ས་ཐོ་སྐྱིད། (སྒྲུང་ཐུང་།) ཤོག་སྒྲ། རྔ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག » ས་ཐོ་སྐྱིད། (སྒྲུང་ཐུང་།) ཤོག་སྒྲ། རྔ་བ།
ས་ཐོ་སྐྱིད། (སྒྲུང་ཐུང་།) ཤོག་སྒྲ། རྔ་བ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2020/11/24ལྟ་ཀློག (17259)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ས་ཐོ་སྐྱིད།(སྒྲུང་ཐུང་།)

ཤོག་སྒྲ།   རྔ་བ།

       མི་ཐམས་ཅད་ཀྱིས་རང་རང་གི་འཚོ་བ་ལ་དོ་ཁུར་བྱས་ཏེ་དྲོད་འཇམ་དོད་པའི་གཞིས་ཁྱིམ་རེ་བསྐྲུན་ཡོད་ལ། ཆེས་མི་འཇོན་པོས་མ་མཐའ་ཡང་ཁྱིམ་ཚང་གི་ལྟོ་གོས་ལ་དེ་འདྲ་སེམས་ཁུར་བྱེད་མི་དགོས་པའི་ས་གནས་ཡག་པོ་ཞིག དེ་གའི་མི་རྣམས་ཀྱིས་བཤད་ན་ཡུལ་འདི་ན་གེ་སར་གྱིས་དགྲ་ནག་པོ་བཏུལ་ནས་རླུང་རྟ་དར་ས་དང་རྗེ་བླ་མའི་ཆོས་ཀྱི་འདུན་ས་བྱོན་དཀའ་བའི་སྐྱེས་བུ་དམ་པ་འཁྲུངས་ས་ད་དུང་རྒྱབ་རི་གསེར་དང་མདུན་ཕྱོགས་སུ་རྒྱུ་བའི་གཙང་བོ་གཡུ་ཡིན་པའི་གཏམ་རྒྱུད་མང་དུ་བཤད། ས་ཆ་དེ་རུ་སྤྱིར་བཏང་གི་མི་ལས་ལྷག་པ་འགའ་ཡོད་པས་དེ་འདྲའང་ལོས་ཡིན་འདོད། ས་ཐོ་སྐྱིད་ཀྱི་ཡུལ་ནི་ས་དེ་གའི་ཁྱིམ་ཚང་ཕལ་བ་ཞིག་ཡིན་ལ། མོ་ད་ལོ་ལོ་བཅོ་བརྒྱད་དུ་སོན་རྗེས་སློབ་གྲྭ་རིམ་པ་མཐར་ཕྱིན་ནས་ས་དེ་གའི་མཐོ་འབྲིང་སློབ་གྲྭ་རུ་ཞུགས། སློབ་གྲྭ་དེའི་མི་ཐམས་ཅད་ནི་གཉིད་ལས་སད་མ་ཐག་འདིར་ཐོན་ཡོང་བ་ལྟར་དབུལ་བོ་ཧ་ཅང་མང་། ཡིན་ནའང་སློབ་གྲྭ་དེའི་མི་རྣམས་ལ་ནུས་པ་དང་རིག་གནས་དེ་འདྲ་མེད་ན་ཡང་མི་རང་རང་གི་བསམ་པའི་གོ་རྟོགས་མཐོ་ལ་སྒེར་གཤིས་ཁྱད་པར་བ་རེ་ཡོད།  སློབ་མ་དེ་དག་གིས་ལྟ་སྤྱོད་དང་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་དགོས་འདུག་གསལ་བོར་ཤེས་ཀྱིན་ཡོད།ས་དེ་ལ་མཚོན་ན་སློབ་གྲྭ་དེ་ནི་སྤྱིར་བཏང་གི་སློབ་གྲྭ་ཞིག་མིན་པས་ས་ཐོ་སྐྱིད་ཀྱི་ཕ་མ་གཉིས་ཀྱང་རང་གི་བུ་མོ་འདི་འདྲའི་སློབ་གྲྭ་བཟང་བོ་ཞིག་ཏུ་འབྱོར་བར་དགའ་ཐག་ཆོད་ནས་ཡོད། ས་ཐོ་སྐྱིད་ནི་འཛིན་གྲྭ་འདིའི་སློབ་སྦྱོང་བཟང་བོ་དེ་ཡིན་པས་ལུས་པོ་ཆུང་ཡང་ཆེ་མདོག་བྱེད་རྒྱུར་དགའ།ས་ཐོ་སྐྱིད་ཀྱི་སྦྱངས་འབྲས་བཟང་བ་ནི་མོས་རང་སྟོབས་ཀྱིས་རང་ཉིད་ལ་བསྐུལ་ཏེ་ཀུན་ཀྱི་མིག་དཔེ་དང་བསྟོད་བསྔགས་བྱེད་ཡུལ་འབའ་ཞིག་ཏུ་གྱུར་ཡོད་པ་ཡིན།གཡང་ལོ་ནི་མོའི་འདུག་གྲོགས་ཡིན་པས་རྒྱུན་པར་ཁོ་གཉིས་ཀྱིས་ཁ་རྩོད་བྱས་ནས་འདུག