དཔའ་བར་འགྲོ་བའི་མདོའི་འགྲེམ་སྤེལ་མཛད་སྒོའི་སྟེང་མཁས་པ་འགས་ཤིས་ཚིག་ཕུལ་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 26 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »དཔའ་བར་འགྲོ་བའི་མདོའི་འགྲེམ་སྤེལ་མཛད་སྒོའི་སྟེང་མཁས་པ་འགས་ཤི
དཔའ་བར་འགྲོ་བའི་མདོའི་འགྲེམ་སྤེལ་མཛད་སྒོའི་སྟེང་མཁས་པ་འགས་ཤིས་ཚིག་ཕུལ་བ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2021/12/18ལྟ་ཀློག (6120)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དཔའ་བར་འགྲོ་བའི་མདོའི་འགྲེམ་སྤེལ་མཛད་སྒོའི་སྟེང་ཕུལ་བའི་མཁས་པ་འགའི་ཤིས་ཚིག


 ཤིས་ཚིག་ཀེ་ཏ་ཀའི་བྱེ་མ།  
     ༄༅།  །དེ་རིང་བཀྲ་ཤིས་པའི་ཉིན་མོ་འདིར་མགྲིན་པ་གཟེངས་སུ་བཏེགས་ཏེ་གང་ཞིག་སྙན་སྒྲོན་ཞུ་ན། འདས་པའི་ལོ་ངོ་ཉིས་བརྒྱ་ལྷག་གི་ཡར་སྔོན་དུ་ཆན་ལུང་གནམ་སྐྱོང་རྒྱལ་བོ་དང་། དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱིས་རྒྱ་ནག་སྐད་ལས་བོད་འགྱུར་བྱས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ། དཔའ་བར་འགྲོ་བའི་མདོ་རིན་པོ་ཆེ་འདི་ཉིད། རྭ་རྒྱའི་བཀའ་འགྱུར་ཁྲོད་དུ་ཐོག་མར་པར་བསྐྲུན་བྱས། དུས་རབས་ཉེར་གཅིག་པའི་མགོ་སྟོད་འདིར་སླར་ཡང་སྐད་གསུམ་ཤན་སྦྱར་དང་བཅས་འཐུས་སྒོ་ཚང་བའི་སྒོ་ནས་ཞིབ་འཇུག་བྱས་ཏེ་ཡོངས་ཁྱབ་ཏུ་འགྲེལ་སྤེལ་བྱེད་པའི་དུས་སྐབས་བཟང་བོ་མངོན་དུ་གྱུར་ཞིང་། འགྲེམ་སྤེལ་དགའ་སྟོན་གྱི་མཛད་སྒོའི་ཚོགས་འདུ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་གླིང་དེ་རུ་འཛུགས་པར་ཐོས་པས། ཕྲན་ངས་ལྷག་བསམ་རྣམ་དག་གིས་བོད་སྐད་སྨྲ་བ་ཡོངས་དང་། བྱེ་བྲག་དེར་བཞུགས་ཀྱི་སྐྱ་སེར་མཁས་དབང་ལྷན་རྒྱས་ཡོངས་ལ་ལག་ཟུང་ཐལ་མོ་སྦྱར་ཏེ་རྟེན་འབྲེལ་ཞུ་བ་ཡིན། འཇིག་རྟེན་གྱི་ཁམས་འདིར་མིའི་འགྲོ་བ་བྱུང་ནས་མི་ལོ་ས་ཡ་གསུམ་ལྷག་དང་། མི་རྣམས་ཀྱིས་སྟབས་བདེའི་འཚོ་བ་རོལ་ནས་ལོ་ངོ་ཁྲི་ཕྲག་དུ་མ་དང་། རྡོ་ཆས་གསར་བ་བྱུང་ནས་ཀྱང་མི་ལོ་ཁྲི་ཕྲག་འདས་སོ་ཟེར། ས་ཡི་གོ་ལ་འདི་ཉིད་ཀྱི་ཤར་དབུས་མ་ཧཱ་བྷ་ར་ཏའི་ཡུལ་ཁམས་ཆེན་པོ་དེར་འདས་པའི་ལོ་ངོ་སྟོང་ཕྲག་གསུམ་དང་བདུན་བརྒྱ་ཙམ་ཞིག་ནས་སེངྒེ་ཁ་འབབ་ཀྱི་གཙང་བོའི་རྒྱུད་དུ་ཨཱརྱ་ཎའི་མི་རིགས་ཀྱིས་གཉུག་མར་གནས་པའི་་་དྲ་ཝི་ཌའི་་་མི་རིགས