གཞི་ཆེན་རགས་བཀྲམ་དགོན་པའི་ལོ་རྒྱུས་ཉུང་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 9 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »གཞི་ཆེན་རགས་བཀྲམ་དགོན་པའི་ལོ་རྒྱུས་ཉུང་བསྡུས།
གཞི་ཆེན་རགས་བཀྲམ་དགོན་པའི་ལོ་རྒྱུས་ཉུང་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/8/23ལྟ་ཀློག (1578)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

      ༈ གཞི་ཆེན་རགས་བཀྲམ་དགོན་པའི་ལོ་རྒྱུས་ཉུང་བསྡུས།

ཐོག་མར་ཇི་ལྟར་ཕྱག་བཏབ་པ།

      དེ་ཡང་གསང་ཆེན་སྔ་འགྱུར་རྙིང་མ་པའི་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་ཤར་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་འཛིན་པའི་ཆོས་སྡེ་རགས་བཀྲམ་བྱམས་གླིང་ནི། མདོ་ཁམས་དམར་རྫ་སྒང་གི་རི་རྒྱུད་དུ་གཏོགས་པའི་ཟླ་ཆུའི་འགྲམ་རྒྱུད། གསེར་རྟ་རྒོད་རྒན་མཆོད་རྟེན་ནས་ལྷོ་ནུབ་ཕྱོགས་ཀྱི་ལེ་དབར༡༦༠ཡས་མས་ཀྱི་མཚམས་སུ་ཆགས་ཡོད་ཅིང་། བོད་རབ་བྱུང་བཅུ་གཉིས་པའི་རྣམ་འབྱུང་ཞེས་པ་ས་ཕོ་འབྲུག་གི་ལོ་སྟེ། སྤྱི་ལོ༡༦༨༨ལོར་གསར་འདེབས་མཛད་པར་གྲགས། དེ་ཡང་ཕྱག་འདེབས་པ་པོ་ནི་ཡོངས་གྲགས་སུ་གྲུབ་པའི་དབང་ཕྱུག་ཆེན་པོ་མངའ་བདག་ཉང་གི་གདུང་རྒྱུད་དུ་འཁྲུངས་པའི་གླང་བཞག་ཨོ་རྒྱན་ལྷུན་གྲུབ་རིན་པོ་ཆེ་ཡིན་པར་བཤད་ལ། ཡང་བཤད་སྒྲོས་གཞན་ཞིག་ནི། ཀཿཐོག་གསེར་ཁྲི་ལྔའི་ཡ་གྱལ་ཕྱག་ཚ་ཀུན་བཟང་ངེས་དོན་དབང་པོས་ཐོག་མར་ཕྱག་བཏབ་པ་ཡིན་ཞེས་ཀྱང་གྲགས་སོ།།

    རགས་བཀྲམ་བྱམས་པ་གླིང་གི་འདུ་ཁང་རྟེན་དང་བརྟེན་པ་ཐོག་མར་ཕྱག་བཏབ་པར་མཛད་དེ། གསང་སྔགས་སྔ་འགྱུར་བསྟན་པའི་ཆུ་མགོ་ཤར་རྒྱལ་བ་ཀཿཐོག་དགོན་པའི་ཆོས་རྒྱུན་གྱི་སྲོལ་ལེགས་པར་བཙུགས་ཏེ་གཞི་ཆེན་ཐེག་མཆོག་བསྟན་འཛིན་དང་བླ་མ་གསང་བདག་སོགས་གདན་ཚབ་ཏུ་མངའ་གསོལ་བར་མཛད། གཞི་ཆེན་ཐེག་མཆོག་བསྟན་འཛིན་དང་བླ་མ་གསང་བདག་གཉིས་ཀྱི་རྗེས་སུ་སྐྱབས་མགོན་བསོད་ནམས་དཔལ་ལྡན་ནམ་རིག་འཛིན་འཇམ་དཔལ་རྡོ་རྗེ་གདན་སར་བྱོན། ཁོང་གིས་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཆོས་སྐོར་ལས།བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་དབྱངས་རོལ་རྟ་བཅས་ཏེ་དག་སྣང་མར་གྲགས་པའི་བདུན་སྒྲུབ་དང་། མཆོག་གཏེར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་འདུས་ལྟར་དམར་འཆམ་དང་སྦྲགས་པའི་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་ཡང་ཟབ་བླ་མ་པདྨ་འོད་འབར་གྱི་གཞུང་བསྲིངས་ནས། དུས་དྲན་ཚེས་བཅུ་ཆེན་མོ་གར་དབྱངས་ཐིག་སོགས་རྒྱས་སྤྲོས་ཀྱི་དགུ་སྒྲུབ་ཆེན་མོ་བཅས་རྒྱུད་དང་མཐུན་ཞིང་གྲུབ་བརྙེས་རིག་འཛིན་གོང་མའི་ཕྱག་བཞེས་རྣམ་པར་དག་པའི་རྒྱུན་ཡང་སྐབས་འདི་ནས་གསར་འཛུགས་མཛད།

     (མཆན།  དགོན་པ་འདེབས་མཁན་ཀཿཐོག་ཕྱག་ཚ་སྐུ་ཕྲེང་དང་པོ་ཀུན་བཟང་ངེས་དོན་དབང་པོ་ཡིན་པར་ངོས་འཛིན་བྱེད་དགོས་ན། ལོ་ཚིགས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པ་ཞིག་ཡོད་ཅིང་། ཀུན་བཟང་ངེས་དོན་དབང་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་མ་རྙེད་ཀྱང་། དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་དུ་འཁྲུངས་པ་ཞིག་ཡིན་པ་གསལ་ཞིང་། ཁོང་གི་ཞལ་སློབ་དགེ་རྩེ་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ(1761-1829)ཡིན་པ་ལོ་རྒྱུས་སུ་གསལ་བས། དགོན་པ་ཕྱག་འདེབས་མཁན་ཀུན་བཟང་ངེས་དོན་དབང་པོ་ཡིན་མིན་དང་། ཡང་ན་དགོན་པ་འདེབས་པའི་ལོ་ཚིགས་སྤྱི་ལོ༡༦༨༨ ཡིན་མིན་ད་དུང་དཔྱད་དགོས་པ་མང་པོ་ཡོད་ཀྱང་། དགོན་པའི་འདེབས་ལོ་ཡོངས་གྲགས་ཆགས་ཟིན་པ་དང་། ཁ་ཚོན་གཅོད་འོས་པའི་ལོ་རྒྱུས་ཀྱི་དཔང་རྟགས་གསར་པ་གཞན་མ་རྙེད་པས་དཔྱད་གཞིར་བཞག)

གདན་རབས་རིམ་བྱོན།

      གཞི་ཆེན་རགས་བཀྲམ་དགོན་པའི་བླ་རབས་རིམ་བྱོན་ནི། ཨོ་རྒྱན་ནོར་བུ་དང་། གུ་རུ་བསྟན་འཛིན། མངའ་བདག་དཔལ་མགོན་བཀྲ་ཤིས། གཞི་ཆེན་ཡིད་བཞིན་དབང་རྒྱལ། གཞི་ཆེན་སྤྲུལ་སྐུ་མི་འགྱུར་ཚེ་དབང་ནོར་བུ། གཞི་ཆེན་དབོན་སྤྲུལ། སངས་རྒྱས་བཀྲ་ཤིས། ཀུན་བཟང་ཨོ་རྒྱན་ཐེག་མཆོག བཻ་རོ་མཁས་གྲུབ་བསྟན་འཛིན། མདོ་སྔགས་བསྟན་པའི་རྒྱལ་མཚན། འཇམ་དཔལ་ཕན་བདེ་བཟང་པོ། བཤད་སྒྲུབ་བསྟན་པའི་ཉི་མ། གཞི་ཆེན་དབོན་པོ་ཨོ་རྒྱན་ཆེ་མཆོག བཻ་རོ་ཨོ་རྒྱན་བསྟན་སྲུང་། བཻ་རོ་མ་འདས་སྤྲུལ་སྐུ་བློ་བཟང་དྲི་མེད་བསྟན་འཛིན། གཞི་ཆེན་གུ་རུ་བསྟན་འཛིན། དབོན་པོ་གང་ཤར་རང་གྲོལ། སྤྲུལ་སྐུ་ཁམས་གསུམ་དབང་རྒྱལ། རྒྱལ་སྲས་ཉི་ཟླ་བཟང་པོ། གཞི་ཆེན་གུ་མ་འདས་སྤྲུལ་སྐུ་འཇིགས་མེད་དབང་རྒྱལ། གཞི་སྤྲུལ་ཀུན་བཟང་ཉི་མ། དབོན་པོ་བློ་ལྡན་ཤེས་རབ། སྤྲུལ་སྐུ་མཁྱེན་རབ་དབང་ཕྱུག སྤྲུལ་སྐུ་སྐལ་བཟང་དབང་ཕྱུག མ་འདས་ཚང་གི་སྐུ་ཚ་སྤྲུལ་སྐུ་ཐུབ་བསྟན་ཉི་མ། དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ། བཻ་རོ་མི་འགྱུར་ཡེ་ཤེས་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་གསེར་གྱི་ལྷུན་པོ་ཚར་དུ་དངར་བ་བཞིན་བྱོན་ནས་གདན་ས་བསྐྱངས་པར་མཛད་དེ་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་རྒྱུན་བསྐྱངས། (གདན་རབས་ཀྱི་གོ་རིམ་ཆ་ཚང་ཇི་བཞིན་ཡིན་པའི་ངེས་པ་མེད།)

གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ།

དགོན་པ་འདི་ཉིད་ཐོག་མ་གསར་བཞེངས་མཛད་པའི་སྐབས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་ཡོད་ནའང་། ཕྱིས་སུ་དུས་རབས་བཅུ་དགུ་པའི་དཀྱིལ་སྟོད་ཙམ་ལ་གཞི་ཆེན་དབོན་པོ་ཨོ་རྒྱན་ཆེ་མཆོག་གིས་རགས་བཀྲམ་དགོན་པའི་གཙུག་ལག་ཁང་ཐོག་བརྩེགས་གསུམ། སྤེན་པད་ཉིས་བརྩེགས་ཅན། རྒྱབ་ངོས་རྡོ་བརྩིགས་ལས་གྲུབ་པ་རྒྱལ་རོང་ཁྲི་བཅུ་ཁོག་ནས་ཡོང་བའི་རྡོ་བཟོ་མཁས་པས་བརྩིགས་པ་དང་། ཕྱོགས་གསུམ་གྱང་ལས་གྲུབ་པ། འདུ་ཁང་ཀ་བ་དང་གདུང་མ་སོགས་ལ་ཤིང་བརྐོས་ཀྱི་རི་མོ་ཕུན་སུམ་ཚོགས་པས་བརྒྱན་པ། སྐབས་དེར་དགོན་པ་འདིའི་གཡས་གཡོན་ཉེ་འཁོར་ཚང་མའི་ནང་ནས་གཙུག་ལག་ཁང་ཆེ་ཤོས་སུ་གྱུར་པ་ཞིག་གསར་བཞེངས་གནང་། དེའི་རྗེས་སུ་བཻ་རོ་མཁས་གྲུབ་བསྟན་འཛིན་གྱི་རགས་པའི་སྐུ་ལུས་མ་དོར་བར་སྤྲུལ་པའི་རྣམ་རོལ་དུ་ཕེབས་པ་གཞི་ཆེན་མ་འདས་སྤྲུལ་སྐུ་བློ་བཟང་དྲི་མེད་བསྟན་འཛིན་ནམ།མཆོག་སྤྲུལ་བསོད་ནམས་དོན་གསལ་གྱིས་གཙུག་ལག་ཁང་དེ་ཉིད་ཀྱི་ནང་གི་རྟེན་ཆ་ཚང་གསར་བཞེངས་མཛད་ནས།སྐུ་གསུང་ཐུགས་གསུམ་གྱི་རྟེན་མང་པོ་དང་རོལ་ཆས་སོགས་མཆོད་རྫས་ཀྱི་ཡོ་བྱད་དུ་མ་གསར་བཞག་མཛད།

     སྐབས་དེ་དུས་ཀྱི་གཙུག་ལག་ཁང་དང་རྟེན་གསུམ་གྱི་གྲངས་ཀ་རགས་བསྡུས་ཤིག་འགོད་ན། བཟོ་བཀོད་དང་སྤུས་ཀ་ལེགས་པའི་གཙུག་ལག་ཁང་ཀ་རིང་བརྒྱད་དང་། ཀ་ཐུང་བརྒྱད་ཅུ་ཅན་གཅིག་དང་། འདུ་ཁང་གི་འོག་ཁང་དུ། འཇིམ་བཟོ་ལས་གྲུབ་པའི་སྒྲོལ་མའི་སྐུ་སྟོང་ཕྲག་གཅིག་སོགས་བཞུགས་ཤིང་། འཕན་གདུགས། རྒྱལ་མཚན་སོགས་བཀོད་ལེགས་ཡིད་འོང་གི་མཛེས་རྒྱན་ཕུན་སུམ་པ་ཚོགས་པར་བྱས་ཡོད།

    བར་ཁང་དུ། ཞི་ཁྲོ་ལྷ་ཁང་དུ་རྒྱུ་འཇིམ་བཟོ་ལས་གྲུབ་པའི་ཞི་བ་བཞི་བཅུ་རྩ་གཉིས་དང་། འབར་བ་ཁྲག་འཐུང་ལྔ་བཅུ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། མཁའ་འགྲོ་རྣམ་གཉིས། མཁའ་སྤྱོད་མ་དང་། གནས་བརྟན་བཅུ་དྲུག  གུ་རུ་མཚན་བརྒྱད། རྗེ་ཡབ་སྲས་གསུམ། མཁན་སློབ་ཆོས་གསུམ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱི་གསེར་སྐུ།གཏེར་མ་དང་ལི་མ་སྟོང་ཕྲག་ལྷག་ཙམ་བཞུགས། སྲུང་མ་ལྷ་ཁང་དུ། ཞིང་སྐྱོང་སེང་གདོང་ཡབ་ཡུམ། དུར་བདག་ཡབ་ཡུམ། ལེགས་ལྡན་ཚོགས་ཀྱི་བདག་པོ། དམ་ཅན་རྡོ་རྗེ་ལེགས་པ། སྔགས་སྲུང་ཨེ་ཀ་ཛ་ཊི། རྣམ་སྲས། གནོད་སྦྱིན་ཙི་དམར། གཉན་ཆེན་ཐང་ལྷ་སོགས་ཤིན་ཏུ་མང་།

    སྟེང་ཁང་དུ། རྒྱུ་ཟངས་གསེར་ལས་གྲུབ་ཅིང་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་ཚོམ་བཏབ་པའི་ལྷ་ལྡན་ཇོ་བོའི་ཚད་དང་མཉམ་པའི་ཇོ་བོའི་སྐུ་བརྙན་ཆབ་མདོའི་ཕུལ་བྱུང་བཟོ་རྩལ་ལས་གྲུབ་པ་གཅིག་དང་། བྱིས་པ་ལོ་བརྒྱད་ཀྱི་ཚད་དང་མཉམ་པའི་ཉན་ཐོས་མཆོག་ཟུང་གཉིས། གྲུ་གང་གི་ཚད་ཙམ་ཡོད་པའི་ཐུབ་པ་རྡོ་གདན་མ་ལི་མ། ཆབ་མདོའི་ཕུལ་བྱུང་བཟོ་རྩལ་ལས་གྲུབ་པ་ཟངས་གསེར་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་བྱོན་ལེགས་སོར་ལྔ་ཅན་སངས་རྒྱས་འོད་སྲུང་གི་རིང་བསྲེལ་རེ་གཟུངས་གཞུག་ཏུ་ཕུལ་བ་གྲངས་ཆིག་སྟོང་། གྲུ་གང་དང་སོར་གསུམ་གྱི་ཚད་ཙམ་ཡོད་པའི་བདེ་གཤེགས་མཆེད་བརྒྱད་དང་། ཉེ་བའི་སྲས་བརྒྱད་སོགས་མཆིས་སོ། །རྒྱུ་གསེར་དངུལ་ལས་གྲུབ་ཅིང་གཟི་བྱུར་སྤོས་ཤེལ་གཡུ་སོགས་རིན་ཆེན་སྣ་ལྔས་ཕྲ་ཚོམ་བཏབ་པའི་རིག་འཛིན་འཇམ་དཔལ་རྡོ་རྗེ་དང་། དབོན་པོ་ཨོ་རྒྱན་ཆེ་མཆོག གཞི་ཆེན་མ་འདས་རིན་པོ་ཆེ་བློ་བཟང་དྲི་མེད་བསྟན་འཛིན་སོགས་ཀྱི་ཁང་བརྩེགས་ཕྱེད་ཙམ་གྱི་མཐོ་ཚད་ཡོད་པའི་སྐུ་གདུང་དང་། མཆོད་རྟེན་ཆ་བརྒྱད་སོགས་བཞུགས་ཤིང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་འགྱུར་སོགས་རིས་མེད་ཀྱི་གསུང་འབུམ་སོགས་ཧ་ཅང་མང་པོ་བཞུགས། གཞན་ཡང་དགོན་འདིར་བཤད་སྒྲུབ་གྲྭ་ཁང་གཉིས་ཏེ་འདུ་ཁང་ཆེ་ཆུང་གསུམ། སྤྱི་ཁང་། ནང་སོ། གྲྭ་ཤག་བརྒྱད་ཅུ་ལྷག་ཙམ། ཁང་བརྩེགས་མཆོད་རྟེན། མ་ཎི་དང་སིདྡྷིའི་དུང་འཁོར་སོགས་མང་དུ་མཆིས་སོ།།