ཉིན་ཞིག་གི་ཞོགས་པར་དགེ་རྒན་སྣང་གསལ་གྱིས་ས་ཐོ་སྐྱིད་གཞུང་ལས་ཁང་དུ་བོས་ཏེ་སློབ་གྲོགས་གཞན་པ་ཚོའི་སྦྱངས་འབྲས་ཅི་འདྲ་ཡིན་འདུག་ལ་རྩད་ཞིབ་བྱས།“ད་སྐབས་ཞིག་ལ་སློབ་གྲོགས་ལ་ལར་ཀླད་པར་སྐྱོན་ཞུགས་ནས་མི་ལ་བརྩི་བཀུར་མེད་པ་དང་དཔེ་ཆ་གཤག་པ་སོགས་བྱེད་པས་རིག་གནས་ལ་བཟུང་བའི་འདུ་ཤེས་མི་གཙང་གི”ཞེས་བདེན་པ་ཀྲོག་ཀྲོག་གིས་དགེ་རྒན་ལ་དེ་ལྟར་བཤད།གཡང་ལོའི་རྐང་རུལ་བྲོ་བའི་ལྷམ་ཚང་དེ་དྲན་ཞོར་ཁོང་ཁྲོའི་ངང་མོའི་དགེ་རྒན་ལ་ལྟ་ཙམ་བྱས།ཁ་སང་ས་ཐོ་སྐྱིད་དང་གཡང་ལོ་གཉིས་ཀྱིས་ཚ་ཐག་ཆོད་པའི་འཐབ་རྩོད་ཞིག་བྱས་སོང་བས་ད་ལྟ་ཁོ་གཉིས་ཕན་ཚུན་ལ་ཞེན་པ་ལོག་ནས་ཡོད།གཡང་ལོ་ཉིན་གུང་གི་ངལ་གསོའི་བར་དུ་སྤོ་ལོ་བརྩེས་བརྩེས་ནས་ཕྱིར་འཛིན་ཁང་དུ་ཐོན་རྗེས་དྲི་ངན་བྲོ་བའི་རང་གི་ལྷམ་ཚང་དེ་བླངས་ནས་ས་ཐོ་སྐྱིད་ལ་སྟོན་ཙམ་བྱས་པས་མོ་གློ་རྡེག་ཀྱིས་སྤྲོ་ལངས་ནས་དཔེ་ཆ་ཞིག་གིས་འགའ་གྲབ་པར་གཡང་ལོས་འཐེན་ཙམ་བྱས་ནས་དཔེ་ཆ་དུམ་བུར་གྱུར།དེ་ལྟར་ཉིན་འགའ་ལ་ཁོ་གཉིས་རང་རང་ས་ནས་སྨྲ་བ་མེད་པར་ཅུང་སྡོད་བཟོད་པའི་བར་སྐབས་ཙམ་བྱུང་། དེ་མིན་ས་ཐོ་སྐྱིད་ཀྱིས་གཡང་ལོ་ལ་ཐུབ་ཚོད་བྱས་པ་ཉུང་ཉུང་མིན་ཏེ།སློབ་ཐུན་སྐབས་ཞིག་ལ་ས་ཐོ་སྐྱིད་ཀྱིས་གཡང་ལོ་ལ་ཐུར་སྦྲང་ཞིག་སྦྱིན་ནས་ཁོའི་ཁ་ནང་དུ་དམུར་དམུར་བྱེད་ཀྱིན་ཡོད་དུས་ས་ཐོ་སྐྱིད་ཀྱིས་ཧ་ཅང་འཛིང་བའི་རང་གི་སྐྲ་ལོ་ཕབ་ཙམ་བྱས་ནས་དགེ་རྒན་སྣང་གསལ་ལ་དྲི་བ་ཞིག་འདྲི་མདོག་གིས་བོས། དགེ་རྒན་གྱིས་ཁ་ཕྱིར་འཁོར་བ་ན་གཡང་ལོའི་ཁ་ནང་དུ་བཟུང་བའི་ཐུར་སྦྲང་མཐོང་སོང་བས་ཉིན་གུང་གི་ཟ་མའང་མ་ཕྱིན་པར་སྐྱོར་སྦྱངས་བྱེད་དུ་བཅུག ས་ཐོ་སྐྱིད་ཀྱི་གདོང་ལ་རྒྱལ་ཁའི་འཛུམ་ཞིག་དོད་ནས་སྨྱུ་གུའི་སྣེ་མོ་ཁ་ནང་དུ་བཅུག་སྟེ་གཡང་ལོའི་མདུན་ཐད་ནས་ཡར་འགྲོ་མར་འགྲོ་འགའ་ཙམ་བྱས།ཁོ་གཉིས་ཀྱིས་འདི་ལྟར་ཕན་ཚུན་ལ་རྩོད་པ་དང་བསམ་ནག་བྱེད་པ་ནི་སྡང་སེམས་ངོ་མ་ཞིག་ཡིན་ནམ།    