་ལ་དབང་བསྒྱུར་བྱས་ཏེ་བྲམ་ཟེ་རིག་བྱེད་སྨྲ་བ་རྣམས་ཀྱིས་རི་ག་བེ་ད་སོགས་རིག་བྱེད་ཀྱི་སྐོར་དང་། དགའ་བྱེད་འབྱུང་གནས་ཀྱི་གཏམ་རྒྱུད་སོགས་སྒྲུང་རིང་ཐུང་དང་། སཾ་སྐྲྀ་ཏ་སོགས་ལེགས་སྦྱར་དང་། སཾ་སྐྲྀ་ཏ་པཱ་ཎི་ནི་བྱཱ་ཀ་ར་ཎ་སོགས་ལེགས་སྦྱར་བརྡ་སྤྲོད་ཀྱི་གཞུང་སྣ་ཚོགས་བཟོས་ནས་ཀྱང་རིམ་བཞིན་རང་རང་གི་བློས་བྱས་ཀྱིས་བཞག་པའི་ཤེས་རིག་དང་གྲུབ་མཐའི་ཚང་བརྡོལ་བར་གྱུར།  
     སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་ཡུལ་མ་ག་དྷའི་རྒྱལ་རབས་སོགས་རྒྱལ་ཕྲན་བྱེ་བྲག་པ་བདུན་བརྒྱད་ཙམ་ཞིག་གིས་དབང་བསྒྱུར་བྱས་མྱོང་བའི་ལྷོ་གླིང་གི་ཡུལ་གྲུ་ཆེན་པོ་དེར། ཆུ་བོ་ཆེན་པོ་སིནྡྷུ་དང་གངྒཱ་གཉིས་ཀྱི་འབབ་རྒྱུད་དུ་ཕྱི་ནང་གི་སྟོན་པ་རྣམས་ཀྱིས་བཞག་པའི་གྲུབ་མཐའ་སྣ་ཚོགས་ནི་དབྱར་གྱི་ཤ་མོ་བཞིན་དུ་བརྡོལ། དེ་དག་གི་ནང་ན་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་དེ་ཉིད་ཀྱི་གསུང་ཚངས་པའི་དབྱངས་ཀྱིས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཞིག་བསྐོར་བ་རྣམས་ནི། གདུལ་བྱ་ཐུན་མོང་བ་དང་ཐུན་མོང་བ་མ་ཡིན་པ་དཔག་ཏུ་མེད་པའི་ངོ་བོར་ལྷུན་གྱིས་གྲུབ་པ་ཡིན་ལ། བགྲང་བྱའི་འཁོར་ལོ་ཉིས་སྟོང་ལྷག་འདས་ནས་ཀྱང་ས་ཆེན་པོའི་མཐའ་དབུས་ཀུན་ཏུ་ཁྱབ་བཞིན་པ་འདི་ལྟར་ལགས།
    བྱེ་བྲག་ཏུ་དེ་བཞིན་གཤེགས་པའི་གསང་བ་བསྒྲུབ་པའི་དོན་མངོན་པར་འཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བའི་བཀའ་རིན་པོ་ཆེ་འདི་ཉིད་ཀྱང་། རྒྱ་ནག་གི་ཡུལ་དུ་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོ་ཞིག་ནས་རྒྱ་གར་གྱི་སློབ་དཔོན་་་་པ་ར་མི་ཏིའམ་མཆོག་འཇལ་ཞུ་བའི་སློབ་དཔོན་དེ་ཉིད་ཀྱིས་བསྒྱུར་བར་མཛད་དེ། མདོ་འདི་དང་མདོ་འདི་ལས་བྱུང་བའི་གཟུངས་ལ་་་་་楞严经་་་་་དང་་་་་ 楞严咒་་་་་ཞེས་རྒྱ་བརྒྱུད་ནང་བསྟན་ཀུན་ལ་ཤིན་ཏུ་གྲགས་ཆེ་བར་གྱུར། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ནི་དེའི་སྔོན་གྱི་ལོ་ཉིས་བརྒྱ་ལྷག་ཅིག་ནས་ལོ་ཆེན་ཀུ་མཱ་ར་ཛཱི་ཝ་སྟེ་་་ཡོངས་གྲགས་ལ་་་་鸠摩罗什གཞོན་ནུའི་སྲོག་གིས་གིས་རྒྱ་ནག་གི་ཡི་གེར་བསྒྱུར་ཟིན་པ་ཡིན། དེ་ལྟར་ན་དཔའ་བར་འགྲོ་བའི་མདོ་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་གཉིས་ཀ་ལོ་ཆིག་སྟོང་གི་གོང་ནས་རྒྱ་བརྒྱུད་ནང་བསྟན་གྱི་ཆོས་མཛོད་ཆེན་མོར་བཞུགས་པ་ཡིན་ལ། རང་རེ་བོད་ཀྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཁྲོད་དུ་ཡང་ད་ལྟའི་དུས་གཉིས་ཀ་བཞུགས་ཡོད་པ་འདི་འདྲ་རེད།   