འཇིག་རྟེན་ཕལ་བའི་བློ་སྦྱོང་འདི་སྣང་དཔལ་སྟེར་ཞེས་བྱ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། » འཇིག་རྟེན་ཕལ་བའི་བློ་སྦྱོང་འདི་སྣང་དཔལ་སྟེར་ཞེས་བྱ་བ།
འཇིག་རྟེན་ཕལ་བའི་བློ་སྦྱོང་འདི་སྣང་དཔལ་སྟེར་ཞེས་བྱ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/9/20ལྟ་ཀློག (4171)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 འཇིག་རྟེན་ཕལ་བའི་བློ་སྦྱོང་འདི་སྣང་དཔལ་སྟེར་ཞེས་བྱ་བ།


ལྡོང་ནོར་སྡེ།

ན་མོ་ལོ་ཀེ་ཤྭ་ར་ཡ།

འདི་ནི་ཉན་ཐོས་ལམ་མིན་རང་རྒྱལ་དང་།།

བྱང་ཆུབ་སེམས་དཔའི་ལམ་ཡང་འདི་མ་ཡིན།།

དེ་བཞིན་སྔགས་ཀྱི་སྤྱོད་ལམ་ག་ལ་ཡིན།།

འཇིག་རྟེན་ཕལ་བའི་ལམ་སྟེགས་མངོན་མཐོའི་གཞི།།

 

འདི་ནི་ཡ་རབས་ལུགས་ཀྱི་རྩ་བ་དང་།།

རང་བདེ་དོན་དུ་གཉེར་བའི་བླང་དོར་གནད།།

གྲོང་ཁྱིམ་སྐྱེ་བོ་ཕལ་བའི་བློ་སྦྱོང་ལམ།།

བདེན་སྐྱེས་དྲང་རྒས་མི་ཚེའི་འཚོ་ཐབས་དངོས།།

 

རྩ་བ་བཞི་ལ་ཡལ་ག་བཅུ་གཉིས་ཀྱིས།།

བློ་སྦྱོང་འདི་ཡི་དབུ་ཞབས་མ་ལུས་བསྡུས།།

རྩ་བ་སྙིང་རྗེ་དང་ནི་ཤེས་རབ་དང་།།

འཇོན་ཐང་དང་ནི་གུས་ལུགས་བཞི་ལའོ།།

 

དང་པོ་གཞན་ལ་བརྩེ་བ་སྙིང་རྗེ་དང་།།

གཉིས་པ་གནམ་ལ་སྐྲག་པ་ཤེས་རབ་དང་།།

གསུམ་པ་ཡུལ་འཁོར་སྲུང་པ་འཇོན་ཐང་དང་།།

བཞི་བ་ལྷ་ལ་བཀུར་བ་གུས་ལུགས་སོ།།

 

རྩ་བ་བཞི་འདི་གནའ་བོའི་གཞུང་ན་གསལ།།

རྩ་བ་བཞི་འདི་བོད་པའི་སྲིད་ལ་གྲགས།།

འདི་ལྡན་རང་བདེ་གཞན་སྐྱིད་དཔལ་གྱི་སྒོ།།

ད་ལྟའང་འདི་ཡི་ཡོན་ཏན་མང་དུ་མཐོང་།།

 

དང་པོ་གཞན་ལ་བརྩེ་བ་སྙིང་རྗེ་ནི།།

སྙིང་རྗེ་ལྡན་གང་མི་ཡིན་ལྷ་ཡང་ཡིན།།

དེ་ལས་ལྡོག་པ་འདྲེ་ཡིན་བདུད་ཀྱང་ཡིན།།

འདི་ལ་མཆོག་འབྲིང་ཐ་མ་གསུམ་དུ་དབྱེ།།

 

གང་ཞིག་ཆོས་དང་འཇིག་རྟེན་མི་ཚེའི་ཁྲོད།།

གཞན་དོན་སྤྱི་དོན་རླབས་ཆེན་སྒྲུབ་པ་དང་།།

དེ་ཡི་ཆེད་དུ་རང་བདེ་འདོར་ནུས་པ།།

གཞན་ལ་བརྩེ་བའི་སྙིང་རྗེ་མཆོག་ཡིན་ནོ།།

 

