དབྱར་གྱི་རྒྱལ་མོའི་དྲན་མགུར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »དབྱར་གྱི་རྒྱལ་མོའི་དྲན་མགུར།
དབྱར་གྱི་རྒྱལ་མོའི་དྲན་མགུར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2021/8/4ལྟ་ཀློག (24261)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཐེ་བོ་དཀོན་སེང་།

ངེས་མེད་ལས་དབང་གིས་དེད་པའི།།
མཁའ་མཐའི་སྤྲིན་པ་དེའི་གསེང་ན།།
ཁེར་རྒྱུ་ཟླ་གཞོན་དེ་ཡིན་ན།།
བསིལ་ཟེར་གང་ས་རུ་འགྱེད་ཆོག།

དབྱར་གྱི་མཛེས་སྡུག་ལ་འཁྲེང་བའི།།
སྲོག་ཆགས་གྲངས་མེད་ཅིག་མཆིས་མོད།།
བྲ་ོབ་གཤའ་མ་དེ་མྱོང་མཁན།།
ང་དང་འགའ་རེ་ལས་མེད་སྙམ།།

ཆེས་སྟུག་རྒྱ་རྫོང་གི་ནགས་ན།།
རྒྱ་སྟག་ཁྲ་བོ་དེ་ཡོད་སྐད།།
ཁོ་ཡིས་ཟ་བ་རུ་དོགས་ནས།།
དེ་ཕྱོགས་འགྲོ་འདོད་དེ་བརླགས་སོང་།།

ནགས་འདབ་ནེའུ་གསིང་གི་གཞི་ན།།
ཡིད་འོང་མེ་ཏོག་རྣམས་བཞད་འདུག།
གཡུ་སྦྲང་གཤོག་འགྱུར་དེ་སྙན་ཡང་།།
ཐོས་པའི་དུས་དབང་དེ་མ་བྱིན།།

ཆར་བ་ཟམ་ཟིམ་གྱི་རྗེས་ནས།།
ཉི་ཟེར་ཡང་ཤར་གྱི་རྐྱེན་ལས།།
མངོན་པའི་མཛེས་སྡུག་གི་དབང་གཞུ།།
ལྷ་ལམ་ཐེམ་སྐས་དེ་ཡིན་ནམ།།

ལུང་བའི་ཕུ་ཐག་དེ་རིང་བས།།
རྫ་ཆབ་སྔོན་མོ་དེ་དྭངས་ཀི།
ཆལ་ཆིལ་སྒྲ་དབྱངས་ཀྱི་ངོགས་ན།།
ང་ཡི་དྲན་ཤིང་དེ་རྙེད་སྐད།།

ལུང་གསུམ་ཁ་སྤྲོད་ཀྱི་སུམ་མདོར།།
མཛའ་གྲོགས་རྒྱས་འཛོམས་ཤིག་བྱས་ཏེ།།
བཟའ་གཏུང་ཞིམ་དགུ་ཡི་དགའ་སྟོན།།
ཆོས་སྲིད་གཏམ་གླེང་གིས་རོལ་ན།།

ཁྱེད་ཉིད་མི་ཁོམ་རབས་མ་གསུངས།།
ཕེབས་བསུའི་རུ་ཕྲེང་དེ་བསྒྲིགས་ཤིང་།།
རྒྱས་འཛོམས་གྲལ་རིང་དེའི་དབུ་རུ།།
ཁྱེད་ལ་བཞུགས་ཁྲི་འང་བརྒྱབ་ཡོད།།

ཕྱི་ནང་གཉིས་ཀ་ནས་མཆེད་པའི།།
འཆལ་གཏམ་གླེང་མཁན་ནི་མང་ཡང་།།
རྒན་གཞོན་ཀུན་གསུམ་ལ་ཕན་པའི།།
གཏམ་གླེང་སྒོ་འབྱེད་དེ་དཀའ་འདུག།