མདོ་འདི་གཉིས་ཀའི་མཚན་བྱང་དཔའ་བར་འགྲོ་བ་ཞེས་པ་ལེགས་སྦྱར་གྱི་སྐད་དོད་་་་ཤཱུ་རངྒ་མ་་་་ཞེས་པ་འདྲ་ན་ཡང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལ་་་་ཤཱུ་རངྒ་མ་ས་མཱ་དྷི་་་་ཞེས་འབོད་པ་ཡིན། དེ་ཡང་ཤཱུ་ར་་དཔའ་བོའི་དོན་ལ་གཉིས་པའི་གཅིག་ཚིག་གི་ཨམ྄་བྱིན་པས་་་་ཤཱུ་རཾ་་་ལ་དཔའ་བར་ཞེས་པའི་དོན་ཚང་ཞིང་། འགྲོ་བའི་སྐད་དོད་་་གའམ་ག་མ་་་མཚམས་སྦྱར་བས་་་ཤཱུ་རངྒ་མ་་་ཞེས་གྲུབ་པ་དང་། སྐབས་ལ་ལར་ཚིག་གྲོགས་མ་ཡིག་མེད་པར་་་ཤཱུ་རངྒ་་་་ཞེས་འབྲི་བའང་མཐོང་མོད་དོན་གཅིག་པ་ཡིན། ཏིང་ངེ་འཛིན་གྱི་སྐད་དོད་་་་ས་མཱ་དྷི་་་་སྦྱར་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ཞེས་གྲུབ་པ་ཡིན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་འདི་བོད་ཀྱི་ལོ་ཙཱ་བ་རིན་ཆེན་འཚོ་དང་། པནྜི་ཏ་ཤཱཀྱ་པྲ་བྷ་གཉིས་ཀྱིས་བསྟན་པ་སྔ་དར་སྐབས་ནས་རང་རེ་བོད་ཀྱི་སྐད་དུ་བསྒྱུར་ཟིན་གྱི་མཚན་བྱང་འདི་ནི་དོན་སྒྱུར་ཡིན་ལ། རྒྱ་རྣམས་ཀྱིས་་་ 楞严经་་་་་དང་་་་་ 楞严咒་་་་ཞེས་འབོད་པ་ནི་ལེགས་སྦྱར་གྱི་སྐད་དོད་་་ཤཱུ་རངྒ་མ་་་་ཟུར་མ་དག་པར་བཀླག་པའི་ཟུར་ཆག་པའི་སྒྲ་ཡིན་པར་ཤེས་དགོས། མདོ་འདི་དང་འདི་དག་ལས་བྱུང་བའི་གཙུག་ཏོར་དཔའ་བར་འགྲོ་བ་བམ་པོ་བཅུའི་བདག་ཉིད་ཅན་འདི་ཉིད་ཀྱི་གཞུང་དོན་དང་། འདི་ལས་བྱུང་བའི་གཟུངས་སྔགས་ཀྱི་ཕན་ཡོན་སོགས་ནི་གཞུང་རང་ལས་གསལ་བས་འདིར་མང་བོ་ཞིག་ཞུ་མ་དགོས་པ་བྱས། འདིར་ངེས་པར་ཞུ་འོས་པ་ཞིག་ནི་ཆོས་འདིའི་མཆོད་སྦྱིན་ཟད་མི་ཤེས་པ་བསྐྲུན་པའི་བླ་མ་རིན་པོ་ཆེ་མགར་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། ལས་ཀྱི་སྣེ་མོ་བ་ཆོས་གྲོགས་ཁཱ་ཤེས་རབ་རྒྱ་མཚོ་སོགས་ལས་བཟོ་བ་ཡོངས། གདན་ས་ཆེན་པོ་ཨ་རིག་རྭ་རྒྱ་དགོན། གཞན་ཡང་ལས་འདིར་འབྲེལ་ཐོགས་པའི་སྐྱེ་བོ་ཡོད་དོ་ཅོག་ལ་གནས་སྐབས་ཚེ་རིང་ནད་མེད་བསམ་དོན་ལྷུན་གྲུབ་དང་། མཐར་ཐུག་དོན་གཉིས་ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་བཀྲ་ཤིས་སྨོན་འདུན་ཁྲི་ཕྲག་གི་ཤིས་ཚིག་ཕུལ་བ་ལགས། བཀྲ་ཤིས་བདེ་ལེགས།   

