དྲན་ཚུལ་དང་འབུ་མེ་ལྕེབས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 26 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »དྲན་ཚུལ་དང་འབུ་མེ་ལྕེབས།
དྲན་ཚུལ་དང་འབུ་མེ་ལྕེབས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/9/23ལྟ་ཀློག (218)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དྲན་ཚུལ་དང་འབུ་མེ་ལྕེབས།


རས་ཡོལ་སྔོན་པོ།


      དོ་དགོང་ཕྱི་རོལ་ཏུ་ཆར་འབབ་ཀྱིན་འདུག ཆར་ཅུང་ཆེན་པོ་ཞིག་འབབ་ཀྱིན་འདུག ང་རང་གཅིག་པུར་སྒེའུ་ཁུང་འགྲམ་དུ་ལངས་ཏེ། ཅུང་ཁད་རིང་བའི་རྫོང་ཕྲན་དེའི་ཁྲ་ཆིལ་དགུ་ཆིལ་དུ་སོང་བའི་གློག་འོད་དག་ལ་ཅེར་ནས་བསྡད། ཡིན་ནའང་ཆར་གྱི་ཐིགས་པ་རེ་འགའ་ཤེལ་གྱི་སྒེའུ་ཁུང་གི་ངོར་ཡང་ཡང་འཕྱོ་ཞིང་ལྡིང་བ་ནི། སེམས་ཀྱི་ལྷིང་འཇགས་དཀྲོག་བྱེད་དུ་བསམ་གཟས་ནས་བཟོས་པ་དང་འདྲ་བར། དལ་ཅིག་ལའང་སེམས་པ་རྣལ་དུ་ཕབ་པའི་གོ་སྐབས་མི་སྤྲོད་པ་འདྲ་བས། སྒེའུ་ཁུང་འགྲམ་དུ་ལངས་འདོད་ཀྱི་འདུན་པ་ཡོངས་སུ་བོར་ནས་ཕྱིར་ཉལ་ཁྲིའི་སྟེང་དུ་བསྡད་པ་ཡིན་ལ། དུས་ཚོད་བཅུ་དང་ཕྱེད་ཀ་ཙམ་ལས་ཡོལ་འདུག་པས། ལས་གྲོགས་རྣམས་ལ་བར་ཆད་མི་བྱ་བ་དང་། སྐུ་ངལ་ཡག་པོ་སོས་ཆེད་དུ་རང་གི་སྔས་སྟེང་ལས་རྒྱང་དུ་ཆེར་མི་འཕྲོ་བའི་སྟེགས་སྒྲོན་ཆུང་ཆུང་དེ་སྦར་བ་ཡིན་ལ། དུས་ཚིགས་འདི་ནི་སྟོན་ཟླ་བརྒྱད་པའི་ནང་གི་ཆེས་སྤྱིར་བཏང་གི་དགོང་མོ་ཞིག་ཡིན།  དབྱར་གྱི་མཛེས་སྡུག་གི་ཕུན་ཚོགས་མང་པོ་ཞིག་ཕར་འདས་ནས། དགུན་གྱི་གྲང་ངར་དང་ལྷགས་རླུང་ལ་ཚུར་ཉེ་བའི་ཆེས་སྤྱིར་བཏང་གི་དགོང་མོ་ཞིག་ཡིན། དེ་ལས་ཀྱང་ཅུང་དམིགས་བསལ་བ་ཞིག་ནི། ང་རང་བསྡད་ཡོད་པའི་གནས་འདི་ནི་མདོ་དབུས་མཐོང་སྒང་གི་ས་ཆ་རིགས་ཤིག་ལས་ས་བབ་མཐོ་བ།  རྩྭ་ཐང་ཆེ་ས་ཞིག་ཡིན་པས། ནམ་ཟླ་སྔ་ཙམ་ནས་ཇེ་འཁྱག་ཏུ་ཕྱིན་པ་དང་། མི་རྣམས་ཀྱིས་ལྭ་བའང་ཇེ་མཐུག་ཏུ་སོང་ཡོད། ཡུལ་ལྗོངས་དང་གྲང་ངར་གྱིས་ཀྱང་མཚམས་མཚམས་སུ་ཁྲོ་གཉེར་ཅུང་ཙམ་རེ་སྟོན་པར་བྱེད། འདི་ནི་ནམ་ཟླ་སྟོན་མཇུག་་གི་ཆེས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལས་གཞན་ཅི་ཡང་མིན་ཤས་ཆེ།  

