ཕྱྭ་པ་ཆོས་ཀྱི་སེངྒེ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 12 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སྔོན་བྱོན་སྐྱེས་ཆེན། »ཕྱྭ་པ་ཆོས་ཀྱི་སེངྒེ།
ཕྱྭ་པ་ཆོས་ཀྱི་སེངྒེ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/8/2ལྟ་ཀློག (2000)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགོན་སྡེའི་སློབ་གཉེར་ལམ་ལུགས་དང་བསྡུས་གྲྭའི་རིགས་ལམ་གསར་གཏོད་ལ་མཛད་རྗེས་ཆེ་བའི་སློབ་དཔོན་ཕྱྭ་པ་ཆོས་ཀྱི་སེངྒེ།


      གསང་ཕུའི་མཁན་ཐོག་དྲུག་པ་ཕྱྭ་པ་ཆོས་ཀྱི་སེང་གེ་ནི་གསང་ཕུའི་མཁན་པོ་མཛད་མཁན་གྱི་ནང་ནས་དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས་ཤིང་གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་མཛད་མཁན་གྱི་སློབ་གསོའི་གྲགས་ཅན་མི་སྣ་རྒྱལ་ཁབ་ཕྱི་ནང་དུ་མཁས་པའི་སྙན་གྲགས་ཡོད་པ་ཞིག་ཡིན། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་གླང(༡༡༠༩)ལོར་ཕྱྭ་ཞེས་པའི་ཡུལ(འགའ་ཤས་ཀྱི་ཆ་ཡང་ཟེར)སྟེ། དེང་སྐབས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ལ་མོ་ཆུས་ཀྱི་ཁོངས་སུ་གཏམས། རབ་བྱུང་གསུམ་པའི་ས་གླང(༡༡༦༩)ལོར་སྐུ་བཤེགས། ཁོང་སྐུ་ན་ཆུང་དུས་ནས་ཐུགས་རིག་གསལ་ཞིང་མགུར་མ་སྣ་ཚོགས་གསུང་ཐུབ་མཁན་ཞིག་ཡིན་པས་དགེ་བཤེས་རྒྱ་དམར་བས་ཕ་མ་ལས་སློང་ཏེ་ཞབས་ཕྱིར་ཁྲིད་ནས་ཁོང་གི་དྲུང་ནས་ཚད་མ་དང་དབུ་མ་གསན་སྦྱོང་གནང་། ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་དུ་རབ་ཏུ་བྱུང་ནས་མཚན་ལ་ཆོས་ཀྱི་སེང་གེ་ཞེས་བཏགས། ཁོང་དང་དེའི་སློབ་མ་ཉན་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་དྲུང་དུ་ཕར་ཕྱིན་དང་སྤྱོད་ཕྱོགས་སྐོར་གསན། གསང་ཕུའིགདན་ས་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད། ཕྱྭ་པ་ཆོས་ཀྱི་སེང་གེས་གདན་སའི་སློབ་གཉེར་སྲོལ་གཏོད་གནང་བའི་མཛད་རྗེས་གཙོ་བོ་ནི།

༡. གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་དུ་གཏོད་པ།

༢.སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་གཏོད་པ། ༣.དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་འཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་པ། ༤.འཛིན་གྲྭ་བགོ་བའི་ལམ་ལུགས་གསར་དུ་གཏོད་ཅིང་འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འཁེལ་གནང་བ། ༥.ལོ་གཅིག་གམ་སློབ་དུས་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ།

༦.འཛིན་གྲྭ་ཕན་ཚུན་གཏུགས་རེས(འགྲན་བསྡུར་)བྱས་པའི་ཐབས་ལམ་གསར་དུ་གཏོད་པ།

༧.ཆོས་ཐོག་སྐབས་འགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང་། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་འགྲོ་གླེང་ཞར་བྱུང་བྱ་རྒྱུའི་སྲོལ་གཏོད་པ། ༨.སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་གཏོད་པ།

༩.སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་གཏོད་པ།

༡༠.ཚད་མ་རིགས་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི{བསྡུས་གྲྭ}ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ། ༡༡.མཚན་ཉིད་རྩོད་སྐབས་ཀྱི་དྲི་བ་དྲི་ལན་འདེབས་ཚུལ་དང་། རྩོད་གླེང་གཏོང་མཁན་གྱི་འཛིན་གྲྭའིི་དབུས་སུ་ལངས་ཏེ་ཐོག་མར་ཁས་ལེན་བཟུང་མཁན་ལ་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ། གཟན་སྐྱུར་འབེབས་ནས་སྐད་གསང་མཐོན་པོས་བགྲོ་གླེང་འགོ་ཚུགས་པའི་ངྷི་སྐད་གཏོང་བ་དང། 

