ག་ལས་འཇིགས་མེད་རང་འགྲེལ་ཡིན་པའི་ལོག་རྟོག་དགག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ག་ལས་འཇིགས་མེད་རང་འགྲེལ་ཡིན་པའི་ལོག་རྟོག་དགག་པ།
ག་ལས་འཇིགས་མེད་རང་འགྲེལ་ཡིན་པའི་ལོག་རྟོག་དགག་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2022/4/4ལྟ་ཀློག (25841)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ག་ལས་འཇིགས་མེད་རང་འགྲེལ་ཡིན་པའི་ལོག་རྟོག་དགག་པ།


རྟེན་འབྱུང་གཏམ་གྱི་སེང་གེའི་ང་རོ་ཡིས།།

བདེན་སྨྲའི་རི་དྭགས་ལྕེ་རྩེ་འདར་ལ་སྦྱོར།།

འཇིག་རྟེན་མིག་གཅིག་རིང་ལུགས་སྤེལ་བའི་མགོན།།

ཟླ་མེད་ཙོང་ཁ་པ་ལ་སྙིང་ནས་འདུད།།


      ཅེས་པས་མདུན་བསུས་ནས་འདིར་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལས་འཇིགས་མེད་ཅེས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་མིན་པ་རྗེ་བཙུན་རེད་མདའ་བ་དང་རྗེ་བླ་མ་རྣམ་གཉིས་ཀྱིས་གསུངས་པའི་ལེགས་བཤད་ཀྱི་རྗེས་སུ་འབྲངས་ཏེ་ཁོ་བོས་ཀྱང་གཞན་དུ་བཤད་ཟིན་ཡང་། དེང་སང་འགྲེལ་པ་འདི་རང་འགྲེལ་ཡིན་པར་ད་དུང་ཨུ་ཚུགས་བྱེད་པ་འགའ་རེ་སྣང་བས། འདིར་དེ་དག་གི་ལོག་རྟོག་དགག་པར་བྱ་བ་ལ། ཁ་ཅིག་དང་པོའི་འདོད་པ་དགོད་པ་དང་། དེ་མི་འཐད་པ་བསྟན་པ། ཁ་ཅིག་གཉིས་པའི་འདོད་པ་དགོད་པ་དང་། དེ་མི་འཐད་པ་བསྟན་པ། འགྲེལ་པ་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་སྒྲུབ་བྱེད་གནད་བསྡུས་ཏེ་བཤད་པ། བག་ཡོད་གདམས་པའི་སྒོ་ནས་མཇུག་བསྡུ་བ་བཅས་ས་བཅད་དྲུག་ལས། 

     དང་པོ་ནི། འགའ་ཞིག་གིས་འདི་ལྟར་སྨྲ་སྟེ། ( རང་ལུགས་ལ་རང་འགྲེལ་ཡིན་ཡང་ག་ལས་འཇིགས་མེད་ལས། བཙུནཔ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །ཞེས་སོགས་ད་ལྟའི་དཔེ་ན་ཡོད་པ་མཆན་དཀྱུས་སུ་ཤོར་བ་ཡིན་སྙམ་སྟེ། ག་ལས་འཇིགས་མེད་ཀྱི་སྐབས་དེར་ཕུང་པོ་ཡོད་མེད་ཀྱི་མཐའ་གང་ཡང་མ་ཡིན་པར་བཤདཔའི་མཚམས་དེར་བཞི་བརྒྱ་པའི་ལུང་འདི་དྲང་བ་འབྲེལ་མེད་པའི་ཕྱིར་ཏེ། ཉན་པ་པོ་དང་མཉན་བྱ་དང་། །ཞེས་སོགས་ཀྱིས་སྤྱིར་ཐ་སྙདདུ་འཁོར་བ་མཐའ་ཡོད་མེད་བཤད་ལ། རྩ་ཤེས་རྩ་འགྲེལ་གྱི་སྐབས་དེར་དོན་དམ་པར་ཡོད་མེད་ཀྱི་མཐའ་དང་བྲལ་བར་བསྟན་པའི་ཕྱིར་རོ།། ཇོ་བོ་རྗེའི་ལམ་སྒྲོན་རང་འགྲེལ་ལས། དེ་ལ་དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང་། ཞེས་དང་། བེ་རོ་ཙ་ན་སོགས་མཁས་པ་མི་བཞིས་མཛད་པའི་གསང་སྔགས་ལུང་གི་བང་མཛོད་ལས། དབུ་མའི་བསྟན་བཅོས་རིགས་ཚོགས་དྲུག་མཛད་དེ། དེ་ཡང་རྩ་བ་ཤེས་རབ། རིགས་པ་དྲུག་བཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་པར་འཐག་པའི་མདོ། ག་ལས་འཇིགས་མེད། རྩོད་པ་བཟློག་པ་དང་དྲུག་མཛད། ཅེས་གསུངས་པ་དང་། ག་ལས་འཇིགས་མེད་ཀྱི་མཇུག་བྱང་ལས། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ། །ཞེས་ལོ་པཎ་གྱིས་བསྒྱུར་ཡོད་པས་དེ་དག་གིས་རྫུན་བཤད་པ་མ་ཡིན་པས་སོ། །ཞེས་དང་། སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་པས་ག་ལས་འཇིགས་མེད་མ་གཞིར་བྱས་ནས་བརྩམས་པས་ཚིག་ཇི་ལྟ་བ་བཞིན་དྲང་ཡོད་ཀྱང་ལུང་ཁུངས་དངོས་སུ་མ་སྨོས་པ་ཡོད་ཀྱང་ལུང་ཁུངས་དངོས་སུ་སྨོས་ནས་ཀྱང་དྲང་ཡོད་པར་སྣང་སྟེ། རྩ་ཤེས་མཆོད་བརྗོད་ཀྱི་སྐབས་སུ་ཤེས་རབ་སྒྲོན་མ་ལས། དེ་ལས་བསྟན་བཅོས་ཀྱི་འགྲེལ་པ་སྨྲས་པ། འདི་ལ་བཅོམ་ལྡན་འདས་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་མངའ་བ། ཞེས་སོགས་གསུངས་པའི་འགྲེལ་པ་ག་ལས་འཇིགས་མེད་ཡིན་པ་འདྲའོ། ། ) ཞེས་པའོ། །