མཚན་མོ་ཆུ་ཚོད་དགུ་བ་ཡོལ་རྗེས་སློབ་མ་ཚང་མ་ཚོམས་ཆེན་དུ་སོང་ནས་རང་སྦྱོང་བྱེད་དགོས་མོད་ས་ཐོ་སྐྱིད་ཀྱིས་དགེ་རྒན་ལ་རང་འཛིན་གྲྭའི་སློབ་མ་ལ་ལར་གནད་དོན་ཡོད་རབས་བཤད་ཡོད་པས་དགེ་རྒན་སྣང་གསལ་གྱི་ཁྱིམ་དུ་འགྲོ་བའི་ལམ་བར་ནས་གྲིབ་མ་ནག་ཡོར་ཞིག་མཐོང་བས་མོ་དངངས་འཚབ་སྐྱེས་དེ་མགྱོགས་མྱུར་གྱིས་འགྲོ་དུས་རང་གི་རྡོག་མགོ་རྡོ་ཞིག་ལ་འཐོག་ནས་ཆུ་འདམ་ནང་དུ་འདྲིལ་སོང་།དེ་དུས་ཉེ་འགྲམ་ཞིག་ནས་སྣ་དགོད་བྱེད་པའི་སྒྲ་ཞིག་ཐོས་པས་ས་ཐོ་སྐྱིད་ལོག་ཞོར་མཆོང་ཞོར་དགེ་རྒན་སྣང་གསལ་གྱི་གམ་དུ་དབུགས་ཐེངས་གཅིག་གིས་རྒྱུགས་སོང་“ས་ཐོ་སྐྱིད་ལུས་ཡོངས་འདམ་བག་རེད་ཁྱེད་ལ་ཅི་བྱུང་།”ཞེས་དགེ་རྒན་སྣང་གསལ་ཀྱི་ཆུང་མས་པགས་རིས་ཤིག་བཟུང་ནས་ས་ཐོ་སྐྱིད་ཀྱི་ལུས་སྟེང་གི་འདམ་བག་འབྱིད་ཞོར་དེ་ལྟར་དྲིས། དགེ་རྒན་སྣང་གསལ་གྱི་ཆུང་མ་དཔལ་མོ་སྒྲོན་གྱིས་ས་ཐོ་སྐྱིད་ལ་ཧ་ཅང་བདག་སྐྱོང་བྱེད་ལ། དཔལ་མོ་སྒྲོན་གྱིས་ས་ཐོ་སྐྱིད་ཀྱི་གོན་པ་བཀྲུས་པ་ཐེངས་ཉུང་ཉུང་མིན།“ས་ཐོ་སྐྱིད་མ་གཞི་ནས་ས་འོག་ནས་ཐོན་པ་ཡིན་པས་དེ་འདྲ་ལོས་ཡིན།”ཞེས་དགེ་རྒན་སྣང་གསལ་གྱིས་དཔེ་ཆར་བལྟ་འཕྲོ་བྱས་ཏེ་རྒྱུན་པར་ས་ཐོ་སྐྱིད་ཀྱི་བཟོ་ལྟ་ནག་རོག་གེ་ཞིག་ཡིན་པས་ཀུ་རེའི་ཚུལ་གྱིས་དེ་ལྟར་བཤད་རྗེས་ས་ཐོ་སྐྱིད་ལ་ལྟ་ཙམ་བྱས།དགེ་རྒན་སྣང་གསལ་གྱིས་ཅི་བྱུང་བར་དྲིས་པས་ས་ཐོ་སྐྱིད་ཀྱིས། “རྡོག་མགོ་འཁྱོལ་བ་རེད”ཟེར་བ་ལས་གཞན་ཅི་ཡང་མ་བཤད།ས་ཐོ་སྐྱིད་ཀྱིས་དགེ་རྒན་སྣང་གསལ་ལ“སློབ་མ་གཡང་ལོ་དང་ཐར་སྐྱིད་གཉིས་ནི་རྒྱུན་པར་སྤོ་ལོ་རྩེ་བས་ངལ་གསོའི་བར་སྐབས་འབྱུང་གི་མེད་སློབ་ཁྲིད་སྐབས་སུ་ཐང་ཆད་ནས་གཉིད་འདུག་པས་སྒྱུར་བཅོས་བྱེད་དུ་འཇུག་དགོས་པ་དང་ད་དུང་རིག་གནས་ལ་དགའ་དགོས་པའི་བག་ཆགས་འཇོག་དགོས་པར་འདུག”ཅེས་རྒྱུན་པར་སྐད་ཆ་བཤད་པར་མཁས་པའི་ས་ཐོ་སྐྱིད་ཀྱིས་དེ་ལྟར་བཤད། ཡུད་ཙམ་གྱིས་ས་ཐོ་སྐྱིད་དཔལ་མོ་སྒྲོན་གྱི་གམ་དུ་སོང་ནས་ཤབ་ཤུབ་ཞིག་བཤད་ནས་ས་ཐོ་སྐྱིད་ཀྱིས“དགེ་རྒན་གཟིམས་མལ་བདེ་ད་ང་འགྲོ་རྒྱུ”ཞེས་བཤད་ནས་ཁོ་མོ་གཉིས་ཕྱི་རུ་ཡོང་ནས་དཔལ་མོ་སྒྲོན་གྱིས་འཚེར་སྣང་གིས་ཁེངས་བའི་ས་ཐོ་སྐྱིད་ཕྱིར་མལ་ཁང་དུ་བསྐྱལ།དཔལ་མོ་སྒྲོན་ཕྱིར་ལོག་མི་ཕོད་རྒྱུ་རེད་འདོད་ནས་ས་ཐོ་སྐྱིད་ཀྱིས་རང་ཉིད་དོན་དག་ཞིག་ལ་འཕྲད་པ་མ་བཤད་མོད།དཔལ་མོ་སྒྲོན་ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་ནས་ཤོག་སྒྲ་ཞིག་གྲགས་བྱུང་