གནའ་དེང་ཤེས་བྱ་ལ་མཁས་ཤིང་།།
དུས་ཀྱི་འཁོར་འགྲོས་ལ་བསྟུན་པའི།།
སློབ་གསོའི་ཐབས་ལམ་དེ་རྫོགས་པ།།
ཁྱེད་རང་གཅིག་བུ་ལས་མི་འདུག།

སྨུག་པ་ཐར་ཐོར་གྱི་གསེང་ནས།།
གསལ་གསལ་དུང་དུང་གིས་འཚེར་བའི།།
ཉིན་བྱེད་ཁེར་འགྲོ་དེ་མཇལ་ཚེ།།
ཁྱེད་ཉིད་དྲན་གདུང་གིས་བཟི་འགྲོ།

རྒྱུས་མེད་མི་ཡུལ་གྱི་ལུང་བར།།
གཞན་ངོའི་དཀར་ནག་དེ་འཚོ་བཞིན།།
འགྲོ་ཤེས་འདུག་ཤེས་ཀྱང་དགོས་ན།།
ཁྱེད་རང་སྐྱིད་སྐྱིད་ཅིག་ཡོད་དམ།།

སྲིབ་རིའི་ལྕང་སྡོང་གི་རྩེ་ནས།།
ལྷ་བྱ་ཁུ་བྱུག་གི་བུ་མོས།།
སྐྱོ་གླུ་སང་སང་དུ་གྲག་དུས།།
དྲན་པའི་མིག་ཆུ་དེ་འཐོར་འགྲོ།

སྲོད་ཁའི་ཆོས་གྲྭ་དེ་འཚོགས་དུས།།
ཁྱེད་ཉིད་དྲན་ངོགས་སུ་འཆར་འོང་།།
འགལ་འདུའི་རིགས་འཕྲུལ་གྱིས་བཙིར་དུས།།
ཁྱེད་ཉིད་ལྷག་ལྷག་ཏུ་དྲན་བྱུང་།།

རི་བོ་གངས་དཀར་གྱི་རྩེ་ནས།།
སེམས་གསོའི་ལྷ་བསང་ཞིག་བཏང་སྟེ།།
རྒྱང་འབོད་ལན་གསུམ་དུ་བྱས་ཡོད།།
དེ་གར་གསན་པ་རང་འེ་བྱུང་།།

སེང་གེ་ཁ་འབབ་དེ་བརྒྱུད་ནས།།
ཕོ་ཉ་ཐེངས་གསུམ་ལ་བཏངས་ཡོད།།
རི་ཆུ་སྟོང་ཕྲག་དེ་བརྒལ་ནས།།
དེ་གར་བདེ་བླག་ཏུ་བསླེབས་སམ།།

དྲན་གདུང་རི་རབ་ཀྱི་ཁུར་པོ།།
ལྗིད་ན་མ་ལྗིད་ཅིག་མི་འདུག།
མིག་ཆུ་དབྱར་དུས་ཀྱི་དྲག་ཆར།།
བབས་ནས་ཆད་ཐབས་ཤིག་སྲིད་དམ།།

དེ་འདྲའི་སྡུག་སྨེ་ཞིག་མ་འདོན།།
སེམས་ཤུགས་འཕར་མ་ཞིག་བསྐྱེད་དང་།།
ལས་བསོད་ཡག་པོ་ཞིག་ལྡན་ན།།
ཞལ་མཇལ་སྐལ་བཟང་ཞིག་ལོས་ཡོད།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: 🤗🤗🤗 སྤེལ་དུས:2021/8/27
རྩོམ་པ་པོའི་ཨང་གྲངས་ཤེས་ནི་ཡོད་ན་མགྱོགས་པོ་ཞིག་བསྐུར་རོགས། 🙏🙏🙏🤝🤝🤝
 སྤེལ་མཁན: ཛྙཱ་ན་གརྦྷ སྤེལ་དུས:2021/8/27
ཡག་པོ་བྲིས་འདུག ཡི་རང་བྱེད། 🌎🌎🌎
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41141521
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1