     ཡི་གེ་འདི་བྲིས་ཏེ་སྐབས་འདིར་སླེབས་དུས། དངོས་གནས་ཡིད་ལའང་ཤར་མ་མྱོང་བ་ཞིག་ལ། རྒྱུན་ལྡན་ངའི་གློག་འོད་དུ་ཡོང་བའི་འབུ་མེ་ལྕེབས་དེ་ཏག་ཏག་སླེབས་བྱུང་། འབུ་མེ་ལྕེབས་འདི་ངའི་གློག་འོད་དུ་ཡོང་ནས་ཡུན་རིང་ཞིག་འགོར་ཡོད་ལ། དུས་ཚོད་དང་མཚན་མོ་མང་པོ་ཞིག་འདས་ཟིན་ཡོད་པས། ཏག་ཏག་ང་དང་ཆ་རྒྱུས་མེད་ཟེར་ས་ནི་རྩ་བ་ཉིད་ནས་ག་ལ་འགྲོ་སྟེ་གཏན་ནས་མི་འགྲོའོ།།  ངས་འབུ་མེ་ལྕེབས་དེ་སླེབས་པ་དང་ཁོས་གཤོག་སྒྲོ་ལ་བྱིལ་བྱིལ་ཞིག་བྱས་པ་ཡིན་ཏེ། སྐབས་སྐབས་སུ་ཁོ་རང་བག་ཡངས་ཀྱིས་སྡོད་པར་བྱེད་ལ། སྐབས་སྐབས་སུ་ཅུང་ཙམ་སུན་གྱིན་ཡོད་པའི་སྣང་བ་ཞིག་སྟེར་བས། ངས་གང་ཞིག་བྱེད་དགོས་མིན་ཁྱོན་ནས་མི་ཤེས་པས། འབུ་མེ་ལྕེབས་དེར་བལྟས་ནས་བསྡད་པ་ཡིན་ལ། འབུ་མེ་ལྕེབས་ནི་ནམ་རྒྱུན་དང་འདྲ་བར་སྟེགས་སྒྲོན་འོག་ཏུ་འཕུར་ལྡིང་བྱེད་བཞིན་འདུག་ལ། ང་ཡི་གམ་དུ་ལོག་པས་སྤྲོ་དགའ་མཚོན་བྱེད་དུ་གར་ལ་རྩེན་པ་དང་འདྲ།  ངས་འབུ་མེ་ལྕེབས་འདིར་ཅི་ཞིག་བཤད་འདོད་ཀྱིས་ཁ་ཤ་འགུལ་ཙམ་འགུལ་ཙམ་རེ་བྱས་མོད། ཡིན་ནའང་ངས་འབུ་མེ་ལྕེབས་ཀྱིས་སྐད་ཆ་དག་ཧ་གོ་མི་ཐུབ་པར་ཡིད་ཆེས་ཡོད་པས་ཅི་ཡང་སྨྲ་མ་ནུས་མོད།     དོན་ངོ་མར་ངས་འབུ་མེ་ལྕེབས་ཀྱིས་སྐད་ཆ་དག་གོ་མི་ཐུབ་པའི་རྒྱུ་མཚན་ཡང་མ་རྙེད། ཡིན་ནའང་ངས་འབུ་མེ་ལྕེབས་ཀྱི་སེམས་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་སྙམ་སྙམ་ལ་ཡོད།  འབུ་མེ་ལྕེབས་ནི་དྲོད་དང་འོད་སྣང་ལ་ཕྱོགས་པའི་འབུ་ཞིག་ཡིན་པར་བོད་ཀྱི་ན་གཞོན་རྩོམ་འབྲི་བ་ཁ་བ་སྙིང་ལྕགས་ལགས་ནས་བཤད་མྱོང་བ་བཞིན། ག་ལེར་བསམ་བློ་བཏང་པ་ཡིན་ན། འབུ་མེ་ལྕེབས་ནི་དངོས་གནས་དེ་འདྲ་ཞིག་རེད། ཡང་ན། འབུ་མེ་ལྕེབས་ནི་མུན་ནག་ལ་རྒོལ་བའི་ཕྱིར་དུ་ལུས་སྲོག་ལྟོས་མེད་དུ་འོད་སྣང་ལ་སྟིམ་པའི་འབུ་ཞིག་ཡིན་པའང་བདེན་པ་ཡིན།  དེ་བས་ངས་ཁོ་རང་གི་མདུན་དུ། ནམ་ཟླ་སྟོན་མཇུག་འདིར་སྐྱོ་གདུང་དང་སུན་སྣང་བྲིས་པའི་འབྲི་ཤོག་དག་གིས་མེ་ཕུང་ཆུང་ཆུང་ཞིག་སྦར་ནས་སྐྱེལ་མ་བྱ་དགོས་པའི་སྣང་བའང་བྱུང་། དེའི་རྒྱུ་མཚན་ནི། ངས་ཁོ་རང་གཏིང་ཟབ་པའི་མུན་ནག་དང་སྟོན་མཇུག་དང་དགུན་མགོར། ནང་སེམས་སུ་ཟུག་གཟེར་སློང་བྱེད་ཀྱི་ལྷགས་རླུང་དག་མྱང་དུ་འཇུག་མི་འདོད་པས་ཡིན་ཏེ། ང་ཁོ་རང་ལ་སྡང་སེམས་དང་ཞེད་སྣང་ཕྲན་ཙམ་ཡང་མེད་པར་མ་ཟད། ཧ་ཅང་སྙིང་ཉེ་བ་དང་གཅེས་སེམས་གཏིང་ཟབ་པ་ཞིག་ཡོད།