བཤད་སྒྲུབ་ཀྱི་བསྟན་པ་ཇི་ལྟར་དར་ཚུལ།

     དགོན་འདིར་ལུང་གི་བསྟན་པ་འཆད་ཉན་དང་རྟོགས་པའི་བསྟན་པ་སྒོམ་སྒྲུབ་ཀྱི་ཚུལ་ཇི་ལྟར་གནང་ཚུལ་ནི། དུས་ཡུན་རིང་པོ་ཞིག་ཏུ་སྒོམ་སྒྲུབ་ཉམས་ལེན་ལ་བརྩོན་པ་ཤུགས་ཆེར་བྱས་ཏེ། འབུམ་ལྔ་དང་རྩ་རླུང་རྫོགས་ཆེན་རྣམས་སྒོམ་སྦྱོང་གི་ཕྱག་ལས་ཤུགས་ཆེར་དར་ཞིང་། མཚམས་ཁང་གི་སྒོ་དང་སྒེའུ་ཁུང་འདག་སྦྱར་བྱས་ཏེ་ལོ་ཟླ་མང་པོར་མུན་མཚམས་ལ་བཞུགས་ཏེ་ཐོས་བསམ་སྒོམ་གསུམ་ལས་སྒོམ་པ་གཙོ་བོར་བཟུང་ནས་ཡུན་རིང་དུ་བཞུགས་པའི་ལོ་རྒྱུས་ཡོད་ཅིང་། དེ་ཡང་ལོ་ཆེན་ཆོས་དཔལ་བཟང་པོས་ཕྱོགས་བསྒྲིགས་མཛད་པའི་ཞི་ཁྲོ་སྡིག་སྒྲིབ་རྣམ་སྦྱངས་ཟླ་སྒྲུབ། རིག་འཛིན་བདུད་ཀློང་རྣམ་གཉིས་ཀྱི་ཆོས་སྐོར། གནམ་ཆོས་ཀྱི་ཆོས་སྐོར། ཀརྨ་གླིང་པའི་ཞི་ཁྲོ་དང་སྙིང་ཐིག་སོགས་ཀྱི་ཆོས་སྐོར། འབུམ་ལྔ་བསགས་པ། རྩ་རླུང་སྦྱངས་པ། རྫོགས་ཆེན་གྱི་ཁྲིད་ཉན་སྒོམ་སྒྲུབ། མ་ཎི་སྒྲུབ་སྡེ་སོགས་སྨིན་གྲོལ་ཉམས་སུ་བསྟར་བའི་སྒྲུབ་པའི་ཕྱག་བཞེས་གཙོ་བོར་གནང་པའི་སྒྲུབ་སྡེ་ཐོག་མ་གསར་དུ་བཙུགས་པ་དང་། སྒྲུབ་གྲྭ་བར་རྒྱུད་སྡེ་ཕྱི་ནང་ཀུན་དང་ཁྱད་པར་སྨིན་གླིང་གཏེར་ཆེན་ཨོ་རྒྱན་གཏེར་བདག་གླིང་པའི་རྡོར་སེམས་སྒྲུབ་སྡེ་ཉེར་ལྔ་འཁོར་ལོ་མཚམས་བཅད་རྒྱ་ཅན་གསར་འཛུགས་གནང་པ་ནི་སྒྲུབ་གྲྭ་ཐེག་མཆོག་འོད་གསལ་གླིང་གི་ལོ་རྒྱུས་སུ་གསལ།

བཤད་གྲྭ་གསར་འཛུགས་གནང་ཚུལ་ནི།

   ལྔ་རིག་སྨྲ་བའི་དབང་ཕྱུག་མཁན་ཆེན་རྡོ་རྗེ་འཆང་བློ་བཟང་དཔལ་འབྱོར་མཆོག་རྫ་སེར་ཤུལ་དགོན་དུ་གྲྭ་སར་བཞུགས་པ་གཞི་ཆེན་མ་འདས་སྤྲུལ་སྐུ་བློ་བཟང་དྲི་མེད་བསྟན་འཛིན་གྱིས་རང་དགོན་དུ་མཁན་པོར་གདན་དྲངས་པ་དང་། དགེ་བསྐོས་ལ། གསེར་ཏོག་བོན་སྐྱབས། སྟོང་ཟ་མདོ་སྔགས་རྒྱ་མཚོ་གཉིས་བསྐོས་ཤིང་། ལེགས་བཤད་ཆོས་ཀྱི་རྒྱ་མཚོ།(ལེགས་ཁོ།) དབལ་ཤུལ་ཚེ་རིང་ཆོས་འགྲུབ།(ཚེ་ཆོས།) སྟོང་ཟ་དབོན་པོ་ཟླ་བ་རྒྱལ་མཚན། ཉག་རོང་ཚུལ་ཁྲིམས་བཟང་པོ། འགྱམ་ཤུལ་ཀུན་བྱང་།  འགྱམ་ཤུལ་ཕུར་པ་སྐྱབས།  ཨ་བོས་མཁན་པོ་བདེ་འབྱུང་།  ཁ་ཤུལ་ལུང་རྟོགས་བསྟན་པ་རྒྱ་མཚོ།(བསྟན་ལོ།) སྟོང་དཔོན་མཁན་པོ་དགའ་གྲོལ།  ཧོར་བ་མཁན་པོ་ཆོས་ཉིད་རང་གྲོལ།  རྫ་བ་མཁན་པོ་རིན་ཆེན་བཟང་པོ། སང་སང་མཁན་པོ་ཤེར་པ།སྟོང་དཔོན་ཨུར་སྣ། ཏོག་ཚའི་ཕྱོགས་ཀྱི་གླང་པོ།  རི་ཤུལ་ལྷུན་པོ་སོགས་གྲྭ་བ་ཉི་ཤུ་རྩ་ལྔ་བསྡུས་ཏེ་བཤད་གྲྭ་གསར་འཛུགས་གནང་ཞིང་།

    མདོ་ཕྱོགས་ཀྱི་བཤད་པའི་ཆོས་རྒྱུན་གཙོ་བོར་སྤེལ་ཞིང་ཉིན་མཚན་དུས་ཀྱི་འཁོར་ལོ་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་གཞོལ་ཏེ་ཐུགས་བརྩོན་ལྷོད་མེད་གནང་བའི་མཐུས། ཁ་ཤུལ་མཁན་པོ་ངག་དབང་། ཨ་སྐྱབས་མཁན་པོ་བསོད་ནམས་རིག་འཛིན། རྡོ་བའི་མཁན་པོ་ཆོས་ཉིད་རང་གྲོལ། སྟོང་དཔོན་བླ་མ་དགའ་གྲོལ། འགོ་ཤུལ་མཁན་པོ་མདོ་སྔགས་ལུང་རིག་རྒྱ་མཚོ། ཁ་ཤུལ་མཁན་པོ་ལུང་རྟོགས་བསྟན་པ་རྒྱ་མཚོ། ཏོག་ཚ་མཁན་པོ་ལུང་རྟོགས་རྒྱལ་མཚན། རྫ་བ་མཁན་པོ་འཇམ་དཔལ་གྲགས་པ། ཨ་བོས་མཁན་པོ་བདེ་འབྱུང་སོགས་སྡེ་སྣོད་ཀྱི་གཞུང་ལ་མཁྱེན་སྤྱན་རབ་ཏུ་ཡངས་པ་མང་པོ་བྱུང་སྟེ། འདུལ་བ་གཞི་གསུམ་གཙོ་བོར་གྱུར་བའི་སྡོམ་གསུམ་དང་རྒྱལ་སྲས་ལག་ལེན། ཀུན་བཟང་བླ་མའི་ཞལ་ལུང་། བྱང་ཆུབ་ལམ་རིམ་ཆེན་མོ། སྤྱོད་འཇུག་སོགས་ཀྱི་འཆད་ཉན་བར་མ་ཆད་པར་གནང་ཞིང་ཕྱག་བཞེས་ཀྱི་རྒྱུན་བསྐྱངས།

    ཁྱད་པར་དུ་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་པའི་སྤོབས་པ་མཆོག་ཏུ་རྒྱས་པའི་མཁན་པོ་ལེགས་བཤད་ཆོས་ཀྱི་རྒྱ་མཚོ་ནི། སྐུ་ན་ཕྲ་མོའི་དུས་ནས་གཞི་ཆེན་མ་འདས་རིན་པོ་ཆེ་བློ་བཟང་དྲི་མེད་བསྟན་འཛིན་དང་བླ་མ་བློ་བཟང་དཔལ་འབྱོར། སེ་ར་སྤྲུལ་སྐུ་ཐུབ་དབང་འོད་ཟེར་རྒྱ་མཚོ། རྫ་བ་མཁན་པོ་འཇམ་དཔལ་གྲགས་པ་སོགས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་ནས་བཟུང་སྔོན་འགྲོའི་ཆོས་བཅུ་དང་། སྡོམ་གསུམ་རྣམ་ངེས། སྤྱོད་འཇུག བྱང་ཆུབ་ལམ་རིམ་སོགས་ལ་གསན་བསམ་ལེགས་པར་མཛད། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དང་། ལྷ་ལྡན་འབྲས་སྤུངས་དགོན་དུ་གྲྭ་སར་བྱོན་ནས་དགེ་བཤེས་ངག་དབང་ལེགས་ལྡན་དང་འཇམ་དབྱངས་ཕུན་ཚོགས། ཡོངས་འཛིན་ཕུར་ལྕོག་བྱམས་པ་ཆོས་འཛིན་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་གཙོ་བོར་གྱུར་པའི་གཞུང་བཀའ་པོད་ལྔ་ལ་མུ་མཐུད་རྒྱུན་ཆགས་ཀྱིས་འབད་འབུངས་ལྷོད་མེད་གནང་ནས་མཁས་པའི་མཚན་སྙན་འབར་གྱིན་པའི་སྐབས་དེར། ཁོང་གི་རྩ་བའི་བླ་མ་གཞི་ཆེན་མ་འདས་སྤྲུལ་སྐུ་བློ་བཟང་དྲི་མེད་བསྟན་འཛིན་གྱིས། གྲྭ་ཉག་རོང་པ་ཅིག་དང་གསེར་ཏོག་པ་པས་གཉིས་ཆེད་མངགས་ཀྱིས་མཁན་ལེགས་བཤད་ཆོས་ཀྱི་རྒྱ་མཚོ་མཆོག་རང་དགོན་དུ་ཕེབས་དགོས་པའི་བཀའ་འཕྲིན་ལ་ཕུད་རྐོང་གི་ཐམ་ག་བཏབ་པ་ཞིག་བསྐུར་ཏེ་བསུ་མར་བཏང་བའི་རྐྱེན་གྱིས། རགས་བཀྲམ་བྱམས་པ་གླིང་དུ་ཕེབས་ནས་མཁན་པོའི་འགན་བཞེས་ཤིང་། ཐུགས་ཟིན་གྱི་སློབ་མ་མང་པོ་བསྐྱངས་ནས་ཐོས་བསམ་སྒོམ་གསུམ་རྒྱུན་ཆགས་སུ་གནང་སྟེ་ཆོས་སྡེ་དེའི་བཤད་སྒྲུབ་འཆད་ཉན་གྱི་བསྟན་པ་རབ་ཏུ་རྒྱས་སྒང་དུ། དུས་འཁྲུག་གི་འཕོ་འགྱུར་ཆེན་པོ་བྱུང་བའི་རྐྱེན་གྱིས་ཁོང་ཉིད་འགལ་རྐྱེན་དང་བར་ཆད་གང་མང་ལ་འཕྲད་ན་ཡང་། ཁོང་གིས་སྒོམ་སྒྲུབ་ཉམས་ལེན་འབའ་ཞིག་གནང་སྟེ་དམ་པའི་ཆོས་ཀྱི་རང་ཚུགས་གཏན་ནས་མ་བོར་བར་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཞིག་གི་མཛད་པ་ཡོངས་སུ་བསྐྱངས།