ཞེས་ཡུལ་མགོ་ལོག་ཁང་སར་གྱི་སའི་བྱེ་བྲག  ཞལ་ཤིང་ལུང་འོ་མ་སྟག་རྩེར་ལྟེ་ཁྲག་འཕོས་ཤིང་། བོད་ཡུལ་ས་ཆ་ཆེ་ཆུང་དུ་མི་ཚེ་འདའ་བའི་སྙོམས་ལས་པ་སྒང་བ་བསྟན་པའི་རྒྱལ་མཚན་དུ་འབོད་པ། མཚོ་བྱུང་དགྱེས་པའི་བློ་གྲོས་ཀྱིས་དགའ་གུས་ཀྱི་ཐལ་མོ་སྦྱོར་བ་དང་བཅས་རང་ཤག་ནས་ཕུལ་བ་མངྒ་ལཾ།


ཤིས་ཚིག་ལྷ་དར་དཀར་པོ

ཀ་དག་ནང་ཆོས་འཇུག་པར་ལྟ་སྒོམ་ལ།།
ཁ་བའི་ལྗོངས་འདིར་མེད་དུ་མི་རུང་བའི།།
ག་སར་མི་བཞུགས་དཔའ་བར་འགྲོ་བའི་མདོ།།

ང་ཚོའི་བཀའ་བསྟན་ཁྲོད་དུ་དཀོན་ཞེས་གྲགས།།


ཅ་ཅོ་མ་ཡིན་རྒྱལ་བའི་བཀའ་གསུང་མདོ།།
ཆ་ཤས་སློབ་དཔོན་ཀླུ་ཡི་མཚན་ཅན་གྱིས།།
ཇ་ཆང་མ་ཡིན་ཀླུ་རྒྱལ་ཕོ་བྲང་ནས།།

ཉ་ཀྱུས་བཟུང་བཞིན་མི་ཡུལ་རྟེན་ལ་དྲངས།།


ཏ་ལའི་ལོ་མར་བཞེངས་པའི་ལེགས་སྦྱར་སྐད།།
ཐ་གྲུ་ཀུན་ཏུ་འཕྲིན་ལས་དར་ཆེ་བས།།
ད་སྔ་ཡིག་རིགས་མང་པོར་བསྒྱུར་བ་ལས།།

ན་ནིང་བསྒྲིགས་པའི་བོད་འགྱུར་འདི་ན་བཞུགས།།


པ་ཚབ་ལོ་ཆེན་མ་ཡིན་ལྕང་སྐྱ་ཚང་།།
ཕ་བོང་ཁ་དང་གནམ་བསྐོས་གོང་མ་ཡི།།
བ་གམ་གནས་སུ་བཞུགས་དུས་བསྒྱུར་བའི་མདོ།།

མ་གདན་མཇལ་དུ་མེད་པ་ཡིད་རེ་སྐྱོ།།


ཙ་རིར་གནས་སྐོར་དཀའ་བཞིན་འགྲོ་བ་ལས།།
ཚ་གྲང་ཆེ་བའི་སྤོས་ངད་གྲོང་ཁྱེར་དུ།།
ཛ་ཡའི་བསྟན་བཅོས་མདོ་འདི་བསྒྲིགས་བྱས་ནས།།

ཝ་ལེར་སེམས་དྭངས་བཞུགས་མཁན་སྐྱིད་པ་ལ།།


ཞ་ལུའི་གསེར་ཁང་གཟི་བྱིན་ལྡན་ནས་གྲགས།།
ཟ་ཧོར་བན་དེ་ཤེས་རབ་ཀློང་བརྡོལ་ཡང་།།
འ་ཅག་ཡོད་པའི་མདོ་རྒྱུད་དབེན་གྱུར་ན།།

