སྤྱི་དོན་དུ་སྒེར་དོན་བརྗེད་པའི་མི་ཞིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »སྤྱི་དོན་དུ་སྒེར་དོན་བརྗེད་པའི་མི་ཞིག
སྤྱི་དོན་དུ་སྒེར་དོན་བརྗེད་པའི་མི་ཞིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/12/18ལྟ་ཀློག (23179)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྤྱི་དོན་དུ་སྒེར་དོན་བརྗེད་པའི་མི་ཞིག

     

        ཁོ་ནི་རྩོམ་པ་པོ་མ་རེད།  རྩོམ་གཅིག་ཀྱང་བྲིས་མ་མྱོང་། ཁོ་ནི་ཚོང་བ་ཞིག་མ་རེད། དཔལ་འབྱོར་འཚོལ་བསྒྲུབ་ལ་འདུན་པ་མེད། ཁོ་ནི་ཕོ་ལུག་ཅན་གྱི་འགོ་ཁྲིད་ཅིག་མ་རེད། མི་སེར་དཀྱུས་མ་འདྲ་བའི་ཡིག་རྨོངས་པ་ཞིག་ཡིན།--- ཐོག་མའི་གཏམ།

བློ་བཟང་བསྟན་འཛིན།  (རྨེའུ་སྐོར་སློབ་ཆུང་།)

      འཛམ་གླིང་ཐོག་རླབས་ཆེན་གྱི་མི་སྣ་མང་པོ་ཡོད་པས་ང་རང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ཉིད་ཀྱི་དམིགས་འབེན་ལ་ཕྱོགས་པའི་རླབས་ཆེན་གྱི་མི་ལ་དགའ། རང་དོན་ཕལ་བ་བཞག་ནས་གཞན་དོན་ཁོ་ནར་སྙེག་པའི་རླབས་ཆེན་གྱི་མི་ལ་དགའ་། བདེན་པ་ལ་བློ་དཀར་ཞིང་ཤེས་བྱ་གཞན་ལ་བརྒྱུད་སྤྲོད་བྱེད་པར་དགའ་བའི་རླབས་ཆེན་གྱི་མི་འདི་རིགས་ལ་དགའ་མོད། འོན་ཀྱང་། ང་རང་དེ་ལས་ཀྱང་ཆེས་དགའ་ས་ནི་བྱ་གཞག་གི་ཆེད་དུ་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་གནང་བ་དང་སྒེར་སེམས་མེད་པར་ཚེ་གང་གི་སེམས་ཤུགས་ལེགས་སྐྱེས་སུ་ཕུལ་མཁན་དེ་ཡིན། དེ་ནི་ངའི་སེམས་ན་འོད་དུ་འཚེར་བའི་རྒན་པོ་རྣམ་བརྟན་ལགས་རེད།  ཁོས་མི་ལོ་ཉི་ཤུ་ལ་སློབ་མའི་འགྲོ་འདུག་ཉལ་འཆག་ལ་ལུས་དང་གྲིབ་མ་བཞིན་གཤིབས་ཤིང་དེ་འདྲའི་བློ་བརྟན་འགྱུར་མེད་དང་བློ་ཐག་རྦད་ཆོད་ཡིན་པར་ཧ་ལས་སོང་། ཁོ་ནི་ཡུན་རིང་གི་འབད་འཐབ་པ་ཞིག་ཡིན་པས་སུས་ཀྱང་ཁོའི་ཚབ་བྱེད་མི་ཐུབ།  