    གཞི་ཆེན་རགས་བཀྲམ་དགོན་པར་མཚོན་ན། ཕྱི་རྟེན་བཞེངས་དང་ནང་བཤད་སྒྲུབ་ཀྱི་སྙིང་བཅུད། ཚོགས་སྒོ་དུས་མཆོད་ཀྱི་རིམ་པ་གང་ཐད་ནས་ཆེས་དར་ཞིང་རྒྱས་པའི་སྒང་དེ་ནི། གཞི་ཆེན་མ་འདས་སྤྲུལ་སྐུ་བློ་བཟང་དྲི་མེད་བསྟན་འཛིན་གདན་སར་བཞུགས་སྐབས་དེར་བཞག་ན་ཤིན་ཏུ་འོས་སྙམ་ལ། ཁོང་གི་བཀའ་དྲིན་དང་བདག་རྐྱེན་ལས། རགས་བཀྲམ་དགོན་པ་ནི་དབལ་ཤུལ་གསེར་རྟའི་དགོན་ཁག་ཆེ་གྲས་སུ་གཏོགས་ཤིང་། ཡུལ་སྡེ་སྟོད་སྨད་བར་གསུམ་ལ་མཚན་སྙན་རྒྱས་པའི་ཚད་དུ་སོན་པ་ཞིག་བྱུང་། མ་འདས་བློ་བཟང་དྲི་མེད་བསྟན་འཛིན་མཆོག་དགུང་གྲངས་བརྒྱད་ཅུར་སོན་ལ་ཉེ་སྐབས། ལུང་བསྟན་ལྟར་ཁོང་གི་སྐུ་ཚ་སྤྲུལ་སྐུ་ཐུབ་བསྟན་ཉི་མ་མཆོག་དགོན་པའི་བསྟན་བདག་ཏུ་བསྐོས། དེ་ནས་བཟུང་མ་འདས་ཚང་འདས་རྗེས་སུ་སྐུ་ཚ་ཐུབ་བསྟན་ཉི་མས་བསྟན་བདག་གི་འགན་བཞེས་ཏེ་ཕྱག་ལས་གང་འཚམས་བསྒྲུབས་ཀྱང་དུས་ཡུན་རིང་པོར་བཞུགས་ཁོམ་མ་བྱུང་བར་དུས་འཁྲུག་བྱུང་སྟེ་ཁོང་ཉིད་བཙོན་ཁང་ནས་འདས། འདས་པའི་དུས་སུ་དགོན་འདིར་དགེ་འདུན་པའི་གྲངས་ནི་ཧ་ཅང་མང་དུས་སྟོང་ཕྲག་གཅིག་ལྷག་ཙམ་བྱོན་མྱོང་ལ། ཉུང་མཐའ་སུམ་བརྒྱ་ཙམ་ལས་དམའ་མ་མྱོང་བའི་ལོ་རྒྱུས་ཡོད།

ལོ་འཁོར་དུས་མཆོད་ཀྱི་སྐོར།

     དགོན་འདིའི་ལོ་འཁོར་གཅིག་རིང་གི་ཚོགས་དུས་མཆོད་ཀྱི་སྐོར་ནི། དུས་ཚིགས་བཞིའི་བདག་ཉིད་དུ་གྱུར་བའི་ལོ་འཁོར་གཅིག་གི་དུས་མཆོད་ནི། ཧོར་ཟླ་དང་པོའི་ཚེས་ལོ་གསར་ཐོ་རངས་ནམ་མ་ལངས་གོང་ནས་བསང་བརྔན་ཆེན་མོ་དང་། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཆོས་སྐོར་ལས།བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་དབྱངས་རོལ་རྟ་བཅས་དག་སྣང་མར་གྲགས་པའི་བདུན་སྒྲུབ་དང་། སྒྲུབ་མཆོད་དང་ཚེས་བཅུའི་བར་དུ་བཅའ་བཟོ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་སོགས་ལ་ཉིན་བདུན། མཆོག་གཏེར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་འདུས་ལྟར་དམར་འཆམ་དང་སྦྲགས་པའི་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་ཡང་ཟབ་བླ་མ་པདྨ་འོད་འབར་གྱི་གཞུང་བསྲིངས་ནས། དུས་དྲན་ཚེས་བཅུ་ཆེན་མོ་གར་དབྱངས་ཐིག་གསུམ་སོགས་རྒྱས་སྤྲོས་ཀྱི་དགུ་སྒྲུབ་ཆེན་མོ་བཅས་རྒྱུད་དང་མཐུན་ཞིང་། ཕྱག་བཞེས་རྣམ་པར་དག་པའི་རྒྱུན་བཙུགས་ཏེ་ཁྱོན་ཟླ་གཅིག་གི་རིང་ལ་འཚོགས་སྲོལ་ཡོད།

ཧོར་ཟླ་བཞི་པའི་ནང་སྤྱོད་འཇུག་མཆོད་པ། ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཟླ་གཅིག་དང་ཕྱེད་ཀྱི་རིང་ལ་དབྱར་གནས་འཚོགས། ཧོར་ཟླ་དགུ་པའི་ནང་ནས་བཅུ་གཅིག་པའི་བར་དགུན་ཆོས་སྔོན་འགྲོ་དང་། རྩ་རླུང་། རྫོགས་ཆེན་སྒོམ་སྦྱོང་དང་། ཧོར་ཟླ་༡༠ཚེས་མགོ་ནས་ཟླ་གཅིག་གི་རིང་དུ་སྐུ་གསུམ་སྒྲུབ་པ་མཚམས་རྒྱ་ཅན་འཚོགས། ཧོར་ཟླ་བཅུ་གཉིས་པའི་ཚེས་༢༦ནས་ཚེ་བདག་དུས་དགྲའི་དབང་པོའི་བསྒྲལ་འཆམ་དང་སྦྲགས་པའི་དགུ་གཏོར་ཉིན་བཞིའི་རིང་ལ་འཚོགས། གཞན་ཡང་རྡོར་སེམས་ལོ་སྒྲུབ་དང་མ་ཎི་ཟླ་སྒྲུབ། མགོན་བླ་ཆེད་བསྐོས་ཀྱིས་གསོལ་ཀ་རྒྱུན་འདོན་བཅས་ཀྱི་རྒྱུན་སྲོལ་མཆིས་སོ། །

སྐྱེས་ཆེན་དམ་པ་མང་པོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ།

      རགས་བཀྲམ་བྱམས་པ་གླིང་འདིར་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ལོ་རྒྱུས་མང་པོ་ཞིག་ཡོད་ངེས་ཀྱང་། སྔོན་ཆད་ཀྱི་ལོ་རྒྱུས་ཚད་ལྡན་དཀོན་པ་སོགས་ཀྱིས་ཇི་བཞིན་འབྲི་རྔོ་མི་ཐོགས་ནའང་། གནའ་མི་དག་གི་ངག་རྒྱུན་དུ་གྲགས་པ་ཁག་ཅིག་འདིར་རགས་ཙམ་བཀོད་ན། དགོན་འདི་ཐོག་མ་ཕྱག་འདེབས་མཁན་ཀུན་བཟང་ངེས་དོན་དབང་པོ་དང་། དགེ་རྩེ་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ(1761-1829)དང་། དགེ་རྩེ་སྐུ་ཕྲེང་གཉིས་པ་ཚེ་དབང་རིག་འཛིན་རྒྱ་མཚོ།(1830?-1885?)གཉིས་ཀ་རགས་བཀྲམ་དགོན་དུ་ཞབས་སོར་འཁོད་མྱོང་བ་དང་། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ།(1808-1887) གཏེར་ཆེན་ལས་རབ་གླིང་པ།(1856-1926)ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ།(1884-1957)ཀཿཐོག་ཕྱག་ཚ་སྤྲུལ་སྐུ་པདྨ་ཕྲིན་ལས་རྒྱ་མཚོ།(1906-1960)ད་ལྟ་ཞལ་བཞུགས་པ་ཀཿཐོག་རྨོག་རྩ་རིན་པོ་ཆེ། ཀཿཐོག་སྤྲུལ་སྐུ་འཇམ་དབྱངས་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་པོ་གནས་འདིར་བྱོན་པའི་ལོ་རྒྱུས་ཡོད།