བར་མོས་དོ་སྣང་མ་བྱས།དེ་དུས་མོའི་ཉེ་འགྲམ་དུ་དབྱུག་པ་བཟུང་བའི་མི་ཞིག་དབུགས་ཧལ་ཧལ་བྱེད་ཀྱིན་པ་མཐོང་བས་ཁོ་མོ་བྱ་འཕུར་བ་ལྟར་ཕྱིར་བལྟས་ཙམ་ཡང་མི་ཕོད་པར་ཁྱིམ་དུ་རྒྱུགས་སོང་།“ཅི་ཞིག་རེད།”དཔལ་མོ་སྒྲོན་གྱིས་སྒོ་ཤེད་ཀྱིས་ཕྱིས་ནས་ནང་དུ་འཛུལ་བ་ན་དགེ་རྒན་སྣང་གསལ་གྱི

       ས་དེ་ལྟར་དྲིས།མོའི་སྙིང་ཡང་སྟིག་སྟིག་ལྡིང་བཞིན།“ཕྱི་རུ་ཆར་བ་འབབ་ཀྱིན་འདུག”ཞེས་བཤད།དགེ་རྒན་སྣང་གསལ་ནི་ལྷ་མཐོང་བ་དང་འདྲེ་རུ་འཕྲད་པའི་གཏམ་སྣ་དེ་དེ་ཙམ་བདེན་པར་མི་འཛིན་པས་དཔལ་མོ་སྒྲོན་གྱིས་རང་ཉིད་ཅི་ཞིག་གིས་སྐྲག་སོང་བ་མ་བཤད།

       ས་གཞིའི་པང་བ་རུ་ཆགས་པའི་མུན་ནག་གི་གདོང་མདོག་རིམ་བཞིན་ཡལ་ནས།  སྐྱ་རེངས་འཁོར་བ་ན་ཤར་རིའི་རྩེ་ནས་ཉི་མ་འོད་ཆེམ་ཆེམ་གྱིས་མཁའ་རུ་འཕགས་བྱུང་།སློབ་རྭའི་ཕྱོགས་དང་ཕྱོགས་སུ་ཉི་གཞོན་གསར་བ་ཞིག་གིས་དྲོད་མདངས་སྟེར་དེ་མེ་ཏོག་དང་ལྗོན་པ་རྣམས་ལ་གསོན་ཤུགས་རྒྱས་ནས་ཡོད།དྲིལ་བརྡ་གྲག་བྱུང་སློབ་མ་ཐམས་ཅད་འཛིན་ཁང་དུ་སོང་ནས་གྲ་སྒྲིག་བྱས།དགེ་རྒན་སྣང་གསལ་གྱིས་བོད་ལྭ་གྲལ་དག་ཅིག་གྱོན་ནས་འཛིན་ཁང་དུ་འཛུལ་བྱུང་།“སློབ་གྲོགས་ཚོས་བཤད་ན་གཡང་ལོ་དང་ཐར་སྐྱབས་གཉིས་ཀྱིས་སློ་སྦྱོང་ལ་ཧུར་ཐག་གིས་འབད་པ་བྱེད་ཀྱི་མི་འདུག་པས་དེ་རིང་ནས་ངས་ཁོ་གཉིས་ལ་དམིགས་བསལ་གྱིས་ལྟ་རྟོག་བྱེད་རྒྱུ་ཡིན།”ཞེས་བཤད་རྗེས་སློབ་ཁྲིད་བྱེད་མགོ་བརྩམས།གཡང་ལོ་ནི་ཅི་བྱེད་འདི་སྣང་མེད་པར་སྔར་བཞིན་འགྱུར་བ་ཅིང་མ་བྱུང་།ཐར་སྐྱབས་ཀྱིས་རང་གི་སྤྱོད་པ་དག་དགེ་རྒན་ལ་ཡར་ཞུ་བྱེད་མཁན་ལ་བསམ་གཞིག་བྱས།ཁོས་གཞི་ནས་ཤེས་བྱུང་།སློབ་སྦྱོང་ལ་ཐེ་གཏོགས་དང་དགེ་རྒན་ལ་ཡར་ཞུ་བྱེད་ཕོད་མཁན་གྱི་སྤོབས་པ་ཅན་ས་ཐོ་སྐྱིད་ལས་གཞན་མེད།ཉིན་གུང་སློབ་མ་ཚང་མས་ཟས་ཕོར་བཟུང་ནས་ཟ་མ་ལེན་དུ་འགྲོ་བར་ཐར་སྐྱབས་ཀྱིས་ས་ཐོ་སྐྱིད་གཟས་ནས་ཡོང་།ས་ཐོ་སྐྱིད་ཀྱིས་ཀྱང་ཚོར་ནས་ཤ་རྒྱག་ཅིང་གཟུགས་པོ་རིང་བའི་ཐར་སྐྱབས་ལ་གདོང་ལ་གཏད་པར་ཁ་མར་ནས་བསྡད་བྱུང་།ཐར་སྐྱབས་ཡོང་ནས་རང་གི་ཟས་ཕོར་སྟོང་བ་ས་ཐོ་སྐྱིད་ལ་གཏད་ནས་ཟས་ཡོད་པའི་ས་ཐོ་སྐྱིད་ཀྱི་ཕོར་བ་ཐར་སྐྱབས་ཀྱིས་བླངས་ཏེ་ཁ་ཕྱིར་འཁོར་ནས་བུད་སོང་།སློབ་གྲོགས་ཚང་མས་ཐར་སྐྱབས་ཀྱི་བྱ་སྤྱོད་དེ་གང་སར་འུར་པས་གཡང་ལོས་ཐོས་ཏེ་ཡ་མཚན་ཞིག་སྐྱེས།རྒྱུན་པར་སྡང་མིག་དང་མགོ་འཕང་མཐོ་བ་སྤོབས་པས་ཁེངས་བའི་ས་ཐོ་སྐྱིད་ལ་དེ་འདྲ་བྱེད་ཐུབ་པར་ཡ་མཚན་སྐྱེས་ནས་ཡོད།མ་གཞི་ས་ཐོ་སྐྱིད་གཡང་ལོའི་སྟེང་དུ་བཙན་པ་མ་གཏོག་སྟག་གི་ཡན་ལ་སྒང་ཞེས་པའི་དཔེ་ལྟར་ས་ཐོ་སྐྱིད་ཀྱི་གཉེན་པོ་ཐར་སྐྱབས་ཡིན་སོང་།

       ཐར་སྐྱབས་ནི་སློབ་གཙོ་བསྟན་ཁོའི་བུ་ཡིན་པས་རང་གི་སྤྱོད་ལམ་ལ་དེ་འདྲ་འཛེམ་དོགས་མི་བྱེད།ལུས་རྩལ་ཐང་དུ་ཚང་མས་སྦྱོང་བརྡར་བྱེད་གྱིན་འདུག་ནའང་ཐར་སྐྱབས་ཀྱིས་ས་ཐོ་སྐྱིད་ལ་བལྟས་ནས་ངོ་ནག་ནག་བྱས་ནས་བསྡད།ས་ཐོ་སྐྱིད་དོགས་མི་བདེ་བར་གྱུར་ཏེ་འཚུབ་ཆ་ལངས་ཤིང་ཉི་མ་དྲོ་རྐྱེན་རྔུལ་ཆུ་ཙ་ར་ར་བྱེད་ཀྱིན་འདུག ས་ཐོ་སྐྱིད་ཀྱི་གཉོམ་ཆགས་པའི་ཚུགས་ཀ་ཏེ་སེམས་རབ་ཏུ་རྙི་བའི་གཡང་ལོས་མཐོང་ནས་ཐར་སྐྱབས་ལ།“སྟག་ཤར་ར་ཞིག་ཡིན་ན་བུ་མོ་ཞིག་ལ་སྡང་སེམས་བཅངས་ནས་ཅི་བྱེད”ཞེས་ས་ནས་ཡར་ལྡིང་ཞོར་དུ་དེ་ལྟར་བཤད་པར་ཐར་སྐྱབས་ཀྱིས་ཁ་ཡ་ཙམ་ཡང་མ་བྱས།ལུས་རྩལ་སློབ་ཐུན་གྲོལ་རྗེས་གཡང་ལོ་འཛིན་ཁང་དུ་ཐོན་དུས་ཁོའི་འདུག་སྟེགས་དུ་ཐར་སྐྱབས་བསྡད་ནས་ས་ཐོ་སྐྱིད་ལ་གཤེ་གཤེ་གཏོང་གིན་འདུག“ཁྱོད་ཕར་འགྲོ་རོགས་འདི་ངའི་འདུག་སྟེགས་ཡིན”ཞེས་གཡང་ལོའི་རྒྱུན་པར་གྱེན་དུ་བརྩེངས་བའི་སྐྲ་ལོ་ཡར་ལ་བཤད་ཙམ་བྱས་ནས་དེ་ལྟར་བཤད།“ཁྱོད་ཀྱིས་བསམ་གཟས་ཏེ་ང་ལ་ཞེ་ནག་བྱེད་གྱིན་འདུག”ཅེས་ཐར་སྐྱབས་ཁོང་ཁྲོ་ལངས་ཏེ་མདུན་ཅོག་ལ་ཕུད་རྒྱག་ཅིག་བྱས་ནས་གཡང་ལོའི་དང་མདོ་ནས་བཟུང་།སློབ་གྲོགས་འགས་ཅི་བྱུང་སོང་འདོད་ནས་བལྟས་དུས་ཁོ་གཉིས་ཀྱིས་རྡུང་རེས་བྱས་ནས་གཡང་ལོས་ཐར་སྐྱབས་མནན་ནས་ཁུ་ཚུར་འགའ་གཞུས་པས་སློབ་གྲོགས་ཚང་མས་བར་བ་བྱས་བྱུང་།གཡང་ལོ་སློབ་གྲོགས་ཚོས་ཡར་འཐེན་པ་ན་ཁོས་རང་གི་གཡས་ཕྱོགས་ཀྱི་འགྲམ་པར་རྨ་ཁ་ཆུང་ཆུང་ཞིག་བཏོན་ཡོད་པ་ཚོར་སོང་།ས་ཐོ་སྐྱིད་ཀྱིས་གཙང་ཤོག་ཞིག་བཟུང་ནས་གཡང་ལོའི་གདོང་ནས་བྱུང་བའི་ཁྲག་ཕྱི་གྱིན་འདུག གཡང་ལོ་ནི་དགོད་ཙམ་བྱས་ནས་སར་བསྡད་བྱུང་བས་དེ་དུས་ས་ཐོ་སྐྱིད་ཀྱིས་དཀའ་ལས་མེད་པར་གཡང་ལོའི་གདོང་གི་ཁྲག་གཙང་མ་ཞིག་ཕྱི་ཐུབ་སོང་།གཡང་ལོ་ནི་རྒྱུན་པར་ལྟར་དགོད་ཙམ་བྱས་ནས་ལྷོད་ཆགས་གེར་བསྡད་འདུག