རང་དོན་ལེགས་པར་འབྱོངས་པ་སྔོན་སོང་ནས།།

གཞན་གྱི་དོན་ལའང་ཕན་འདོད་བསམ་པ་ཅན།།

བདེ་སྡུག་གང་བྱུང་རང་གཞན་མཉམ་པའི་བློ།།

གང་ལ་ལྡན་དེ་བརྩེ་བ་འབྲིང་དུ་བཤད།།

 

རང་ལ་རྙེད་བཀུར་གྲགས་བདེ་འབྱུང་བའི་ཆེད།།

ཐབས་འཕྲུལ་ལས་ཀྱི་འཁོར་ལོ་ཅི་བསྐོར་ཀྱང་།།

དེ་ཡི་དོན་དུ་གཞན་གྱི་ཕན་བདེ་ལ།།

གནོད་པ་མི་བྱེད་པ་དེ་གསུམ་པའོ།།

 

གཉིས་པ་གནམ་ལ་སྐྲག་པ་ཤེས་རབ་ལ།།

གནམ་ནི་གནས་ལུགས་གནམ་ནི་བླང་དོར་ལམ།།

གནམ་ནི་སྲིད་ཀྱི་ཁྲིམས་ཡིན་སྐྱེ་བོ་རྣམས།།

གནམ་གྱི་ཕྱི་རོལ་གྱུར་པ་གང་ཡང་མེད།།

 

སྲིད་པ་གནམ་གྱི་རྒྱལ་མོའི་བཀའ་ལུང་གིས།།

འཇིག་རྟེན་ལས་ཀྱི་གནས་ལུགས་ཐིགས་སུ་གདབས།།

མགོ་ནག་མི་ཡི་འཚོ་གནས་གནམ་གྱིས་བཀོད།།

གནམ་གྱི་དེ་ཉིད་ཤེས་པ་ཤེས་རབ་ཅན།།

 

ལྷ་ཆོས་དགེ་བ་བཅུ་དང་མི་ཡི་ཆོས།།

གཙང་མ་བཅུ་དྲུག་བོད་མིའི་བླང་དོར་ལམ།།

མེས་པོ་སྲོང་བཙན་སྒམ་པོས་སྲོལ་དུ་བཏོད།།

སྲོལ་འདི་མ་ནོར་འཛིན་པ་ཤེས་རབ་ཅན།།

 

རྒྱལ་ཁབ་ཆེན་པོའི་རྩ་བའི་ཁྲིམས་དང་ནི།།

དེ་ལས་འཕྲོས་པའི་བཅའ་ཁྲིམས་སྣ་ཚོགས་དང་།།

ཡུལ་དང་དུས་ཀྱིས་བཀོད་པའི་ལམ་སྲོལ་དག།

རྣམ་པ་ཀུན་ཏུ་སྲུང་པ་ཤེས་རབ་ཅན།།

 

གསུམ་པ་ཡུལ་འཁོར་སྲུང་པ་འཇོན་ཐང་ནི།།

རང་ཁྱིམ་རང་ཡུལ་རང་གི་མི་རིགས་འདིར།།

དུང་ཞེན་དཀར་པོས་སྲི་ཞུ་སྒྲུབ་པ་ལ།།

མི་ཚེའི་རིན་ཐང་སྐྲུན་པ་འཇོན་ཐང་ཡིན།།

 

ཕ་མར་གུས་ཤིང་བུ་ཚར་ལུགས་བཟང་སློབ།།

ཁྱིམ་ཐབ་འགྲིག་ཅིང་གཉེན་གྲོགས་བྱམས་པས་སྐྱོང་།།

འཚོ་གནས་ལེགས་སྒྲུབ་རང་བདེ་རོགས་ལ་ཕན།།

ཡུལ་མིའི་རྒྱན་དུ་གྱུར་པ་དང་པོའོ།།

 

ཤེས་རབ་རྩལ་གྱིས་དགའ་སྡང་དབྱེ་བ་གསལ།།

གནམ་ལ་སྐྲག་ཅིང་ལམ་ལ་བླང་དོར་མཁས།།

གཉེན་གྱིས་ལོག་སྒྲུབ་བཟོད་ཅིང་རང་ཚུགས་ཐུབ།།

གསེར་ལྟར་འགྱུར་བ་མེད་པ་གཉིས་པའོ།།

 

ཕྱི་དང་ནང་གི་ལུགས་རྣམས་མ་ལུས་རྟོགས།།

རང་དང་གཞན་གྱི་ངང་ཚུལ་མཐའ་དག་ཤེས།།

ཡུལ་འཁོར་སྲུང་བའི་ཕྱག་རྗེས་འོད་དུ་འབར།།

སྐྱེས་མཆོག་ཡིད་བཞིན་དབང་རྒྱལ་གསུམ་པའོ།།

 

བཞི་བ་ལྷ་ལ་བཀུར་བ་གུས་ལུགས་ཞེས།།

སྲོལ་འདི་སྟོང་ཕྲག་ལོ་ཡི་སྔོན་ནས་བྱུང་།།

ལྷ་ལ་འཇིག་རྟེན་འདས་དང་མ་འདས་གཉིས།།

འདིར་བསྟན་གཙོ་བོ་འཇིག་རྟེན་མ་འདས་ལྷ།།

 

ཐོག་མར་རིགས་དང་རུས་ཀྱི་མཚུན་ལྷ་དང་།།

འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་དང་།།

རང་རང་ཕ་མེས་སློབ་དཔོན་རྒྱུད་ཀྱི་ལྷ།།

དུས་སུ་གསོལ་ཞིང་མཆོད་པ་གུས་ལུགས་ཡིན།།

 

དེ་བཞིན་གངས་བྲག་རྫ་སྤང་ནགས་ཀྱི་རི།།

མཚོ་དང་མཚེའུ་ཆུ་ཀླུང་ཆུ་མིག་སོགས།།

བདག་ཏུ་འཛིན་པའི་ཡུལ་ལྷ་གཞི་བདག་རྣམས།།

དུས་ལྟར་མཐུན་པར་གསོལ་བ་གུས་ལུགས་ཡིན།།

 

གཞན་ཡང་གངས་ཅན་སྒྲུབ་རྒྱུད་ཤིང་རྟའི་ལུགས།།

ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མའི་ཚོགས།།

ཆོས་བརྒྱུད་ཡོན་བདག་རང་ལ་བབས་པའི་ལྷ།།

ཚུལ་བཞིན་མཆོད་པ་གུས་ལུགས་ཆེན་པོའོ།།

 

འདི་ལྟར་བགྱིས་ན་རང་དང་གཞན་ལ་ཕན།།

འདི་ལྟར་བགྱིས་ན་འཕྲལ་དང་ཡུན་དུ་བདེ།།

འདི་ལྟར་བགྱིས་ན་སྤྱི་དང་སྒེར་ལ་བཟང་།།

འདི་ལྟར་བགྱིས་ན་བསྟན་དང་འགྲོ་ལ་སྨན།།

 

ཆེན་པོ་རྣམས་ཀྱི་གཟི་བྱིན་ལྷག་པར་རྒྱས།།

ཕལ་བ་རྣམས་ཀྱི་རང་མགོ་བདེ་བར་ཐོན།།

གང་ཞིག་གང་གི་མི་ཚེའི་རིན་ཐང་མཆོག།

གེགས་མེད་མངོན་དུ་འགྱུར་ལ་འདི་ཉིད་གལ།།

 

དེ་སྐད་ཤེས་རབ་ཟླ་གཞོན་ལང་ཚོའི་མདངས།།

གནས་ལུགས་ཆུ་གཏེར་ཀློང་དུ་རྩེན་དང་ལྷན།།

སྤོབས་པའི་རླབས་ཕྲེང་གསར་བས་ཉེར་སྒེག་པ།།

ལྡོང་རིགས་སྔགས་གཟུགས་ནོར་སྡེར་འབོད་པས་སོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41303537
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1