ལས་སྣེ་དང་ཡོན་བདག་བསྐོ་གཞག་བྱེད་སྟངས།

      རགས་བཀྲམ་བྱམས་པ་གླིང་ལ་རྒྱུན་ཆགས་ཀྱི་དུས་མཆོད་རྣམས་ཀྱི་ཡོན་བདག་བསྐོ་འཇོག་བྱེད་ཚུལ་ནི། གཞི་ཆེན་སྐྱབས་མགོན་བསོད་ནམས་དཔལ་ལྡན་ནམ་རིག་འཛིན་འཇམ་དཔལ་རྡོ་རྗེས་གདན་ས་བསྐྱངས་པའི་སྐུ་དུས་ནས་བཟུང་། སྒྲུབ་མཆོད་དང་ཚེས་བཅུ་སྟེ་དུས་མཆོད་ཆེ་ཁག་གཉིས་ལ་རེ་རེ་བཞིན་དགོན་པའི་ལྷ་འབངས་ཀྱི་ནང་ནས་ཁྱིམ་ཚང་ཕྱུག་ཤོས་ཁག་རེས་མོས་ཀྱི་བསྐོ་སྲོལ་ཡོད་པ་དང་། ཡོན་བདག་ཏུ་སུ་འཁེལ་ཡང་དགོན་གཞུང་ནས་མ་རྩ་ལྟ་བུ་དགོན་པས་སྔ་གཡར་གནང་གི་ཡོད་པ་དང་། ཚོང་འཁོས་འཇོན་པོའི་རིགས་ལ་དེས་ཀྱང་ཕན་ཐོགས་ཆེན་པོ་ཡོད། ཡོན་བདག་སུ་ཡིན་ཡང་ཚེས་བཅུ་དང་སྒྲུབ་མཆོད་འཚོགས་གྲུབ་པའི་རྗེས་སུ་དགོན་གཞུང་ནས་སྔ་འདོན་བྱས་པའི་སྤྱི་ཐེབས་དེ་ཆད་ལུས་མེད་པར་དགོན་པར་རྩིས་འབུལ་ཞུ་དགོས་ཀྱི་ཡོད། དུས་འགྱུར་མ་བྱུང་གི་བར་དུ་དེ་ལྟ་བུའི་ལམ་ལུགས་རྒྱུན་ཆགས་སུ་གནས་ཡོད།

    བསྟན་པ་ཡང་དར་གྱི་སྐབས་སུ་སྔོན་ལྟ་བུ་ཁྱིམ་ཚང་འབྱོར་ལྡན་དང་གཏོང་ཕོད་ཅན་དཀོན་སྟབས་དགོན་པའི་ལྷ་སྡེ་སང་སང་སྡེ་བ་དང་། ཏོག་ཚ་སྡེ་བ། གེ་འཕེན་སྡེ་བ། བླ་རྒྱ་སྡེ་བ། ཁ་ཤུལ་སྡེ་བ་བཅས་རེས་མོས་བྱས་ནས་ཡོན་བདག་ཏུ་བསྐོས་ཏེ་དགེ་འདུན་པའི་གསོལ་ཟས་དང་། ཚོགས་འཁོར་རྒྱ་ཆེར་བྱེད་པ་སོགས་རྒྱུ་དངོས་རྒྱ་ཆེན་གཏོང་རྒྱུའི་རྒྱུན་སྲོལ་ཆགས། སྐུ་གསུམ་སྒྲུབ་པའི་ཡོན་བདག་ལ་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་རེ་རེ་བསྐོ་རྒྱུའི་སྲོལ་ཡོད་ཅིང་། སྒྲུབ་ཡུན་ཟླ་གཅིག་གི་རིང་དུ་དགེ་འདུན་པའི་གསོལ་ཟས་དང་ཚོགས་འཁོར་གྱི་ཡོ་བྱད་གང་ལེགས་གཏོང་སྲོལ་ཡོད།

    དུས་རྒྱུན་དགེ་འདུན་པའི་འཚོ་བ་ནི་སྔོན་གྱི་ལུགས་སྲོལ་ལྟར་བསོད་སྙོམས་ཟས་གོས་གནས་མལ་ཙམ་ལས་ཕུགས་ནོར་རྒྱ་ཆེར་འཆང་བའི་ལས་ཐབས་ལ་མ་བརྩོན་པར་བཞུགས།  དགོན་པ་དེའི་བསྟན་བདག་མཁན་སྤྲུལ་རིམ་བྱོན་གྱིས་ལས་ཀྱི་སྣེ་མོ་བ་བསྐོ་བཞག་བྱེད་ཚུལ་ནི། ཡུལ་དགོན་སྤྱི་ལ་སེམས་དཀར་ཞིང་ལུགས་གཉིས་ཀྱི་བྱ་བཞག་ལ་རྣམ་དཔྱོད་ཡངས་པའི་དགེ་འདུན་པ་རྣམས་དགོན་པའི་ལས་ཐོག་གི་དགེ་སྐོས་དང་ཕྱག་མཛོད། གཉེར་བ་སོགས་རེས་མོས་སུ་བསྐོ་བཞག་བྱས་ཏེ་དགོན་པའི་ནང་ཁུལ་དུ་རྩ་འཛུགས་ཡོད་པར་བྱས་ཏེ་རང་རང་ལ་རེས་བབ་ཀྱི་ལས་འགན་བཞེས་པའི་རྒྱུན་སྲོལ་ཡོད་པ་མ་ཟད། སྡེ་བའི་ནང་ཁུལ་གྱི་དུད་ཚང་འབྱོར་བ་བཟང་ཤོས་རྣམས་སྤྱི་ཆེན་དང་། དུད་ཚང་དབུལ་ཕྱུག་འབྲིང་ཚད་རྣམས་སྤྱི་འབྲིང་། དུད་ཚང་དབུལ་ཤོས་རྣམས་སྤྱི་ཆུང་ངུ་བསྐོ་བཞག་བྱས་ཏེ་དགོན་གཞུང་ལ་ཚོགས་སྒོ་ཆེ་ཆུང་གི་ཡོན་བདག་བྱེད་པའི་ལུགས་སྲོལ་ད་ལྟའི་བར་དུ་གནས་ཡོད།

ཆོས་བརྒྱུད་གཅིག་པའི་དགོན་མ་ལག་གི་སྐོར།

     རགས་བཀྲམ་བྱམས་པ་གླིང་ནི་གཏེར་ཆེན་ཀློང་གསལ་སྙིང་པོའི་སྲས་ཀྱི་གཙོ་བོ་གཞི་ཆེན་གླང་བཞག་ཨུ་རྒྱན་ལྷུན་གྲུབ་ནས་ད་ལྟའི་བར་རྒྱལ་དབང་གཞི་ཆེན་པའི་བླ་རབས་རིམ་བྱོན་གྱིས་གདན་ས་བསྐྱངས་པས། གཞི་ཆེན་དགོན་ཁག་གསུམ་པོ་སྐྱིད་སྡུག་གཅིག་ཅིང་དགོན་པ་ནང་ཕན་ཚུན་བླ་སྤྲུལ་རྣམས་བྱོན་རིས་དང་བཞུགས་རིས་མཛད་པ་སོགས་ཀྱི་འབྲེལ་ཟབ་ཤིན་ཏུ་ཆེན་པོ་ཡོད་ལ། གཞི་ཆེན་དགོན་ཁག་གསུམ་ནི། གཞི་ཆེན་མཁར་དམར་གླིང་། སྟག་རྩེ་བསམ་འགྲུབ་གླིང་། རགས་བཀྲམ་བྱམས་པ་གླིང་བཅས་ཡིན། གཞི་ཆེན་དགོན་ཁག་གསུམ་པོའི་ཆོས་བརྒྱུད་ལས་མཆེད་པའི་བུ་དགོན་ནི།   ༡སྙན་ལུང་དགོན་པ། ༢ སྟག་ཐོག་དགོན།

༣ མུ་ར་དགོན། ༤ ཕྱག་ཆུང་དགོན། ༥ བརྡ་ཚང་དགོན། ༦ གསང་རུ་དགོན། ༧ ཨ་བཟོད་དགོན། ༨ འབུམ་ལུང་དགོན། (དགོན་འགོ་ཕུལ་བ།) ༩སྨིན་ཐང་དགོན།༡༠གང་སྤ་དགོན་པ། ༡༡ ལུང་ཤར་སྒར། ༡༢ ལུང་ཧོབ་རི་ཁྲོད། ༡༣ གྲ་གྲ་དགོན། ༡༤ གྲྭ་སྐོར་དགོན་སོགས་དགོན་ལག་ཆེ་ཕྲ་མང་དུ་བཏབ་སྟེ་ཤར་རྒྱལ་བ་ཀཿཐོག་དགོན་པའི་བཤད་སྒྲུབ་ཆོས་ཀྱི་རྒྱུན་སྲོལ་མ་ལུས་ཟམ་མ་ཆད་པར་སྤེལ་བ་ལགས་སོ།། (མཆན། འདིར་ད་དུང་བསྐྱར་ཞིབ་གནང་དགོས།)

རྒྱལ་བསྟན་ཡང་དར་གྱི་སྐབས་སུ་དགོན་པ་སླར་གསོ་གནང་བའི་སྐོར།

      སྤྱི་ལོ༡༩༥༩ལོར་དུས་འཁྲུག་དྲག་པོ་ལངས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ཉམས་དམས་ཚབས་ཆེན་ཐེབས་པའི་གོ་རིམ་ཁྲོད། རགས་བཀྲམ་དགོན་གྱི་བཤད་སྒྲུབ་ཀྱི་བསྟན་པའི་གཞི་ཡོད་ཚད་ཤུལ་མེད་དུ་བཟོས་པར་མ་ཟད།རྩ་ཆེ་བའི་ནང་རྟེན་དང་། གསེར་དངུལ་གྱི་རོལ་ཆས་སོགས་རྩ་ཆེའི་རྒྱུ་དངོས་གང་མང་། གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་ཤུལ་མེད་དུ་བཟོས་ཤིང་། སྐབས་དེའི་དགོན་བདག་སྤྲུལ་སྐུ་ཐུབ་བསྟན་ཉི་མ་བཙོན་ཁང་ནས་འདས་པ་སོགས་གཏོར་བརླག་ཚབས་ཆེན་ཐེབས་ཏེ། བསྟན་པའི་མིང་ཙམ་ཡང་མེད་པར་བྱས་ཏེ་དུས་ཡུན་རིང་པོར་ལུས།

