མ་རེད། ཅེས་དང་།

     ད་རུང་ཁྱོད་ཀྱིས་ང་ལ། སྙིགས་དུས་ཀྱི་དགེ་སྦྱོང་ཞིག་གིས་དཔོན་པོའི་ཆ་ལུགས་གྱོན་འདུག་ལབ་ནས་མ་རངས་པའི་ཚིག་སྨྲས་འདུག་ཀྱང་། ངས་ནི་བསྟན་འགྲོའི་ཆེད་དུ། གང་ལ་གང་འདུལ་དེ་ལ་དེ་སྟོན་བྱས་པ་ཡིན་པས། དེ་དག་ཙམ་ཡང་ཤེས་ཀྱི་མེད་ན། ཁྱོད་ཀྱིས་རང་ཉིད་མཁས་པར་རློམ་ཡང་མཁས་པ་མིན་པར་ཧ་གོ་སོང་གསུངས་ནས་ལན་འདེབས་མཛད་པ་རེད།

      སྐད་ཆ་རྗེས་མ་དེ་ཐེག་པ་ཆེན་པོའི་ལུགས་ལྟར་གསུངས་པ་ཡིན་གྱི། ཉན་ཐོས་པའི་ལུགས་ལ་ནི། འདུལ་བའི་བཅས་མཚམས་གཞིར་བཞག་ན། གྲྭ་པ་ཞིག་གིས་དཔོན་པོའི་ཆ་ལུགས་བྱས་པར་འགལ་སྤོང་བྱེད་ས་གཏན་ནས་མི་འགྲོ་ཡང་། ཐེག་པ་ཆེན་པོའི་ལུགས་ལ་ནི་འགྲེལ་གཞན་རྒྱག་རྒྱུ་ཡོད་ཚོད་དེ། སེམས་ཅན་ལ་ཕན་ཐོགས་ན། སྙིང་རྗེའི་དབང་གིས་གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད་དགོས་པས། ལ་ལར་རྒྱལ་པོའི་ཚུལ་འཛིན་པ་དང་། ལ་ལར་བློན་པོའི་ཚུལ་འཛིན་པ་སོགས་མང་པོ་ཡོད་སྐད་འདུག

      (འགྲོ་མགོན་འཕགས་པས། བཅོམ་ལྡན་རིག་རལ་ལ་ཁྲིམས་ཆད་སོགས་ཀྱིས་མ་གཅུན་པར་རྩོམ་ལན་ཞིག་བཏབ་པ་དེར། ཕྱོགས་གཅིག་ནས་གོང་དུ་བཤད་པ་ལྟར་ཁོང་དཀྱེལ་ཡངས་ཆེ་བའི་རྒྱུ་མཚན་དུ་འགྲེལ་བརྒྱབ་ཆོག་མོད། ཡང་ཕྱོགས་གཞན་ཞིག་ནས་བསམས་ན། འགྲོ་མགོན་འཕགས་པའི་སྐད་ཆ་དེའི་བརྗོད་དོན་ལ་ཆབ་སྲིད་ཀྱི་རིག་པའི་ངོས་ནས་ཚིག་རྐང་རེ་རེ་བཞིན་དགག་པ་ཚ་ཞིང་ནན་པ་རེ་འབབ་པར་མ་ཟད། ཚིག་དེ་དག་གིས་ནི་ཆོས་པས་སྲིད་དབང་འཛིན་པ་དང་། ཆོས་ཀྱི་རིན་ཐང་ལྟ་ཚུལ་གཞིར་བཟུང་ནས་ཆབ་སྲིད་བསྐྱངས་ན་ལམ་ནོར་དུ་འགྲོ་སླ་བའི་གནད་གསལ་པོར་མཚོན་ཡོད་པས། “ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་དེ་ཉིད་ཆོས་སྲིད་གཉིས་འཕུང་གི་ལམ་ལུགས་ཤིག་ཏུ་འགྱུར་དོན་གྱི་རྩ་བ་ཡང་ཚིག་དེ་ལས་མཐོང་ཐུབ་ཅེས་དེང་སྐབས་དཔྱོད་ལྡན་མཁས་པ་དག་གིས་གསུང་གིན་པ་ནི་རབ་ཏུ་མད་སྙམ།)