དེ་ནས་གཟན་སྐེད་པར་དཀྲིས་ཏེ་སྐབས་སུ་བབས་པའི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ལག་པས་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། འཁོར་གསུམ་བསྐོར་བ་སོགས་ཀྱི་དམ་བཅའ་ཁས་ལེན་དང་མཚན་ཉིད་རྩོད་པའི་ཐ་སྙད་དང་བྱ་ཐབས་བཅས་པའི་ངོ་མཚར་ཁྱད་དུ་འཕགས་པའི་སློབ་གཉེར་སྲོལ་ལམ་ཞིག་གཏོད་གནང་སྟབས་བོད་ཀྱི་གདན་ས་ཁག་ཏུ་ཁོང་གི་སྲོལ་གཏོད་དེ་དར་ཁྱབ་གོང་འཕེལ་ཤུགས་ཆེན་བྱུང་བ་མ་ཟད། ད་ལྟ་ཡང་ཁོང་གི་སློབ་གཉེར་ལམ་ལུགས་མ་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་བཅས་ཡིན། ཁོང་སྐུ་ཚེའི་རིང་སློབ་མ་གྲངས་ཀྱི་མི་ལངས་བ་ཡོད་པའི་ནང་གྲགས་ཆེ་ཤོས་ནི་རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད་ཡོད་པ་སྟེ། གཙང་ནག་པ་བརྩོན་འགྲུས་སེང་གེ དར་བག་སྨྲ་བའི་སེང་གེ བྲུ་ཤ་བསོད་ནམས་སེང་གེ རྨ་བྱ་རྩོད་པའི་སེང་གེ རྩེགས་དབང་ཕྱུག་སེང་གེ ཉང་བྲན་ཆོས་ཀྱི་སེང་གེ འདན་མ་དཀོན་མཆོག་སེང་གེ གཉལ་པ་ཡོན་ཏན་སེང་གེ་བཅས་ཡིན། སློབ་མ་གྲགས་ཆེན་བརྒྱད་ཀྱི་ནང་ནས་གཉལ་པ་དང་། བྲུ་ཤ་བ་གཉིས་མ་གཏོགས་དེ་མིན་ཚང་མས་ཚད་མ་དང། དབུ་མ། ཕར་ཕྱིན་བཅས་ཀྱི་གཞུང་རྒྱས་བསྡུས་དུ་མ་མཛད་ཡོད། ཁོང་གི་གསུང་རྩོམ་སྐོར་ལ་བྱམས་ཆོས་སྡེ་ལྔའི་འགྲེལ་པ། ཚད་མ་རྣམ་ངེས་ཀྱི་འགྲེལ་པ། ཚད་མ་ཡིད་ཀྱི་མུན་སེལ། ཤེས་བྱ་གཞི་ལྔའི་རྣམ་གཞག (རྒྱས་བསྡུས་གཉིས) དབུ་མ་བདེན་གཉིས་ཀྱི་འགྲེལ་པ། དབུ་མ་སྣང་བའི་འགྲེལ་པ། སྤྱོད་འཇུག་ཆེན་མོའི་འགྲེལ་པ་བཅས་མང་དུ་ཡོད། གཞན་ཡང་ཁོང་གི་མཛད་རྗེས་མང་ཡང་འདིར་ཡིག་རྫོབ་ཆེ་བར་དོགས་ནས་མ་བཀོད་པས་ཞིབ་པར་གཟིགས་འདོད་མཁན་རྣམས་ཁོང་གི་དངོས་སློབ་ནག་པ་བརྩོན་འགྲུས་སེང་གེས་མཛད་པའི་རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བརྒྱར་འགྱེད་པ་ཞེས་པ་དང་། ཞབས་དྲུང་རིན་ཆེན་འབྱོར་ལྡན་གྱིས་མཛད་པའི་གསང་ཕུའི་གདན་རབས། དེབ་དེར་སྔོན་པོ། ལེ་ཚན[ཚ]བཅས་སུ་གསལ་ལོ།།