ཁྱེད་ཀྱི་མཛེས་པ་ཚབ་བྱེད་ཐུབ་མཁན་མེད། ཁྱེད་ཀྱི་གཞན་ན་མེད་པའི་མཛེས་སྡུག་གིས་ང་རང་བཟི་རུ་བཅུག་པ་ནི་ངའི་ཚེ་ནོམ་དང་རེ་སྙེག་ཡིན།

    རྒན་པོ་རྣམ་བརྟན་ནི་སྤྱིར་བཏང་བ་ཞིག་ཡིན་མོད། འོན་ཀྱང་ཁོ་ནི་ཧ་ཅང་ལས་ལ་བརྩོན་ཞིང་བྱམས་བརྩེ་ལྡན་ལ་འགན་ཁུར་བ་ཞིག་ཡིན། འཚོ་བའི་གནས་ཚུལ་ཕྲན་བུ་ནས་འགོ་བརྩམས་ཏེ་ཉེ་འགྲམ་གྱི་མིའི་ཆེད་དུ་ཁ་རོག་གེར་བློས་གཏོང་མཁན་ཞིག་ཡིན། ཁོའི་གཞན་ལ་མེད་པའི་སྙིང་སྟོབས་དང་ལྷག་བསམ་གྱི་རིན་ཐང་ནི་མི་དམངས་ཀྱི་སེམས་ན་ཡོད། རྒན་པོ་རྣམ་བརྟན་གྱིས་སློབ་མའི་ཆེད་དུ་སེམས་ནུས་ཡོད་རྒུ་བཏོན་པ་དང་སྤྱི་དོན་དུ་སྒེར་དོན་བརྗེད་པའི་མི་ཞིག་ཡིན་པ་ཚོར་བྱུང་། ཁོ་ནི་ཞིང་འབྲོག་མི་དམངས་ལ་ཞབས་འདེགས་ངོ་མ་ཞུ་མཁན་ཞིག་ཡིན། སློབ་མའི་མིག་ནང་དུ་དགེ་རྒན་ནི་རླབས་ཆེན་ཞིག་ཡིན།  བྱིས་པའི་མིག་ནང་དུ་ཕ་མ་ནི་ཆེས་རླབས་ཆེ་བ་ཡིན། དོན་དངོས་ཐོག་མི་ནི་འདྲ་མཉམ་ཡིན་པ་དང་། མི་འདྲ་ས་ནི་མི་རེ་རེའི་ཕུགས་འདུན་འཚོལ་སྙེག་གི་གོམ་པ་རེ་རེའི་འབད་བརྩོན་དང་རྔུལ་ཆུའི་ཐིགས་པ་རེད། རྒན་པོ་རྣམ་བརྟན་ཡོད་ན། སློབ་མ་ཚོར་ནམ་ཡང་དྲོད་ཁོལ་ལྡན་པའི་བྲོ་བ་ཞིག་དང་ཐུགས་ཁུར་ཞིག་གམ་དུ་ཡོད་པའི་ཚོར་བ་ཡོད་སྲིད།

     ཁོ་ནི་རྔ་བ་རྫོང་བློན་ཚང་ཡུལ་ཚོའི་ཞིང་གྲོང་དཀྱུས་མ་ཞིག་ལས་སྐྱེས་ཤིང་ཆུང་དུས་ནས་རིག་གནས་མེད་པའི་དཀའ་སྡུག་གི་འོག་ནས་རིམ་གྱིས་ནར་སོན་པ་ཞིག་ཡིན། ཁོ་ནི་ ༢༠༢༡ལོར་ལས་འཁྱུར་ངལ་གསོ་བྱས་ཤིང་སློབ་གསོའི་དྲི་མ་ཙམ་ཡང་མི་བྲོ་བའི་རྔ་བ་རྫོང་ས་གནས་ཀྱི་སློབ་གསོར་ཞེ་གཏིང་ནས་ཡི་མ་རང་བར་རྨེའུ་སྐོར་ཡུལ་ཚོའི་སློབ་ཆུང་དུ་གཏན་སྡོད་བྱས་ཏེ་ཆོད་སེམས་བརྟན་པོས་རང་གི་ནུས་ཤུགས་ཡོད་ཚད་སློབ་གསོར་འབུལ་རྒྱུའི་སེམས་ཐག་བཅད། ཁོ་རང་སློབ་གྲྭ་འདིར་ཡོང་དུས་སློབ་མ་27ཙམ་ལས་མེད་ལ་སློབ་ར་སྤྱིའི་ཆ་རྐྱེན་ཞན་ཁར། སློབ་ཁང་ཚད་ལྡན་ཞིག་དང་སློབ་མར་རྩེ་སའི་བར་སྟོང་ཆེ་བའི་ཁོར་ཡུག་ཅིག་ཀྱང་མེད། ཐ་ན་སློབ་མར་ཟ་ཁང་ཞིག་ཀྱང་མེད་པར་གྲང་ངར་ཆེ་བའི་དགུན་ཟླ་རིང་མོའི་ནང་ཕྱི་རོལ་ནས་ཐང་བསྡད་དེ་ཟ་འཐུང་གི་འཚོ་བ་སྐྱེལ་དགོས་བྱུང་བ་རེད།

      ད་དུང་དཀའ་ངལ་རི་ལས་ལྕི་བ་ཞིག་ཡོད་པ་ནི་ཁྱིམ་བདག་གིས་བྱིས་པ་སློབ་གྲྭར་མི་མངག་པ་དེ་རེད། ནམ་རྒྱུན་ཞོགས་པའི་ཉི་ཟེར་དང་འགྲོགས་ཏེ་འཕྲུལ་རྟ་ཞོན་ནས་ཁྱིམ་ཚང་རེ་རེ་བཞིན་སྒོ་ཉུལ་བྱས་ནས། གཞུང་ལམ་མེད་སར་རྐང་ཐང་དུ་སྐྱོད་ནས་བྱིས་པར་སློབ་གྲྭར་མངག་དགོས་པའི་རེ་བ་ནན་མོ་བཏོན། སྐབས་དེར་སློབ་གསོའི་ཁ་ཕྱོགས་བོར་བའི་མི་སེར་དག་གིས་ཁོ་ལ་ཁ་རྡུང་དྲགས་པོ་བཏང་ཞིང་མ་ཉེས་ཁག་གཡོགས་ཐེབས་ཏེ། བྱིས་པ་སློབ་གྲྭར་གཏོང་རྒྱུ་ཕར་ཞོག   ཐབས་ཟད་པའི་གནས་སུ་བསྐྱལ། ཡིན་ཡང་། སྐབས་དེར་ཉེ་འཁོར་ན་ཁོང་གི་སེམས་ཀྱི་ན་ཟུག་རྟོགས་མཁན་མེད་ལ་འདབས་ནས་སྐྱོར་བའི་ལག་རོགས་བཟང་བོ་ཞིག་ཀྱང་མེད། ཁོང་གིས་གནད་དོན་འདི་ལ་མུ་མཐུད་དུ་འབད་མཐར་མངོན་གསལ་དོད་པའི་གྲུབ་འབྲས་བླངས། འདི་དག་ཚང་མ་དོན་དངོས་ཡིན། ང་ནི་རྒན་པོ་རྣམ་བརྟན་དང་མཉམ་དུ་མི་ལོ་བཅུ་ཙམ་ལ་སློབ་གྲྭ་གཅིག་ནས་འདྲིས་ཤིང་འགྲོགས་ནས་ཡོང་བའི་དགེ་རྒན་དཀྱུས་མ་ཞིག་ཡིན་པས། ཁོང་གི་ཆ་རྒྱུས་ང་ལ་གསལ་ཆ་ཧ་ཅང་ཆེ། མ་གཞི་ནས་ས་དེ་གའི་སློབ་གསོའི་སྤུས་ཀ་ཞན་ལ། དགེ་རྒན་རེ་འགའ་ཡོད་པའང་འགན་ཁུར་ཐེད་ལ་