ཐར་སྐྱབས་ཀྱིས་རང་གི་གདོང་སྔོ་སྨུག་ཏུ་གྱུར་ཡོད་སར་རེག་ཙམ་རེ་བྱས་ནས་ངོ་ཡང་གཉེར་གཉེར་བྱེད་གྱིན་འདུག  འཛིན་དཔོན་གྱིས་གཡང་ལོ་དང་ཐར་སྐྱབས་གཉིས་སློབ་གཙོ་བསྟན་ཁོའི་གམ་དུ་ཁྲིད་དེ་སྐྱོན་བརྗོད་བྱེད་དུ་བཅུག སློབ་གཙོ་བསྟན་ཁོ་ནི་ཐར་སྐྱབས་ཀྱི་ཨ་ཕ་ཡིན་ལ།མི་ཐུང་གྱད་ཕོ་བ་འབུར་དུ་ཐོན་ཡོད་པ་ཞིག་དང་འདྲ།ས་ཐོ་སྐྱིད་ལ་སློབ་གཙོ་བསྟན་ཁོས་ཧ་ཅང་གཅེས་གཅེས་བྱེད་པས་དོན་ཀྱི་འབྱུང་རྐྱེན་ལ་བརྟག་རྗེས་གཡང་ལོ་ལ་སྐྱོན་ཡིག་ཞིག་དང་ཐར་སྐྱབས་ལ་སྐྱོན་ཡིག་དང་སློབ་གྲྭའི་ཚོམས་ཆེན་ཉིན་གསུམ་ལ་གད་དར་བྱེད་དགོས་པའི་ལས་ཆད་བཅད།ཉིན་གུང་གི་གུང་གསེང་སྐབས་སུ་ས་ཐོ་སྐྱིད་སྔར་བཞིན་སློབ་གྲོགས་གཞན་དང་མི་འདྲ་བར་ཚོམས་ཆེན་དུ་རང་སྦྱོང་བྱེད་དུ་སོང་།ཐར་སྐྱབས་ཀྱིས་ས་ཐོ་སྐྱིད་ལ་སྐད་ཆ་དང་རྣམ་འགྱུར་ཅི་ཡང་མི་སྟོན་པར་ཕྱག་མ་བཟུང་ནས་ཚོམས་ཆེན་ནང་གཙང་སྦྲ་བྱེད་ཀྱིན་འདུག“ས་ཐོ་སྐྱིད་ངས་ཁྱེད་ལ་ཀུ་ཤུ་ཞིག་ཁྱེར་ཡོང་ཡོད་ཅུང་ཙམ་གྱིས་ཟོས་ཨ།”ཞེས་དགེ་རྒན་སྣང་གསལ་གྱི་ཆུང་མ་དཔལ་མོ་སྒྲོན་ཀྱིས་མཛའ་བརྩེ་ལྡན་པའི་མིག་ཟུང་ཞིག་དང་ལྷན་དུ་ཀུ་ཤུ་དམར་པོ་ཞིག་ས་ཐོ་སྐྱིད་ལ་སྦྱིན་ནས།

       “མཚན་མོ་དེར་ངས་ཁྱོད་མལ་ཁང་དུ་བསྐྱལ་རྗེས་ང་ཕྱིར་ཡོང་བའི་སྐབས་སུ་འདྲེ་ལ་འཕྲད་བྱུང་།”ཞེས་བཤད་ཞོར་དཔལ་མོ་སྒྲོན་གྱི་གདོང་ཀྱང་གཉེར་ཙམ་བྱས། ས་ཐོ་སྐྱིད་རང་ཉིད་ཀྱང་འདྲེ་དང་འཕྲད་པ་ལྟ་བུའི་དོན་དག་ཅིག་ལ་འཕྲད་པས་ཡ་མཚན་ཞིག་སྐྱེས་ཏེ་དངོས་གནས་འདྲེ་ཡོད་པ་ཡིན་ནམ་འདོད་ནས་ས་ཐོ་སྐྱིད་ཀྱིས་རང་ཉིད་ཀྱང་མཚན་མོ་དེར་འདྲེ་དང་འདྲ་བ་ཞིག་ལ་འཕྲད་སོང་རབ་དཔལ་མོ་སྒྲོན་ལ་བཤད་པས་ཐར་སྐྱབས་ཀྱིས་ཐོས་ཏེ་བུད་མེད་ཚོ་ངོ་མ་སྐད་ཆ་འདྲ་མིན་བཤད་རྒྱུར་དགའ་འདུག་འདོད་ཞོར་ཐང་ཕྱག་མོད་ཁོའི་སེམས་སུའང་དོགས་སྣང་ཅུང་སྐྱེ་རུ་བཅུག་སོང་། མཚན་མོ་རང་སྦྱོང་གྲོལ་རྗེས་སློབ་མ་འགའ་རེ་འགའ་རེ་བྱས་ནས་མལ་ཁང་དུ་བུད་སོང་། ཐར་སྐྱབས་ཀྱིས་ཕྱག་ན་བཟུང་ནས་ཚོམས་ཆེན་ཕྱག་སྐབས་སློབ་མ་གཅིག་ཀྱང་མི་འདུག