ཡ་རབས་ཆོས་རིག་བསླབ་གཞི་གང་ནས་འཚོལ།།


ར་གན་གསེར་ལ་མི་བརྗེ་མདོ་ཀློག་ན།།
ལ་ལུང་མེད་པའི་དཔའ་བའི་མདོ་ལས་གང་།།
ཤ་གསེང་རུས་གསེང་ཐིམ་པའི་དད་སྟོབས་ཤིག །

ས་སྒོ་འདི་ན་ཡོད་ཚེ་རྟེན་དུ་སྟེན།།


ཧ་ལས་དགོས་པའི་རྣམ་དཀར་མཛད་འཕྲིན་འདི།།
ཨ་ཁུ་ཤེར་རྒྱམ་ཁོང་ཚོའི་ཕྱག་ལས་ཁྲོད།།
ཧ་ཅང་དཀོན་པའི་དཔེ་རྒྱུན་བསྐྲུན་པ་ལ།།
ཨ་ཅང་ཡི་རང་མི་གནང་སུ་ཞིག་ཡོད།།

    ཅེས་དཔའ་བར་འགྲོ་བའི་མདོ་རིན་པོ་ཆེ་འདིའི་གླེགས་བམ་མཇལ་མ་ཐག་ཏུ་དགའ་དད་གུས་གསུམ་གྱིས་བསྐུལ་ཏེ་རྒྱལ་མོ་འབྲུག་པར་འབོད་པས་ཤར་མར་བྲིས་པ་བཀྲ་ཤིས་ལྷ་དར་རིང་མོའི་མཚོན་བྱེད་དུ་ཕུལ་བ་ལགས་སོ།།   ༢༠༢༡—༡༢—༥


ཤིས་ཚིག

ཚིག་འབྲུ་བཟང་པོ་སྙན་འགྱུར་བྱེ་བའི་གླུ།།
འགྲོ་ཀུན་རྣ་བའི་དཔྱིད་དུ་ཅི་ཡང་འཇེབས།།
དོན་བཟང་བདུད་རྩིའི་ཐིགས་པ་རེ་རེ་ཡང་།།

སྙིང་ལ་མངོན་དགའ་དགྱེས་པའི་གསོས་སུ་ཆེ།།


རྣམ་མང་ལྟ་གྲུབ་ཞི་བསིལ་རླབས་ཕྲེང་གིས།།
ཉེ་བར་འཁྱུད་པའི་རིན་ཆེན་ནོར་བུའི་མཛོད།།
རྒྱལ་བའི་རྣམ་འཕྲུལ་གསུང་གི་ཕུང་པོ་སྟེ།།

དཔའ་བར་འགྲོ་བའི་མདོ་འདི་ཨེ་མ་རྨད།།


བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་པའི།།
དམ་ཆོས་གླེགས་བམ་གསར་པའི་རྣམ་པ་ཅན།།
ཐོས་བསམ་སྒོམ་པའི་ཡུལ་དུ་རྟག་བཞུགས་ནས།།
འཕྲིན་ལས་ཉི་འོད་ཕྱོགས་སུ་འཕྲོ་བར་ཤོག།
     ཅེས་པ་འདི་ནི་གྲོགས་པོ་ཁཱ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་མ་བསྐུལ་དང་བླངས་ཀྱིས། དཔའ་བར་འགྲོ་བའི་མདོ་འདི་རྒྱ་བོད་གཉིས་ཀར་འགྱུར་རིམ་དང་པར་གཞི་དེ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་ཞིབ་འཇུག་གྱ་ནོམ་པ་བྱས་ཤིང་། དགོས་པ་དང་རྒྱུ་མཚན་དུ་མར་དམིགས་ཏེ་གསར་དུ་པར་སྐྲུན་ཞུས་པ་དང་། དེ་དག་ལེགས་འགྲུབ་བྱུང་བའི་མཛད་སྒོར་བཀའ་དྲིན་གཏང་རག་ཅིག་གི་ཚབ་ཏུ་ཤིས་ཚིག་འདི་པདྨ་ཅན་གྱི་གྲོང་ཁྱེར་ནས་ལྡོང་ཆུ་ཤེལ་གྱིས་ཕུལ་བ་དགེའོ།།

2021.12.12



གསར་འགོད་པ།  འབའ་སྣང་གྲོལ།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
29926820
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1