བོར་ཞིང་སློབ་ཁྲིད་འཐུས་ཚང་ཞིག་ཀྱང་བྱེད་མཁན་མེད་པས་གསོ་ཕག་རྐྱང་རྐྱང་ཙམ་ལས་མ་འདས། དུས་དེ་ནས་བཟུང་རྒན་རྣམ་བརྟན་ཞེ་གཏིང་ནས་སྐྱོ་ཞིང་གོང་རིམ་ལ་ཡར་ཞུ་གང་མང་ཞིག་ཞུས་མཐར། སློབ་གསོར་འབྲེལ་ཡོད་ཀྱི་གོང་རིམ་སྡེ་ཁག་གིས་ཁོང་གི་ཕུགས་བསམ་དང་དཀའ་སྡུག་ཤེས་ནས་རྒྱབ་སྐྱོར་ཐོབ་ཅིང་། སྔར་ཡོད་གྱི་སློབ་གཙོ་འགའ་ཡང་བརྗེ་སྤོར་བྱེད་དུ་བཅུག་སྟེ། རང་ས་གནས་ཀྱི་མི་སྣ་འཇོན་ཐང་ཅན་བདམས་སུ་བཅུག་པ་རེད།  དུས་དེ་ནས་བཟུང་།  རྨེའུ་སྐོར་སློབ་ཆུང་ལ་སྔར་མེད་ཀྱི་གཟི་འོད་རྒྱས་ཤིང་། སློབ་གསོའི་བསྟན་པ་ཡར་ནས་ཡར་དུ་དར་འགོ་ཚུགས། ད་སྐབས་དགེ་རྐྱང་བ་དྲུག་ཅུ་ལ་ཉེ་བ་ཙམ་དང་སློབ་མ་800ལྷག་ལ་འཕར་ཏེ་རང་རྫོང་གི་གཞི་རིམ་སློབ་གྲྭ་ཡོངས་ལས་ཆེས་ཚད་ལྡན་དུ་གྱུར་མགོ་བརྩམས་ཏེ། རྫོང་དང་ཁུལ་རིམ་པ། ཞིང་ཆེན་རིམ་པའི་བྱ་དགའི་གཟེངས་རྟགས་གང་མང་ཐོབ།ད་དུང་རྒྱལ་ཁབ་རིམ་པའི་ཆེད་མཁས་མི་སྣ་རང་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ཏེ་ངོ་བསྟོད་ཙམ་མ་ཡིན་པའི་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་མྱོང་། འདི་ལྟར། སྡུག་ཐོད་ལ་བླངས། དཀའ་བ་ཁྱད་དུ་བསད་མཐར་ཀུན་གྱིས་རེ་ལྟོས་བྱེད་སའི་མིག་དཔེ་བཟང་བོར་གྱུར་ཡོད། འདི་ནི་ཁོང་གི་མི་ལོ་ཉི་ཤུ་ལ་སློབ་གསོ་རྐྱང་བར་འབད་པའི་དཀའ་སྡུག་གི་དངུལ་ཆུ་ལས་ཐོན་པའི་གྲུབ་འབྲས་རེད།

     རྒན་རྣམ་བརྟན་གྱིས་བཤད་རྒྱུར། སློབ་མ་སློབ་གྲྭར་བསྐྱལ་རྒྱུ་ནི་ཁྱིམ་བདག་གི་འགན་འཁྲི་ཡིན་ལ། སློབ་གྲྭ་ནས་བདག་སྐྱོང་བཟང་བོ་བྱེད་རྒྱུ་ནི་ངའི་འགན་ཡིན་ཞེས་བཤད་སྲིད། བྱིས་པ་དགའ་སའི་དགེ་རྒན་ཞིག་བྱེད་རྒྱུ་ནི་དགེ་རྒན་མང་པོ་ཞིག་གི་རེ་འདུན་ཡིན་མོད། འོན་ཀྱང་།  