གད་སྙིགས་འཕོ་སྣོད་གྱི་སྒྱེ་མོ་དྲུད་ནས་ཁོ་མདུན་དུ་ཅུང་སོང་རྗེས་དབྱུག་པ་ཐོགས་པའི་སྐྲ་རིང་ཅན་ཞིག་མཐོང་བྱུང་། ཁོའི་འདྲེ་ཟེར་བ་ཞིག་ཡིད་ལ་གློ་བུར་དུ་དྲན་ནས་ཕྱག་མ་དེའི་ཕྱོགས་སུ་འཕངས་ནས་ཁོས་སྒྱེ་མོ་རྒྱབ་ཏུ་གོན་ནས་གང་ཞིག་ལ་ནག་མེད་སེར་བྲོས་སོང་།ཐར་སྐྱབས་མལ་ཁང་དུ་སོང་ནས་རང་གི་མལ་གྲོགས་རྣམས་ཁྲིད་དེ་འདྲེ་ལ་བལྟ་རུ་སོང་།འོན་ཀྱང་ཁོ་ཚོས་ཅི་ཡང་མཐོང་མ་སོང་།མཚན་མོ་དེར་ཐར་སྐྱབས་གཉིད་ཀྱང་མ་ཁུགས།ཕྱི་ཉིན་སེམས་ལ་འཚེར་སྣང་གིས་གང་བའི་ཐར་སྐྱབས་རང་གི་ཨ་ཕའི་གམ་དུ་སོང་ནས་རང་ཉིད་འདྲེ་ལ་འཕྲད་པ་དང་ད་དུང་ས་ཐོ་སྐྱིད་དང་དཔལ་མོ་སྒྲོན་གཉིས་ཀྱང་འདྲེ་རུ་འཕྲད་ཚུལ་མང་པོ་བཤད།སློབ་གཙོ་བསྟན་ཁོས་དགེ་རྒན་སྣང་གསལ་བོས་ཏེ་གློག་མིག་ལ་ཞིབ་བཤེར་བྱས་པར་ཐར་སྐྱབས་ཀྱིས་ཕྱག་མ་འཕངས་ཏེ་སྒྱེ་མོ་གོན་ནས་འགྲོ་བའི་སྣང་ཚུལ་དེའང་གསལ་ཐག་ཆོད་ཅིག་འཆར་ཐུབ་པས་སློབ་གཙོ་བསྟན་ཁོ་དང་དགེ་རྒན་སྣང་གསལ་གཉིས་སྐར་མ་འགའ་ལ་བགད་བགད་ནས་ལུས་སོང་།ཅོང་བརྡ་སིལ་སིལ་དུ་གྲགས་བྱུང་བས་སློབ་ཐུན་འཚོགས་རན་སོང་།དགེ་རྒན་སྣང་གསལ་གྱིས་སྤྱི་ལ་བྱས་འདུག་སྟེ་བོད་བཟོའི་ནང་དོན་སྲབ་མོ་ཞིག་གོན་ནས་ཁོ་སྒོ་འགྲམ་གྱི་ཐེམ་རིམ་ལས་བརྒལ་ཏེ་ཁྲིད་སྟེགས་སུ་ཡོང་ནས་དགོད་ཙམ་བྱས་ཏེ།

       “ས་ཐོ་སྐྱིད་མཚན་མོ་དེར་ཁྱེད་འདྲེ་ལ་འཕྲད་པ་ཨེ་རེད།”ཞེས་དྲིས་པར། ས་ཐོ་སྐྱིད་ཡར་ལངས་ནས།“ཕལ་ཆེར་འདྲེ་ཡིན་རྒྱུ་རེད།དེ་དུས་སློབ་མ་ཚང་མ་ཚོམས་ཆེན་དུ་ཡོད།”ཅེས་བཤད་པས་དགེ་རྒན་སྣང་གསལ་གྱིས།“དེ་འདྲེ་མ་རེད་འདིའི་ཉེ་འཁོར་ན་ཨ་ཡས་རྒན་མོ་ཞིག་ཡོད་པ་དེ་རེད།ཕལ་ཆེར་སློབ་མ་ཚོའི་འཕྲོ་བརླག་ཏུ་བཏང་བའི་སྒྱེན་ཐོ་དང་བྱ་སྒོང་།ད་དུང་ཟས་ལྷག་རྣམས་འཐུ་རུ་ཡོང་བ་རེད།”ཞེས་བཤད་རྗེས་དགེ་རྒན་སྣང་གསལ་ཀྱིས་ད་དུང་ཀུ་རེའི་ཚུལ་གྱིས།“ཐར་སྐྱབས་ཁྱོད་ངོ་མ་དཔའ་བོ་རེད་ཁྱོད་ཀྱིས་འདྲེ་ལ་ཕྱག་མས་བརྒྱབ་འདུག”ཅེས་བཤད་རྗེས་སློབ་མ་ཚང་མ་འུར་ཟིང་སེར་བགད་བྱུང་།མཚམས་མཚམས་སུ་དབྱིན་སྐད་ཀྱི་ཚིག་གྲུབ་རེ་ངག་ནས་བཟློ་བར་སྤྲོ་བའི་དགེ་རྒན་སྣང་གསལ་གྱིས།“this is a joke”ཟེར་ཞོར་དུ་སློབ་ཁྲིད་བྱེད་མགོ་བརྩམས།

       ཕྱི་དྲོའི་མཚམས་སྤྲིན་གྱི་ལྭ་བ་ནེམ་ལྗང་སྤང་ཐང་གི་འཆར་ངོགས་སུ་ཤར་ནས་རི་བོ་དང་ཁང་བརྩེགས་ད་དུང་ལྕང་སྡོང་དག་གི་མཛེས་པ་ཁ་སྣོན་གྱི་རྒྱན་དུ་གྱུར་བ་ལྟར་ཡོད་ཚད་ལ་བཀྲག་མདངས་གསར་བ་ཞིག་རྒྱས་ནས་འདུག སློབ་གྲྭའི་ཕར་ཕྱོགས་ཀྱི་ལུས་རྩལ་ཐང་དུ་སློབ་མ་མང་པོ་ཞིག་ཡར་མར་རྒྱུགས་གིན་ཡོད་པ་དེ་ནི་དགེ་རྒན་སྣང་གསལ་གྱི་འཛིན་གྲྭ་ཡིན་འདུག