       ཕྱིས་སུ་རྒྱལ་ཁབ་ཀྱི་སྲིད་ཇུས་ཅུང་ཙམ་ལྷོད་ཡང་བྱུང་བའི་སྐབས་དང་བསྟུན། སྤྱི་ལོ༡༩༨༧ལོ་ནས་བཟུང་སྟེ། རགས་བཀྲམ་བྱམས་པ་གླིང་གི་འདུ་ཁང་བསྐྱར་བཞེངས་ཀྱི་མགོ་བཟུང་། དགོན་སྡེ་གཞན་ལ་ལྟོས་ན་རགས་བཀྲམ་དགོན་གཞུང་བསྐྱར་བཞེངས་བྱས་པ་ཅུང་འཕྱི། དེ་ནི་སྒྲུབ་གྲྭ་བ་བསྐྱར་བཞེངས་བྱས་ཏེ་ལོ་ངོ་འགའ་ལ་དེ་ནས་དགོན་པའི་རྟེན་གཞི་བྱས་ནས་བསྡད་པས་ཡིན། སྐབས་འདིར་དགོན་པའི་འདུ་ཁང་གིས་གཙོས་བསྐྱར་བཞེངས་ཀྱི་ཐད་ནས་རྒྱུ་ཐབས་ཚེགས་གསུམ་ཚང་མའི་འགན་ཁུར་མཁན་ནི་གཞི་ཆེན་མ་འདས་སྐུ་ནམ་མཁའི་སྙིང་པོ་དང་། རྒྱལ་ཚབ་བསོད་ནམས་གྲགས་པ་ཁོང་ཞང་ཚན་གཉིས་པོ་ཡིན་ལ། དགོན་པའི་ལྷ་འབངས་གེ་འཕན་དང་བླ་རྒྱའི་དུད་ཁྱིམ་ཡོངས། སང་སང་གི་དུད་ཁྱིམ་ཡོངས། ཁ་ཤུལ་གྱི་ཁྱིམ་ཚང་རེ་འགའ་བཅས་ཀྱིས་དགོན་པ་བསྐྱར་བཞེངས་ཀྱི་ཆ་རྐྱེན་དུ་སྒོར་མོ་དང་རྟ་ཟོག་སོགས་རྒྱུ་དངོས་ཞལ་འདེབས་གང་ལེགས་ཕུལ།

     འདུ་ཁང་བསྐྱར་བཞེངས་སྐབས་སྔོན་མའི་འདུ་ཁང་གི་གྱང་ར་ཞིག་གསོ་བྱས་ཏེ། ཆེ་ཆུང་དང་མཐོ་དམན་བཟོ་དབྱིབས་ཚད། སྒོ་དང་སྒེའུ་ཡན་ཆད་ཚང་མ་སྔོན་ཆད་དང་ཇི་མ་ཇི་བཞིན་དུ་བྱས་པས་ཏེ། གྱང་ཞིག་གི་ནང་དུ་ས་རོ་རྡོ་རོ་མང་པོ་ཡོད་པ་གྲྭ་ཚང་ལ་བགོས་ཏེ་གཙང་སེལ་བྱས།ཁམས་ཏྲེ་ཧོར་རྒྱལ་སའི་ཉེ་འཁོར་ནས་རོང་པ་གྱང་མཁན་སུམ་ཅུ་ཡས་མས་ཤིག་བསྡུས་ཏེ་གྱང་བརྡུངས་ཤིང་། སི་ཁྲོན་གྱི་རྒྱ་མི་མང་ཤིང་བཟོ་བ་མང་པོ་བསུས་ཏེ། གཞི་ཆེན་རྒྱལ་ཚབ་བསོད་ནམས་གྲགས་པས་དགོན་པ་བསྐྱར་བཞེངས་ལ་གཟིགས་རྟོག་གི་འགན་བཞེས་ཏེ་དགོན་པ་ནས་རྒྱུན་བཞུགས་བྱས་ཤིང་། མ་འདས་སྤྲུལ་སྐུ་ནམ་མཁའི་སྙིང་པོས་སྤྱི་ལོ༡༩༨༧ལོ་ནས་སེར་སྐྱ་མང་པོ་ཞབས་ཕྱིར་ཁྲིད་ཅིང་། བླ་མ་སྒར་ཆེན་བྱས་ཏེ། མཚོ་སྔོན་ནས་དཔོན་སྐོར་རྨ་སྟོད། རྨ་ཆེན། དར་ལག དགའ་བདེ། གཅིག་སྒྲིལ་སོགས་དང་། ཀན་སུའུ་ནས་རྨ་ཆུ། བསང་ཆུ་སོགས་ཡུལ་གྲུ་སྟོད་སྨད་བར་གསུམ་ལ་དགོན་པ་བསྐྱར་བཞེངས་ཀྱི་ཆ་རྐྱེན་གྱི་ཆེད་དུ་བྱོན། ལོ་ངོ་གསུམ་འགོར་ཏེ་སྤྱི་ལོ༡༩༨༩ལོར་རང་དགོན་དུ་ཕྱག་ཕེབས་པ་དང་། འདུ་ཁང་གི་སྤྱི་ཁོག་རགས་རམ་ཙམ་ཞིག་བཞེངས་གྲུབ་སྟེ། མགོ་ལོག་ཨ་སྐྱོང་ནས་གདན་དྲངས་པའི་སྤྲུལ་སྐུ་ཐུབ་བསྟན་ཉི་མ་དང་། མགོ་ལོག་སྟོང་སྐྱབས་དགོན་ནས་གདན་དྲངས་པའི་དཀོན་མཆོག་རྒྱལ་མཚན་གཉིས་དུས་གཅིག་ཏུ་ཁྲི་འདོན་གྱི་མཛད་སྒོ་དང་སྦྲགས་ཏེ། སྤྱི་ལོ༡༩༨༩ལོའི་དགུན་ཟླ་དང་པོའི་ནང་འདུ་ཁང་རབ་གནས་ཀྱི་ཆོ་ག་རྒྱ་ཆེར་མཛད།སྤྲུལ་སྐུ་འདི་གཉིས་ནི་གཞི་ཆེན་དབོན་པོ་སྟེ་བླ་མ་གཅིག་གི་ཡང་སྲིད་དུ་ངོས་འཛིན་མཛད་པ་ཡིན་འདུག།

    རིམ་གྱིས་དགོན་པའི་གསོལ་ཐབ་ཁང་དང་། འཆམ་གོས་དང་། སྐུ་འབག གདན་རིང་། འཕན་གདུགས་རྒྱལ་མཚན། ཐང་ག་སོགས་གཞུང་སྤྱིའི་དངོས་རྫས་དག་འཐུས་ཚང་དུ་གསར་སྒྲིག་གནང་། དགོན་པ་གསར་བཞེངས་ཀྱི་འགན་ཁུར་ཚང་མ་མ་འདས་སྤྲུལ་སྐུ་ནམ་མཁའི་སྙིང་པོ་ཞང་ཚན་གཉིས་ཀྱི་ཕྲག་ཏུ་བབ་པས། སྐུ་ཚེགས་འོ་བརྒྱལ་དཔེ་མེད་མྱོང་དགོས་ཐུག དེ་ལ་གཞོགས་འདེགས་གནང་མཁན་ནི་གསེར་ཏོག་བླ་མ་འཇིགས་ཕུན་གྱིས་ཁང་བརྩེགས་མཆོད་རྟེན་བསྐྱར་བཞེངས་བྱས། སྟོང་དཔོན་རྣམ་མཁྱེན་གྱིས་སིདྡྷིའི་དུང་འཁོར་གཅིག་བཞེངས་ཤིང་། གསེར་ཏོག་བླ་མ་འཇིགས་ཕུན་དང་། སང་སང་བླ་མ་དབུ་ནེ་གཉིས་ཀྱིས་གཙོས་བླ་སྤྲུལ་རེ་འགས་དུས་རྒྱུན་མ་འདས་སྐུ་ཞང་གཉིས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་།