འདི་ངོ་མ་བསྒྲུབ་ཐུབ་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། རྒན་པོ་རྣམ་བརྟན་གྱིས་སློབ་མར་ཧ་ཅང་སེམས་ཁུར་བྱེད་པ་རེད། ཁོ་ལོ་ན་མཐོ་ཡང་། དུས་དང་རྣམ་པ་ཀུན་ཏུ་སྒེར་སེམས་མེད་པར་སློབ་མ་དང་མཉམ་འགྲོ་མཉམ་འདུག་གི་འཚོ་བ་རོལ་བཞིན་ཡོད་པས། སློབ་མ་མེད་ན་ཉི་མ་མི་འགྲོ་བའི་གོམས་གཤིས་ཤིག་ངང་གིས་ཆགས་སོང་། སློབ་མའི་ཕྱོགས་ཡོངས་ལ་ལྟ་སྐུལ་བྱེད་ཆེད། ཁོ་ལ་ཆེད་དུ་སློབ་མའི་སྡོད་ཁང་གི་ཉེ་འགྲམ་དུ་སྟབས་བདེའི་ཁང་ཆུང་ཞིག་བསྐྲུན་ཏེ། མཚན་མོའི་གཉིད་བཅགས་ཤིང་ཉིན་མོའི་ཟས་བརྗེད་པའི་བསྐྱར་ཟློས་ཀྱི་འཚོ་བ་ཟླ་ནས་ཟླ། ལོ་ནས་ལོར་མཐུད་དེ་རོལ་དགོས་བྱུང་། མཚན་གུང་གཅིག་པུ་ཡར་ལངས་ནས་སློབ་མའི་ཉལ་ཁང་རེ་རེའི་གནས་ཚུལ་ལ་ལྟ་ཞིབ་དང་ཞོགས་པའི་ཆུ་ཚོད་བཞི་དང་ཕྱེད་ཙམ་གྱི་སྟེང་མལ་ལས་ལངས་ཤིང་སློབ་མའི་བཤང་གཅི་ཕོ་བར་འགྲོ་དགོས། ཁོང་གི་སྡུག་རུས་འདི་ཤ་དར་ཁྲག་དར་གྱི་མི་ཞིག་གིས་ཀྱང་བསྒྲུབ་ཐུབ་པ་ཞིག་གཏན་ནས་མིན། དཀའ་སྡུག་ཅི་འདྲ་ཆེ་ཡང་སུན་སྣང་མེད་པ་ནི་དགའ་ཞེན་རེད་ཅེས་པ་ཅི་འདྲའི་བདེན་པ་ལ་ཨང་། གཙང་སྦྲ་བྱེད་སྐབས་སློབ་རའི་ཕྱོགས་བཞིར་འདུར་དགོས་ལ། ཟ་མ་ཟ་སྐབས་ཟ་ཁང་ནང་ན་བྲེལ་ཞིང་ཁོམ་གྱིན་མེད། ནངས་ནུབ་ཀྱི་ཚོགས་ཐུན་སྐབས་སུ་གློག་སྒྲོན་འོག་ཏུ་ནག་མདོངས་སེ་ཁང་བརྩེགས་རེ་རེར་དལ་མོར་སྐྱོད་བཞིན་པ་ནི་ཧྲུའུ་ཅུ་རྣམ་བརྟན་ལགས་རེད། ལོ་ཟླ་རེ་རེའི་འགྲོས་དང་བསྟུན་ནས་ཁོང་གི་རྐང་བ་ནད་པར་གྱུར་ཏེ་མིག་གིས་མཐོང་ཚད་ཀྱང་རབ་རིབ་ཏུ་གྱུར་སོང་། ནན་ཏན་གྱིས་ལྟ་ཞིབ་བྱས་ན། ཁོས་སློབ་མའི་རྐང་སྣམ་ནང་དུ་ཤོར་བའི་གཅིན་སྐྱག་ལག་པས་ཕྱིས་ཤིང་གཙང་མར་བཀྲུས་ནས་