གསང་ཕུ་ནེའུ་ཐོག་དགོན།

       (ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས)རབ་བྱུང་དང་པོའི་ཆུ་གླང(༡༠༧༣)ལོར་ཇོ་བོ་རྗེ་ཨ་ཏི་ཤའི་དངོས་སློབ་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱིས་ཐོག་མར་བཏབ། དེ་ཡང་དགོན་པ་འདེབས་སའི་ས་གནས་འདི་ཇོ་བོ་རྗེ་ཨ་ཏི་ཤས་ལུང་བསྟན་པ་གནང་ཞིང་།

      དགོན་པ་མ་འདེབས་བར་དུ་གསང་བ་མཛད་པར་ཞུ་ཞེས་ཞུས་པར་བརྟེན་ནས་གསང་ཕུ་ཞེས་མིང་ཐོགས་པར་བཤད། ཐོག་མར་གྲྭ་པ་ལྔ་བརྒྱ་ཙམ་འདུས་པ་ལ་རྔོག་གིས་འཆད་ཉན་མཛད། ཕྱྭ་པ་ཆོས་ཀྱི་སེང་གེས་མཚན་ཉིད་ཀྱི་སྲོལ་གཏོད་ནས་དར་རྒྱས་ཆེ་བ་བྱུང་། སེ་འབྲས་མ་ཆགས་གོང་དབུས་ཀྱི་གདན་ས་དྲུག་གི་གྲས་ཡིན།

      དུས་རབས་བཅུ་བཞི་པའི་ནང་རྗེ་ཙོང་ཁ་པས་དེ་གའི་མཁན་པོ་སེང་གེ་རི་བོང་ལས་རྣམ་འགྲེལ་གསན་པ་དང་། བཀའ་བཞིའི་གྲལ་སྐོར་ཡང་མཛད། དེ་རྗེས་མཁན་པོ་གྲགས་པ་སེང་གེས་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས།

      ཁོང་གི་བུ་སློབ་སོགས་ནས་བརྒྱུད་དེ་དགེ་ལུགས་དར་རྒྱས་ཆེ་སྟབས་གསང་ཕུར་ས་སྐྱ་དང་དགེ་ལུགས་ཀྱི་གྲྭ་ཚང་བཅུ་གཅིག་ཏུ་གྱེས་པ་སྟེ།

༡.སྤེལ་སེར། ༢.ཉི་མ་ཐང་། ༣.དྭགས་པོ་གྲྭ་ཚང་། ༤.རྣམ་རྒྱལ་གསེར་ཁང་། ༥.ཁུ་སྤེ་བཅས་གླིང་སྟོད་གྲྭ་ཚང་ལྔ་དང་། ༦.སྒྲོས་རྙིང་པ། ༧.གཞི་བ། ༨.ཉང་རོང་། ༩.གནས་སྒོ་བ། ༡༠.སྒྲོས་གསར་བ། ༡༡.རྭ་བ་སྟོད་སྨད་བཅས་གླིང་སྨད་གྲྭ་ཚང་དྲུག་སྟེ་བཅུ་གཅིག་ཡོད་ལ་ཕྱིས་གྲྭ་ཚང་རྣམས་གྲྭ་ས་གཞན་དང་བསྒྲིལ་བའམ། ས་ཆ་གཞན་དུ་གཞིས་ཕབ་སྟབས་གསང་ཕུ་དབྱར་ཆོས་ཙམ་མ་གཏོགས་རྒྱུན་གཏན་གྲྭ་གྲངས་སུམ་ཅུ་སྐོར་ལས་མེད།

     དབྱར་ཆོས་སྐབས་མཁན་པོ་དང་ཁྲིམས་གནོན་རྣམས་སྙེ་ཐང་རྭ་བ་སྟོད་པ་སོགས་བླ་ཁག་བཅུ་རེས་སྐོར་གྱིས་བྱེད་པ་དང་དགའ་ལྡན་ཤར་རྩེ་མཁན་པོས་གསང་ཕུ་གླིང་སྨད་ཞབས་དྲུང་གི་མིང་འཛིན་བྱེད་སྲོལ་ཡོད།

     ཞིབ་པར་གླིང་སྟོད་བློ་བཟང་རྒྱ་མཚོའི་སྤྲུལ་སྐུ་ཉིད་ཐང་ངག་དབང་གཞོན་ནུ་བསྟན་པའི་ཉི་མས་མཛད་པའི{གསང་ཕུའི་གདན་རབས་དང་སྐྱེས་ཆེན་དམ་པའི་རྣམ་ཐར་བརྗོད་པ་པད་དཀར་ཆུན་པོ}ཞེས་པ་དེར་གཟིགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xun1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
27160186
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1