ལུས་རྩལ་ར་བའི་མདུན་ཐད་དུ་རི་ཆུང་ལྟ་བུའི་དེའུ་འབུར་ཆུང་ཆུང་ཞིག་ཡོད་པ་དེའི་སྟེང་དུ་སློབ་མ་གཉིས་ཙོག་པུར་བསྡད་ཡོད་པ་ནི་ཅི་ཞིག་ལ་རྒྱང་ལྟ་བྱེད་ཀྱིན་པ་དང་འདྲ།དེ་ནི་རྒྱུན་པར་ཕན་ཚུན་ལ་རྩོད་པ་བྱེད་དགོས་པའི་ས་ཐོ་སྐྱིད་དང་གཡང་ལོ་གཉིས་རེད། དུས་རྒྱུན་དགོད་བྲོ་བའི་གློག་བརྙན་བརྩམས་ཆོས་ཀྱི་མི་སྣའི་བཟོ་ལྟ་ལ་ལད་ཟློས་བྱེད་རྒྱུར་དགའ་བའི་ས་ཐོ་སྐྱིད་ཀྱིས་རང་གི་སྐེ་ཤུགས་ཀྱིས་དཀྱུས་ནས་གཡང་ལོ་ལ་ལྟ་དུས་ཁོ་མོའི་མིག་ཀྱང་གདོང་ཁུགས་ནས་ལྷུང་ལོས་འགྲོ་འདོད།“ཁྱེད་ཀྱི་ཕུགས་བསམ་ཅན་ཞིག་ཡིན།”འདྲི་ཚིག་འདི་ས་ཐོ་སྐྱིད་ཀྱིས་སོ་ཡང་རབ་རབ་བྱས་ནས་གཡང་ལོ་ལ་དྲིས་བྱུང་།གཡང་ལོས“ང་ལ་ཕུགས་བསམ་མེད།”ཅེས་བཤད་ནས་ནམ་མཁར་བལྟས་བྱུང་།གཡང་ལོ་ཡ་མཚར་བའི་ཉམས་ཀྱིས།“ས་ཐོ་སྐྱིད་ཟེར་བའི་མིང་ཞིག་ཁྱེད་ལ་སུས་བཏགས་པ་རེད།”ས་ཐོ་སྐྱིད་གྱིས་རང་གི་ཕ་ཡུལ་ཕྱོགས་སུ་མིག་ཟབ་ཟིབ་གྱིས་བལྟས་ནས།“ང་རང་ཆུང་དུས་ལུ་གུ་དང་ཁྱི་ཕྲུག་དག་ལ་འགྲོགས་ནས་བརྩེས་བརྩེས་རྗེས་ཁྱིམ་ལ་ལོག་དུས་སྣ་ཁུང་དང་ཁ་ནང་ད་དུང་སྐྲ་གསེང་ལག་མཐིལ་ཚང་མ་ས་རྡུལ་གྱིས་བཀང་ཡོད་པས་ངའི་ཕ་མ་གཉིས་ཀྱིས་ང་ལ་དེ་ལྟར་མིང་ཞིག་བཏགས་པ་རེད།”ཁོ་མོས་ལག་པ་ས་ལ་འདྲད་ཙམ་བྱས་ནས་ད་དུང་།“ང་ལ་ཐོག་མའི་མིང་ཞིག་ཀྱང་ཡོད་མོད་དེ་ནི་ངས་བརྗེད་སོང་།”གཡང་ལོས“དེ་ན་ཁྱེད་ཀྱི་ཕུགས་བསམ་ཅི་ཞིག་ཡིན”ཞེས་དྲིས་བྱུང་། ས་ཐོ་སྐྱིད་ཀྱིས་བཤད་འདོད་ཀྱི་མིག་ཟུང་གཡང་ལོ་ལ་གཏད་ནས།“ཚང་མས་བལྟས་ན་ང་ནི་ས་ཐོ་ཞིག་དང་འདྲ་བོ་ཡོད།ས་ཆ་འདིའི་ས་རྡུལ་དང་འགྲོགས་ནས་འཚར་ལོངས་བྱུང་བ་ཡིན་པས།ང་ཕ་ཡུལ་འདི་ལ་དུང་བ་ཡོད། དེའི་ཕྱིར་ངའི་ཕུགས་བསམ་ནི་སྔར་བཞིན་ཡུལ་འདིའི་ས་ཐོ་སྐྱིད་བྱས་ཏེ་ས་རྡུལ་གྱིས་ཁང་ཁྱིམ་བརྩིགས་ནས་རང་ཉིད་དང་འདྲ་བའི་ས་ཐོ་སྐྱིད་མང་བོ་ཞིག་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་ཡིན།”ཞེས་ཡིད་ཚིམ་པའི་ངང་ནས་རང་གི་སྐྲ་ལོ་གྱེན་དུ་འཐེན་ཙམ་བྱས།



ཁ་པར། 13154400316

༢༠༡༩/༣/༣༡ཉིན་གྲུབ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41121175
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1