ལྭ་བ་རློན་པ་དག་ཉི་མར་ལྡེ་ཐེངས་རེར་གདོང་ན་ཚོར་དཀའ་བའི་འཛུམ་མདངས་ཤིག་ཡོད་པ་མཐོང་ཐུབ། སློབ་མར་ན་ཚ་ཕྲན་བུ་ཙམ་བྱུང་ཡང་ཁོ་ཡོད་སར་ཁྲིད་ནས་འགྲོ་ལ། སློབ་མས་བྱས་ཉེས་ཅུང་ཙམ་རེ་བྱུང་ནའང་དགེ་རྒན་དག་གིས་སློབ་མ་ཁྲིད་ནས་ཁོ་ལ་སྤྲད། ཐ་ན་དམའ་རིམ་སློབ་མས་རྐང་སྣམ་དུ་གཅིན་སྐྱག་ཤོར་ན་ཁོ་ཡོད་སར་འཁྱེར་ནས་བཀྲུ་རུ་འཇུག་པ་ཉིན་རེ་འགའ་ག་ལ་ཡིན། མིན་ཏེ། འདི་ནི་སྤྱིར་བཏང་གི་མི་ཞིག་གིས་འཁོས་ཀྱིས་ལྕོགས་པ་ཞིག་གཏན་ནས་མིན།  ཕྱིར་འདང་ཞིག་རྒྱག་རྒྱུ་ན།འདི་ནི་དགེ་རྒན་ཀྱིས་འགན་མ་ཁུར་བ་ཞིག་ཡིན་པ་གཞི་ནས་ཚོར། དོན་ངོ་མ་དགེ་སློབ་ཚང་མ་རྒན་པོ་རྣམ་བརྟན་ཁོ་ནར་བརྟེན་ནས་ཡོད་པ་ད་གཟོད་རྟོགས་ཐུབ།

     མདོར་ན། ཁོ་ནི་དགེ་རྒན་རེད། ཇ་མ་རེད། བདེ་སྲུང་མི་སྣ་རེད། སྨན་པ་རེད། གཡོག་པོ་རེད། ཁོས་ཕྲག་ཏུ་མ་བླངས་པ་ཅི་ཞིག་ཡོད། ཁོས་དཀའ་སྡུག་མ་མྱངས་པ་ཅི་ཞིག་ཡོད། མེད་དོ། རྒན་པོ་རྣམ་བརྟན་གྱི་བརྩེ་བ་ནི་ཨ་མས་བྱིས་པ་ལ་བཅངས་པ་དང་འདྲ། ལྡུམ་རའི་བཟོ་བས་རྩྭ་དང་མེ་ཏོག་ལ་བཟུང་བ་ལྟ་བུའི་སྒེར་སེམས་དང་བྲལ་བའི་དྲོད་ཁོལ་གྱིས་ང་ལ་ཚེ་གང་བོར་ཡལ་བ་མེད་པའི་འདང་རྒྱག་ཅིག་སྟེར་བྱུང་། ཁོང་གི་ལྷག་བསམ་གྱི་འོད་མདངས་རྫོང་དང་ཁུལ་རིམ་པ་ནས་ཞིང་ཆེན་རིམ་པར་ཁྱབ་སྟེ། བྱས་རྗེས་བླ་ན་མཐོ་བའི་སི་ཁྲོན་གྱི་མི་བཟང་ཞེས་པའི་མཚན་སྙན་ཐོབ་ལ། རྩེ་གྲས་མི་སྣ་རུ་བདམས་ཐོན་བྱུང་། ཁོང་གིས་སློབ་མར་བཅངས་པའི་བརྩེ་བ་དང་བདག་སྐྱོང་ནི་ཚད་མེད་པ་ཞིག་ཡིན། ཞིབ་ཏུ་བསམ་ན། རང་ཅག་ནི་སློབ་ཁང་ནང་གི་དགེ་རྒན་གྱི་གཟུགས་བརྙན་ཙམ་ལས་ཅི་ཡང་མ་ཡིན། ལས་རིགས་གཅིག་པའི་དགེ་གྲོགས་ཚོ།ང་ཚོའི་ཀྱང་རང་ཉིད་ཀྱི་སེམས་ཤུགས་བརྟན་པོར་བརྟེན་ནས་འབད་བརྩོན་བྱས་ཏེ་ཁོ་རང་མིག་དཔེར་བཟུང་ན་གཞི་ནས་རང་ཉིད་ལ་དབང་བའི་གནམ་ས་ཞིག་བསྐྲུན་ཐུབ།