     དེ་ལྟར་ཕར་ཚུར་གསུངས་པའི་ཚིག་དེ་དག་གི་དོན་སྙིང་ཆེ་ཆུང་གང་འདྲ་ཡིན་ནའང་། བཅོམ་ལྡན་རིག་པའི་རལ་གྲི་ནི་དེ་འདྲའི་གཤིས་ཀ་ལྡན་པའི་མི་ཞིག་རེད། འགྲོ་མགོན་འཕགས་པའི་དབང་ཤུགས་གནམ་དུ་འཕགས་བཞིན་པའི་སྐབས་དེར། ཆོས་པ་ང་ཡིན་ཟེར་མཁན་དང་། མཁས་པ་ང་ཡིན་ཟེར་མཁན་ཕལ་མོ་ཆེ་ནི་ཁོང་གི་ངོ་འཛིན་གྱི་ཆེད་དུ་རྒྱུག་གི་རེད་མ་གཏོགས། རང་སེམས་ཀྱི་སྐད་ཆ་དྲང་མོར་སྨྲས་ནས་སྐྱོན་བརྗོད་བྱེད་ཐུབ་ཀྱི་མ་རེད།

         མདོར་ན། སྔར་གོང་དུ་སྨྲས་པ་བཞིན། བཅོམ་ལྡན་རིག་པའི་རལ་གྲི་ནི་རང་གཤིས་མཁྲེགས་པའི་དམ་པ་ཞིག་ཡིན་པས་མི་ཚད། སྐབས་དེར་ཁོང་གི་མཚན་སྙན་ལ་བརྟེན་ནས། དབུས་གཙང་གི་མཁས་པ་སུམ་ཆའི་གཉིས་ཙམ་སྣར་ཐང་དུ་འདུས་མྱོང་བ་ལྟ་བུའི་འཕྲིན་ལས་ཀྱང་རྒྱས་པས་བོད་ཀྱི་ཤེས་རིག་དར་འཕེལ་ལ་མཛད་རྗེས་བཞག་ཡོད།

       ཁོང་ཉིད་ཆུང་དུས་སྙུང་གཞི་ཕོག་པའི་ནད་པ་ཞིག་ཡིན་པས། ནད་པ་ཞིག་གིས་བོད་ཀྱི་ལོ་རྒྱུས་ཐོག་དེ་ལྟ་བུའི་ངོ་མཚར་ཞིག་བསྐྲུན་པ་ནི་ང་ཚོ་ཕྱི་རབས་པས་ཧ་གོ་དགོས་པ་ཞིག་རེད། ཁོང་ལ་མཚོན་ན། མི་ཚང་ཆེན་པོ་དང་། ཁྱིམ་ཚང་ཕྱུག་པོའི་བྱིས་པ་དེ་འདྲ་མིན་ལ། སྤྲུལ་སྐུ་ཡིན་ཟེར་ནས་ཁྲི་ཆེན་པོའི་ཐོག་ཏུ་བསྐྱོན་བཞག་པ་དེ་འདྲ་ཡང་མིན་པར། སྤྱིར་བཏང་གི་མི་དཀྱུས་མ་ཞིག་ཏུ་མ་ཟད། ཆུང་དུས་སྐུ་སྙུང་ཚབས་ཆེན་གྱིས་ཟིན་པ་ཞིག་ཡིན་ཀྱང་། མཐར་བོད་ཀྱི་ལོ་རྒྱུས་ཐོག་ཏུ་གླེང་རི་བའི་སྐྱེས་བུ་དམ་པ་དེ་འདྲ་ཞིག་ཏུ་ཆགས་སོང་བ་རེད།


སྣར་ཐང་མཁན་པོ་རིག་པའི་རལ་གྲི།

      བཅོམ་ལྡན་རིག་པའི་རལ་གྲི་ནི་བོད་དབུས་གཙང་ཁམས་གསུམ་ལས་དབུས་ཀྱི་བྱེ་བྲག་ལྷོ་ཁར་དཔལ་བསམ་ཡས་ཀྱི་ཉེ་འགྲམ་ཕུ་ཐང་གི་སར། བོད་རབ་བྱུང་བཞི་པ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་བཅུ་ཚན་གསུམ་པ་ཙམ་ལ་སྐུ་བལྟམས།