     འོན་ཀྱང་དེ་ནི་དངོས་གནས་ནོར་འཁྲུལ་ཞིག་མིན་པའི་ངེས་པའང་མེད་དེ། ངས་ཁོ་རང་གི་མདུན་དུ་མེ་ཕུང་ཞིག་སྦར་ནས་སྐྱེལ་མ་བྱེད་པ་ནི་ནོར་འཁྲུལ་ཞིག་མིན་ནམ་སྙམ། ཡིན་ནའང་སེམས་བྱུང་འདི་ནི་ངས་ཁོ་རང་མུན་ནག་དང་ལྷགས་རླུང་ལ་མི་དགའ་བ་ཤེས་པས་ཡིན། ངས་འདི་ལྟར་བསམ་བསམ་མཐར་ང་རང་ཉིད་ཀྱང་མུན་ནག་དང་སྐྱོ་གདུང་གིས་མནར་ཡོང་ལ། ནང་སེམས་སུ་ཁེར་རྐྱང་དང་དྲན་གདུང་གིས་བཟི་ཡོང་ངོ་། །  

      ང་རང་ཧ་ཅང་ཁེར་རྐྱང་གི་སྐབས་འདིར་འབུ་མེ་ལྕེབས་ནི་བདག་གི་སེམས་གསོ་བྱེད་དུ་མཚན་མོ་རེ་རེའི་མུན་ནག་བརྒལ་ནས་སླེབས་ཡོང་བ་དང་འདྲ། ང་ནི་བྱམས་བརྩེ་མེད་པའི་མི་ཞིག་ཡིན་ནའང་། སུ་དང་གང་ལའང་ལྐོག་ཏུ་སེམས་ཁུར་བྱེད་ཤེས་པའི་མི་ཞིག་ཡིན།  ངས་སེམས་ཁུར་གྱིས་སུ་དང་གང་ཞིག་བསྲོ་མི་ཐུབ་པ་ཤེས་ནའང་། ངས་སུ་དང་གང་ལ་སེམས་ཁུར་བྱ་བ་ནི་མི་ཚེ་ནང་གི་རྒྱུན་ཤེས་ཆེ་ཤོས་སུ་གྱུར་ཡོད་པས། སུ་དང་གང་ཞིག་བསྲོ་མི་ཐུབ་པ་ཙམ་གྱིས་གང་དྲན་དྲན་དུ་འདོར་མི་སྲིད། དེ་ནི་ངས་འབུ་མེ་ལྕེབས་འདིར་སེམས་ཁུར་བྱེད་པ་དང་གཉིས་སུ་མེད། འབུ་མེ་ལྕེབས་འདི་ཉིན་མོ་ཐེངས་གཅིག་ལའང་མཐོང་རྒྱུ་གཏན་ནས་མི་འདུག་མོད། མཚན་མོར་ངས་སྟེགས་སྒྲོན་སྦར་བ་དང་བསྟུན་ནས་ཁོ་རང་ག་ལེར་སླེབས་ཡོང་བ་རེད། ངས་ཁོ་རང་གང་དུ་སོང་པ་དང་གང་ནས་ཕྱིར་ལོག་ཡོང་བའང་མི་ཤེས། ངས་ཤེས་པ་ནི་ཁོ་རང་མཚན་སྨག་བརྒྱུད་ནས་དུས་ཚོད་ལས་མི་ཡོལ་བར་འདིར་སླེབས་ཡོང་པ་དེ་རེད།  འདིར་སླེབས་དུས་ཀྱང་ཅི་མི་སྙམ་པར་འཕུར་ལྡིང་མང་ཙམ་ཞིག་བྱས་རྗེས་ག་ལེར་འོད་སྣང་དང་རིང་དུ་མི་གྱེས་པར་གཟིམ་འགྲོ་བ་དེ་རེད། དེ་ནས་ཀྱང་ཁོ་རང་རྨི་ལམ་ལས་ཆེས་མཛེས་སྡུག་དང་བདེ་སྐྱིད་ཀྱི་ཡུལ་གྲུ་ཞིག་ཏུ། རང་དབང་དང་དགའ་སྤྲོས་འཚོ་བཞིན་ཡོད་པ་དང་འདྲ་བར་འགུལ་ཙམ་ཡང་མི་བྱེད་པ་དེ་རེད།

     ཡིན་ནའང་ཆེས་ཡིད་སྐྱོ་བ་ཞིག་ནི། ནམ་ཟླ་སྟོན་མཇུག་འདིར་ཁོ་རང་ཡུན་རིང་དུ་གནས་མི་སྲིད་པའི་གནས་ལུགས་དེ་རེད། ང་རང་ཆེས་སྐྲག་པ་ནི་ཁོ་རང་ནམ་ཞིག་ལ་ལྷགས་རླུང་གི་སོ་ཁར་ནག་ཉེས་ཅི་ཡང་མེད་པར་འཆི་འགྲོ་ངེས་སྙམ་པ་དེ་རེད། ཡིན་ནའང་ངས་ཁོ་རང་མེ་ཕུང་གི་ནང་དུ་སྔ་ཙམ་ནས་འཆི་སོང་ན་སྙམ་མི་ཕོད། གང་ལྟར་ཡང་ཁོ་རང་ཕྱིར་ལོག་ཕེབས་ཀྱིས་སྟོང་སོང་ན།  ང་རང་ཧ་ཅང་སྐྱོ་ངེས་ཞེས་པ་དེ་ཡིན།

༢༠༢༠  ༩  ༢༢  དགོང་མོར།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
20856048
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号