    སྤྱི་ལོ༡༩༩༠ཡས་མས་ནས་དགོན་ནང་དུ་གྲྭ་བ་སུམ་ཅུ་དང་བཞི་བཅུ་ཡས་མས་རེ་དཔྱིད་ཆོས་དང་། དབྱར་གནས། དགུན་ཆོས་བཅས་ལ་རྒྱུན་བཞུགས་གནང་བ་དང་། བླ་རུང་སྒར་ནས་མཁན་པོ་ཕུན་ཚོགས་གདན་དྲངས་ཏེ་ཐོག་མ་རྟེན་འབྲེལ་གྱི་ཚུལ་དུ་འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྣམ་པར་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་ཀྱི་ཁྲིད་གནང་། དེའི་རྗེས་སུ་དཔལ་སྤྲུལ་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཆ་ཚང་ཞིབ་ཁྲིད་འབུམ་ལྔ་གསོག་སྦྱོང་དང་སྦྲེལ་ནས་མཛད། ཞོར་དུ་གཞི་ཆེན་མ་འདས་སྤྲུལ་སྐུ་དང་སྐུ་འཁོར་ཁག་ཅིག་ལ་འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་དཔེ་ཁྲིད་གནང་། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཁྲིད་དང་། མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོས་མཛད་པའི་སྡོམ་གསུམ་རྣམ་ངེས་ཀྱི་ཁྲིད། འདུལ་བ་མེ་ཏོག་ཕྲེང་རྒྱུད་དང་། འདུལ་བ་མདོ་རྩ་བ་སོགས་དཔེ་ཁྲིད་གནང་། དེའི་རྗེས་ནས་ཏོག་ཚ་བླ་མ་འཇིགས་ཆོས་དབྱར་གནས་ཀྱི་མཁན་པོར་བཞུགས་ཏེ་ཞྭ་དམར་ལམ་རིམ་ཁྲིད། དེའི་རྗེས་ནས་དགེ་འཕེལ་ཐུབ་བསྟན་དར་རྒྱས་མཁན་པོར་བསྐོས། ཁོང་གིས་མཁན་པོའི་འགན་ཁུར་བའི་དུས་སྐབས་དེར་སྤྲུལ་སྐུ་འཇིགས་མེད་དཔལ་སེང་རྒྱ་གར་ནས་ཕེབས་ཏེ་མཁན་པོར་བཞུགས་པས། བཤད་གྲྭ་བར་གྲྭ་བ་བདུན་ཅུ་ལྷག་བྱུང་ཞིང་། ཁོང་གིས་བརྡ་སྤྲོད་པྲ་ཏིའི་སུམ་ཅུ་པ། བོད་མཁས་པའི་སྙན་ངག་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། མངའ་རིས་སྡོམ་གསུམ། སྤྱོད་འཇུག སྔོན་འགྲོ་ཟབ་ཁྲིད་དང་འབྲེལ་འབུམ་ལྔ་བསགས་སྦྱོང་། རྩ་རླུང་རྫོགས་ཆེན། ཐོས་གྲོལ། མི་ལ་རས་པའི་མགུར་འབུམ་སོགས་ཟབ་ཆོས་མང་པོ་ལྗགས་ཁྲིད་གནང་སྟེ་ལོ་ངོ་བདུན་ཙམ་གྱི་རིང་དུ་བཞུགས། སྐབས་དེར་སྒྲུབ་གྲྭ་སྒང་ནའང་གྲྭ་བ་ཉི་ཤུ་ཙམ་རེ་བཞུགས་པས། རགས་བཀྲམ་དགོན་དུ་བཤད་སྒྲུབ་གཉིས་འཛོམས་ཀྱི་དུས་སྐབས་ཞེས་བཤད་ཆོག་པ་ཞིག་གོ །རྒྱུན་བཞུགས་གྲྭ་བ་བདུན་ཅུ་ཙམ་རེ་དང་། དུས་མཆོད་ཀྱི་སྐབས་སུ་གྲྭ་བ་བརྒྱ་དང་སུམ་ཅུ་ལྷག་ཙམ་རེ་འདུས་ཏེ། རགས་བཀྲམ་བྱམས་པ་གླིང་གི་སྔར་སྲོལ་ལྟར་གྱི་བཤད་དང་སྒྲུབ་པའི་ཕྱག་སྲོལ་མ་ལུས་པ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་བའི་ཆོས་སྤྱོད་ཀྱི་མཛད་པའི་རྒྱུན་བསྐྱངས།   

  སྐབས་དང་པོར་དགོན་པ་བསྐྱར་བཞེངས་སྐབས། ལས་ཀའི་ཉམས་མྱོང་དང་འཚོ་བའི་ཆ་རྐྱེན་ཞན་པ། འདུ་ཁང་རྒྱ་ཆེ་བ་སོགས་ཀྱི་རྐྱེན་ལས་འདུ་ཁང་ཞིག་རལ་དུ་གྱུར་ཏེ། སླར་ཡང་གཞི་ནས་བསྐྱར་བཞེངས་བྱེད་དགོས་པའི་གནས་སུ་ལྷུང་། དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ༥ཚེས༡༦དང་། སྤྱི་ལོ༢༠༠༡ཟླ༧ཚེས༦ཉིན་རྒྱལ་ཚབ་བསོད་ནམས་གྲགས་པའང་སྐུ་གཤེགས་ཤིང་། འདུ་ཁང་ཞིག་རལ་དུ་གྱུར་པའི་དུས་ཚོད་ནི། རྒྱལ་ཚབ་བསོད་གྲགས་ཀྱི་སྐུ་གདུང་བཞུ་བའི་ནུབ་མོ་དང་དུས་གཅིག་ཏུ་ཁེལ། དེ་ལྟར་བླ་མ་འདས་པ་དང་འདུ་ཁང་ཞིག་རལ་དུ་གྱུར་པ་སོགས་ལས་དགོན་པའི་གནས་སྟངས་ཧ་ཅང་ཉམས་གུད་ཀྱི་གནས་སུ་གྱུར་ནས། ཚོགས་དུས་མཆོད་ཡོངས་རྫོགས་མཚམས་འཇོག་མི་བྱེད་ཀ་མེད་དུ་གྱུར་ཏེ་ལོ་ངོ་བཞི་ཙམ་འགོར། མ་འདས་སྤྲུལ་སྐུ་ནམ་མཁའི་སྙིང་པོས་སེར་སྐྱ་ལྷ་འབངས་ཡོངས་ལ་དགོན་པ་ཡང་བསྐྱར་བཞེངས་རྒྱུའི་རེ་བ་ཡོད་མེད་དང་། མ་འོངས་པར་དགོན་པ་ལ་བདག་རྒྱག་མིན་སོགས་ཀྱི་ཐད་ནས་བསམ་འཆར་བསྡུ་ལེན་ལན་གྲངས་མང་པོར་བྱས་ཏེ་ཚང་མའི་རེ་བ་ལྟར། སྤྱི་ལོ༢༠༠༤ལོ་ཡང་བསྐྱར་ཐེངས་གཉིས་པའི་འདུ་ཁང་བསྐྱར་བཞེངས་ཀྱི་མགོ་བཟུང་། སྐབས་འདིར་རྒྱུ་ཐབས་ཚེགས་གསུམ་གྱི་ཡོངས་རྫོགས་མ་འདས་ནམ་མཁའི་སྙིང་པོ་ཁོང་གཅིག་པུས་འགན་ཁུར་དགོས་ཐུག་ཅིང་། ཁོང་ཉིད་དང་ཆོས་ཀྱི་འབྲེལ་བ་ཐོགས་པའི་རྒྱ་རིགས་སློབ་མ་མང་པོའི་རྒྱུ་འབྱོར་ཡོན་སྦྱོར་གྱི་མཐུ་ལས་དམངས་སྒོར་ཁྲི༣༠༠ ལྷག་གིས་འགྲོ་སོང་བཏང་སྟེ། སྤྱི་ལོ༢༠༠༧ལོར་ལེགས་གྲུབ་བྱུང་ཞིང་། ལོ་དེའི་དབྱར་ཁར་འདུ་ཁང་ལ་རབ་གནས་མཛད་ཅིང་། ཀཿཐོག་དགོན་ཆེན་གྱི་བཤད་གྲྭའི་བླ་གྲྭ་ཡོངས་རྫོགས་བྱོན་ཏེ་རབ་གནས་གསུང་མཁན་གྱི་འགན་གཙོ་བོར་བཞེས་ཤིང་། ༧སྐྱབས་རྗེ་ཀཿཐོག་འཇམ་དབྱངས་སྤྲུལ་སྐུས་ཁྲི་བཞུགས་མཛད། ༧སྐྱབས་རྗེ་ཀཿཐོག་རྨོག་ཚ་རིན་པོ་ཆེ་ཡང་བྱོན། སྐབས་འདིར་ཀཿཐོག་དང་དགེ་རྩེ་གྲ་ལག་དགོན་པའི་གྲྭ་ཚང་སོགས་ཕྱོགས་སོ་སོ་ནས་བྱོན་པའི་དགེ་འདུན་པའི་གྲངས་ཀ་བདུན་བརྒྱ་ལྷག་ལ་སོན་ཞིང་། མ་འདས་སྤྲུལ་སྐུའི་སློབ་རྒྱུད་དུ་གཏོགས་པའི་རྒྱ་རིགས་སློབ་མ་བརྒྱ་ཕྲག་མང་པོ་དང་། དགོན་པའི་ལྷ་འབངས་སུ་གཏོགས་པའི་དད་ལྡན་མང་ཚོགས་ཀྱང་རབ་ཏུ་མང་པོ་འདུས། རབ་གནས་ཀྱི་མཇུག་ཏུ། ཀཿཐོག་འཇམ་དབྱངས་སྤྲུལ་སྐུས་རིག་འཛིན་བདུད་ཀློང་རྣམ་གཉིས་ཀྱི་ཆོས་སྐོར་ཆ་ཚང་གི་དབང་ལུང་ཟླ་གཅིག་ལ་གསུངས།

    སྤྱི་ལོ༢༠༠༤ལོར་ཀཿཐོག་དགོན་ཆེན་ནས་ཆེད་མངགས་ཀྱི་མཁན་པོ་པདྨས་གྲྭ་བ་བཅོ་ལྔ་ཡས་མས་ལ་སྔ་འགྱུར་རྙིང་མའི་ཆོས་སྐོར་གཙོ་བོར་གྱུར་པའི་ཟབ་ཆོས་མང་དུ་གསུངས་ཏེ་ལོ་ངོ་བཅུ་ཙམ་ལ་བཞུགས་ཤིང་། སྤྱི་ལོ༢༠༠༩ལོ་ནས་རང་ཡུལ་གྱི་དགེ་སློང་གྲགས་པ་ཚེ་བརྟན་མཁན་པོར་བསྐོས་ཏེ་གྲྭ་བ་ཉི་ཤུ་མན་ཆད་ཅིག་ལ་ཆོས་ཁྲིད་རྒྱུན་དུ་གསུངས་ཏེ་དབྱར་གནས། དཔྱིད་ཆོས། དགུན་ཆོས་བཅས་ཆད་མེད་དུ་འཚོགས་བཞིན་ཡོད།