གཞི་རྩའི་གནས་ཚུལ།

འཁྲུངས་ཡུལ།

ལྷོ་ཁ་དཔལ་བསམ་ཡས་ཕུ་ཐང་།

འཁྲུངས་ལོ།

སྤྱི་ལོའི་དུས་རབས་བཅུ་གསུམ་པ།

གྲུབ་མཐའ།

དགེ་ལུགས་པ།


1 ངོ་སྤྲོད།

       བཅོམ་ལྡན་རིག་པའི་རལ་གྲི་ནི་བོད་དབུས་གཙང་ཁམས་གསུམ་ལས་དབུས་ཀྱི་བྱེ་བྲག་ལྷོ་ཁར་དཔལ་བསམ་ཡས་ཀྱི་ཉེ་འགྲམ་ཕུ་ཐང་གི་སར། བོད་རབ་བྱུང་བཞི་པ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་བཅུ་ཚན་གསུམ་པ་ཙམ་ལ་སྐུ་བལྟམས། བྱིས་པའི་དུས་ནས་སྤྱང་གྲུང་འཛོམ་པ་ཞིག་ཡིན་པར་བརྟེན། ཡབ་ཡུམ་གྱིས་བསམ་ཡས་མཆོད་རྟེན་དཀར་པོར་བཙུན་པ་བྱེད་དུ་བཅུག དེར་ལོ་ཤས་རིང་ཡོན་ཏན་གྱི་གཞི་ལེགས་པར་ཚུགས་པའི་རྗེས་སུ་དགའ་བ་གདོང་དུ་བྱོན་ནས། སློབ་དཔོན་ཉི་མ་བརྩོན་འགྲུས་མདུན་ཕར་ཕྱིན་གྱི་གཞུང་གསན། ཡུན་རིང་མ་སོང་བར་མཛེ་ནད་ཀྱིས་ཟིན་པའི་རྣམ་རྟོག་ཤར་བར་བརྟེན། སློབ་དཔོན་ལ་དགོངས་པ་ཞུས་ནས་གཙང་སྣར་ཐང་གི་དགོན་པར། སྐྱོ་སྟོན་པའི་དྲུང་དུ་ནད་བཅོས་ལ་བྱོན། སྐྱོ་སྟོན་པས་ཁྱེད་ཀྱི་ནད་འདི་ལ་བཅོས་ཐབས་གཞན་མི་དགོས། ཁྱེད་རང་ཚད་མ་རྣམ་ངེས་ཀྱི་གཞུང་འདི་གྲོག་སུལ་ཕ་གིར་སྐྱོར་དང་གསུངས་ནས་རྣམ་ངེས་དཔེ་ཆ་ཞིག་ཕྱག་ཏུ་གཏད།

2 མཛད་རྗེས།

       དེ་ནས་གྲོག་ཕུག་ཅིག་ཏུ་བཞུགས་ནས་རྣམ་ངེས་ཚར་སྟོང་ཕྲག་ཁ་ཤས་སྐྱོར་བས་མཛེ་ནད་རྩ་མེད་དུ་སོང་། ཤིན་ཏུ་ཐུགས་དགྱེས་ཏེ་སྣར་ཐང་གི་ཆོས་གྲྭར་ཞུགས་ནས་སྐྱོ་སྟོན་དང་། རོང་པ་ཤེས་རབ་སེང་གེ། བླ་མ་ཆེན་པོ་ཀུན་དགའ་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོ་ལ་མདོ་སྔགས་རིག་གནས་མ་ལུས་པ་གསན། ས་སྐྱའི་བླ་མ་ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་ས་སྐྱའི་ཟབ་ཆོས་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་གསན། མདོ་སྔགས་རིག་གནས་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་ཅིང་མཁས་པའི་གྲགས་པ་དབུས་གཙང་ཀུན་ཏུ་ཁྱབ། སྣར་ཐང་མཁན་པོ་མཛད་སྐབས་བོད་ཀྱི་སྡེ་སྣོད་འཛིན་པ་སུམ་གཉིས་ཙམ་སྣར་ཐང་དུ་འཛོམ། རྗེས་སུ་ཐར་པ་གླིང་དུ་བྱོན་ནས་ཚོགས་ཆོས་ཡུན་རིང་གསུངས། 

3 སློབ་མ།

       སྣར་ཐང་གི་མཆིམས་འཇམ་དབྱངས་དང་། དབུས་པ་བློ་གསལ་སོགས་སློབ་མ་མཁས་ཆེན་མང་པོ་སྤེལ།

4 གསུང་རྩོམ།

       གསུང་རྩོམ་ཡང་པོ་ཏི་བཅུ་དྲུག་ཙམ་ཡོད་པར་གྲགས་ཀྱང་དུས་དབང་གིས་ཕལ་ཆེ་བ་ཐོར་བར་གྱུར། དེང་སང་ཚད་མའི་སྐོར་ལ་སྡེ་བདུན་རྒྱན་གྱི་མེ་ཏོག་དང་། རྣམ་ངེས་རྒྱན་གྱི་མེ་ཏོག རྣམ་ཐར་སྐོར་ལ་སྐྱེས་རབས་རྒྱན་གྱི་མེ་ཏོག་དང་བླ་མ་དཔྱལ་པའི་གདུང་རབས་རིན་པོ་ཆེའི་ཟ་ར་ཚགས། སྣར་ཐང་བཀའ་དང་བསྟན་འགྱུར་ཐོག་མར་སྡུད་སྐབས་ཀྱི་དཀར་ཆག་བཅས་བྲིས་མ་ཡིག་རྙིང་དེ་དག་མི་རིགས་དཔེ་མཛོད་ཁང་དུ་བཞུགས་སོ།།

དཔྱད་གཞིའི་ཡིག་ཆ།

  • 1  མི་ཉག་མགོན་པོས་བརྩམས་པའི 《གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་།》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
26370574
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1