      རྒན་རྣམ་བརྟན་ལགས། ཁྱེད་ཀྱིས་འདི་འདྲའི་ཡུན་རིང་ཞིག་ལ་དཀའ་ལས་མྱངས་བས།  ད་གཟོད་ཁྱད་དུ་འཕགས་པའི་གྲུབ་འབྲས་འདི་བླངས་པ་ཡིན། ཁྱེད་ཀྱི་མཛེས་སྡུག་ལྡན་པའི་རྒྱབ་གཟུགས་ངའི་སེམས་སུ་གཏིང་ཟབ་མོར་བརྐོས་ཡོད་པ་དང་། ང་ལ་བག་ཆགས་ཆེས་ཟབ་པ་ནི་དགེ་རྒན་གྱིས་དཀའ་བ་སྤྱད་པའི་ལས་དང་མཛེས་སྡུག་ལྡན་པའི་ལྷག་བསམ་གྱི་འོད་སྣང་རེ་རེ་ཡིན། སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་མི་ལྷག་བསམ་ཅན་འདི་འདྲ་ཞིག་ལ་འཕྲད་པ་ནི་ང་ཚོའི་གཟི་བརྗིད་ཡིན། ཁྱེད་ཀྱིས་ང་ཚོར་སྟོབས་ཤུགས་བསྩལ་བྱུང་། ཁྱེད་ཀྱིས་ང་ཚོར་དགེ་རྒན་ཞེས་པའི་འཁན་འཁྲི་སེམས་ལ་ངེས་སུ་བཅུག་བྱུང་།  ཁྱེད་ཀྱི་བཀའ་དྲིན་ང་ཚོའི་བརྗེད་མི་སྲིད། ལོ་རྒྱུས་ཀྱིས་བརྗེད་མི་སྲིད། ས་གནས་མང་ཚོགས་ཀྱིས་དེ་བས་ཀྱང་ག་ལ་བརྗེད། རྒན་རྣམ་བརྟན་ལགས། ད་ནི་ཁྱེད་རང་དངོས་གནས་རྒས་སོང་། ཁྱེད་ཀྱིས་སྐུ་ངལ་ཅིག་གསོ་རོགས།

      བཀའ་དྲིན་ཆེ་བའི་རྒན་པོ་རྣམ་བརྟན་གྱིས་སློབ་གསོའི་ལས་གནས་ལ་རྫོགས་ཚིག་འགོད་བཞིན་པར་དམིགས་ནས་༢༠༢༠ ལོའི་ཟླ་ ༡༢ པའི་ཚེས་ ༡༥ ཉིན་དགེ་རྒན་ཞིག་གི་མིང་ཙམ་འཛིན་པ་བློ་བཟང་བསྟན་འཛིན་ནམ་རི་སྤྱང་དར་མ་རུ་འབོད་པས་གཞུང་ལས་ཁང་ནས་སེམས་སྐྱོ་ཞོར་དུ་ཤར་མར་བྲིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དཔའ་སེང་། སྤེལ་དུས:2020/12/1
དོན་ངོ་མའི་མི་སྣ་རླབས་ཆེན་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41114416
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1