    སྤྱི་ལོ༢༠༡༠ལོ་ནས་བཟུང་མ་འདས་སྤྲུལ་སྐུའི་སྐུ་ཚ་ཆེ་བ་ཚེ་རིང་བཀྲ་ཤིས་ཀྱིས་ཐུགས་འགན་གཙོ་བོར་བཞེས་ཏེ། རགས་བཀྲམ་བྱམས་པ་གླིང་ཨ་མའི་གཅེས་སྐྱོང་སློབ་གྲྭ་གསར་འཛུགས་གནང་། དེའི་དམིགས་ཡུལ་ནི། སྐབས་དེར་ཁོར་ཡུག་གི་བུ་ཕྲུག་ཕལ་མོ་ཆེ་སློབ་གྲྭར་མི་སྐྱེལ་བ་དང་། དུས་རབས་ཀྱི་དགོས་མཁོ་ལྟར་མི་རབས་གསར་བས་སློབ་གསོ་ཞིག་མ་མྱོང་ཐབས་མེད་ཡིན་པའི་གལ་གནད་ལ་གཞིགས་ཏེ། སྙན་ངག ལོ་རྒྱུས། ཚད་མ། དཔལ་སྤྲུལ་སྔོན་འགྲོ། རྒྱ་ཡིག གྲངས་རིག ལྷ་རིས། གནའ་དེང་གི་སློབ་གསོའི་རྣམ་གཞག་གི་སྐོར་སོགས་སློབ་ཁྲིད་བགྱིས་ཏེ་ན་གཞོན་སློབ་མ་སུམ་བརྒྱ་ལྷག་སྐྱེད་སྲིང་བྱས་ཏེ། ད་ལྟ་སློབ་ཆེན་དང་། མཐོ་འབྲིང་། སློབ་འབྲིང་། སློབ་ཆུང་བཅས་འགྲིམ་བཞིན་པའི་སློབ་མ་ཧ་ཅང་མང་པོ་ཡོད་ཅིང་། བྱ་གཞག་འདིས་ཡུལ་འདིའི་སློབ་གསོའི་གནས་བབ་ལ་བསྒྱུར་བཅོས་ཆེན་པོ་ཞིག་བཏང་ཡོད་ལ། ད་ལྟ་མུ་མཐུད་དེ་རྒྱུན་སྐྱོང་བཞིན་ཡོད།

    སྤྱི་ལོ༢༠༡༥ལོར་མ་འདས་སྤྲུལ་སྐུའི་སྐུ་ཚ་འབྲིང་བ་ཀུན་མཁྱེན་འོད་ཟེར་གྱིས། གུ་རུའི་ལྷ་ཁང་ཞིག་གསར་བཞེངས་ཀྱི་མགོ་བཟུང་། ལྷ་ཁང་འདིའི་བཟོ་བཀོད་ནི། སྐུའི་གདན་ཁྲི་ལྷ་ཁང་ཞིག་ཡིན་ལ། དེའི་སྟེང་དུ་གུ་རུ་བསམ་པ་ལྷུན་གྲུབ་ཀྱི་སྐུ་བརྙན་མཐོ་ཚད་སྨི༣༠ལྷག་ཡོད་པ་ཞིག་བཞེངས་བཞིན་པའི་སྐབས་ཡིན་ཞིང་།ད་ལྟ་གདན་ཁྲིའི་ལྷ་ཁང་གི་ཕྱི་ནང་ལ་མཛེས་སྤྲས་བཀོད་ལེགས་ཚད་ལྡན་བྱེད་བཞིན་པའི་སྐབས་ལ་ཁེལ་ཡོད།

སྤྱི་ལོ༢༠༡༦ལོར་ཨ་མའི་གཅེས་སྐྱོང་སློབ་གྲྭ་ནས་སྐྱེད་སྲིང་གནང་བའི་གྲྭ་གཞོན་དཔེ་ཆ་བ་བཞི་བཅུར་ཉེ་བ་ཞིག་ལས་གྲུབ་པའི༼རགས་བཀྲམ་བྱམས་པ་གླིང་ནང་བསྟན་སློབ་གྲྭ༽གསར་འཛུགས་གནང་ཞིང་། མ་འདས་ཞང་དབོན་གྱིས་ཡོན་སྦྱོར་གྱི་མཐུན་རྐྱེན་དང་ཐུགས་བཀོད་འོག་གཙོ་སྐྱོང་འོག ད་ལྟ་ཁོང་རྣམ་པ་གསེར་ལི་མདོ་ཆོས་སྒར་ན་བཀའ་པོད་ལྔས་གཙོས་ཐུན་མོང་ཐུན་མིན་གྱི་ཤེས་བྱ་མང་པོར་སློབ་གཉེར་བྱེད་བཞིན་པའི་སྒང་ཡིན།

ཕྱོགས་སོ་སོར་གྲྭ་ས་ལ་བྱོན་པའི་གྲྭ་གྲངས་ནི། གསེར་ལྗོངས་ལི་མདོ་ཆོས་ཁྱབ་སྒར་དང་། བླ་རུང་། སེར་ཤུལ། ཡ་ཆེན། འཕགས་ཡུལ་རྣམ་གྲོལ་གླིང་། ཁམས་ཀྱི་ཞེ་ཆེན་སོགས་སུ་ཁྱོན་གྲྭ་བཙུན༨༠ ལྷག་ཅིག་ཡོད་ཅིང་། དགོན་པ་འདིར་ད་ལྟའི་ཆར་ཁྱོན་བླ་གྲྭ་༣༠༠ ཙམ་ཞིག་ཡོད་པར་གྲགས།

      སྤྱི་ལོ༢༠༡༩ལོར་སླར་ཡང་འདུ་ཁང་སྟེང་གསེར་འགེབས་དང་། གསེར་ཏོག་དང་། རྒྱ་ཕིབས། རི་དྭགས་ཆོས་ཉན་ཆོས་འཁོར་སོགས་གསར་དུ་སྤྲད་པ། བརྩེགས་རིམ་གཅིག་གིས་ཇེ་མཐོར་བཏང་བ། མཐིལ་གདན་བརྗེ་བ། དྲོད་གློག་སྤྲད་པ། ཕྱི་ནང་ཀུན་ལ་མཛེས་སྤྲས་ཡིད་དུ་འོང་བ་བྱས་ཏེ་རགས་བཀྲམ་དགོན་པའི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་འདུ་ཁང་མཛེས་བཀོད་ལྡན་པ་ཞིག་གྲུབ་པར་བྱས། སྐབས་འདིའི་ལས་བཟོ་བ་ནི། རྒྱ་བོད་སོག་གསུམ་གྱི་ལག་རྩལ་པ་བསུས་ཤིང་། དེའི་ཁར་ཡུལ་སྡེའི་མི་མང་པོས་ས་གསབ་བྱས་ཏེ་ལས་ཀ་གཉེར།

     ད་ལྟ་དགོན་པའི་བཤད་གྲྭ་བའི་གྲྭ་བ་བཅོ་ལྔ་ཡས་མས་ཤིག་གིས་དཔྱིད་ཆོས། དབྱར་གནས། དགུན་ཆོས་བཅས་རྒྱུན་གཏན་དུ་འཚོགས་བཞིན་ཡོད་ལ། མཁན་པོ་སྔར་བཞིན་གྲགས་པ་ཚེ་བརྟན་ལགས་ཡིན། གཞན་དགོན་པའི་ཚོགས་དུས་མཆོད་རྣམས་ནི་སྔར་བཞིན་རྒྱུན་མ་ཆད་པར་འཚོགས་བཞིན་ཡོད་པ་ལགས་སོ། །

     ཞེས་གཞི་ཆེན་རགས་བཀྲམ་དགོན་པའི་ལོ་རྒྱུས་ཉུང་བསྡུས་འདི་ནི། ཉེ་བྲིས་ལོ་རྒྱུས་ཉུང་ངུ་ཞིག་ལ་གཞི་བཅོལ། ཡུལ་མི་རྒན་པ་མང་པོར་སྐད་ཆ་དྲིས། འཆམ་ཡིག་དང་ཟིན་ཐོ་ལས་ཕྲན་ཙམ་གསལ་བ་རེ་འགར་ཁུངས་བཅོལ། ནུས་ཚད་ཀྱིས་རྟོག་ཞིབ་ཡང་ཡང་བགྱིས་ཏེ་འདི་ཙམ་འབྲི་བའི་ཁུལ་བླངས་པ་ཡིན་ལ། འདི་ནས་གསལ་པོར་སྨྲ་ཕོད་པ་ནི། སྔར་ཡིག་ཆ་ཁག་ཏུ་འཁོད་པའི་ལོ་རྒྱུས་དེར་ཁམས་ཀྱི་ཞེ་ཆེན༽དང་། འདི་གའི་གཞི་ཆེན༽གྱི་བླ་བརྒྱུད་སོགས་གཞི་གཅིག་ཏུ་བསྲེས་འདུག་པ་སོགས་ནོར་བ་མང་ཞིག་ཤོར་འདུག་པ་རྣམས་དག་བཅོས་བྱེད་གང་ཐུབ་བྱས་ཡོད། འདི་ཡང་མ་འོངས་པར་་ལོ་རྒྱུས་སྨྲ་བའི་རྒྱུ་ཆར་དམིགས་ཤིང་བློ་གསལ་དོན་གཉེར་ཅན་མང་པོ་ཞིག་ལ་ཕན་པ་ཕྲན་ཙམ་འབྱུང་བའི་རེ་སྨོན་གཙང་མ་ཞིག་གིས་བསྐུལ་ཏེ་མ་བབས་ཁུར་དུ་ལེན་མཁན་གྱི་གུས་དམན་སྨོན་ལམ་རྒྱ་མཚོས་སྤྱི་ལོ༢༠༢༠ཟླ༦ཚེས༡༧ཉིན་བསྐྱར་བཅོས་དང་མཇུག་གྲུབ་པར་བགྱིས་པའོ། །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
86xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བློ་བཟང་། སྤེལ་དུས:2020/8/23
རྩོམ་སྒྲིག་པ་ལགས། ང་ཚོའི་དགོན་པའི་ལོ་རྒྱུས་ཤིག་འདིར་འགོད་ཆོག་གམ། གལ་ཏེ་ཆོག་ན་ཡིག་སྒམ་དུ་བསྐུར་ཡོང་ལགས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
20263147
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号