    གཉིས་པ་དེ་མི་འཐད་པ་ནི། སྤྱིར་རྒྱ་གཞུང་ཁག་ཏུ་མཆན་དཀྱུས་ལ་ཤོར་ནས་རྩ་བའི་གཞུང་དང་མཆན་གཉིས་དབྱེར་མེད་དུ་ཆགས་ཡོད་པ་མང་དུ་སྣང་ན་ཡང་། ཁྱོད་ཀྱིས་འགྲེལ་པ་ག་ལས་འཇིགས་མེད་ནང་གི་བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །ཞེས་སོགས་ད་ལྟའི་དཔེ་ན་ཡོད་པ་འདི་སྐབས་འདིར་འབྲེལ་མེད་པའི་རྒྱུ་མཚན་གྱིས་མཆན་དཀྱུས་ལ་ཤོར་བ་ཡིན་ཟེར་བ་མི་འཐད་དེ། འོ་ན། དེ་ལ་དེ་འདྲ་བའི་མཆན་བཏབ་པ་ལའང་དགོས་པ་མེད་པར་ཐལ། དེ་ལ་འབྲེལ་མེད་པའི་ཕྱིར། རྟགས་ཁས།

      ཡང་། རྩ་ཤེས་རྩ་འགྲེལ་གྱི་སྐབས་དེར་འཇིག་རྟེན་དོན་དམ་པར་ཡོད་མེད་ཀྱི་མཐའ་དང་བྲལ་བར་བསྟན་པ་ན། ཉན་པ་པོ་དང་མཉན་བྱ་དང་།། ཞེས་པ་ནས། མཐའ་ཡོད་མ་ཡིན་མཐའ་མེད་མིན།། ཞེས་དྲང་པ་ལ་འབྲེལ་བ་མེད་ཅེས་ཟེར་བ་ཡང་མི་འཐད་དེ། འཇིག་རྟེན་དོན་དམ་པར་ཡོད་མེད་ཀྱི་མཐའ་དང་བྲལ་བ་རྩ་ཤེས་ཀྱི་དགོངས་པར་མ་ཟད་འཕགས་པ་ལྷའི་དགོངས་པ་ཡང་ཡིན་ཏེ། ཉན་པ་པོ་དང་མཉན་བྱ་དང་།། ཞེས་པ་ནས། མཐའ་ཡོད་མ་ཡིན་མཐའ་མེད་མིན།། ཞེས་དྲངས་ནས་འཁོར་བ་དོན་དམ་པར་ཡོད་མེད་ཀྱི་མཐའ་དང་བྲལ་བར་བསྟན་ན་འབྲེལ་ཆེ་བའི་ཕྱིར།

     དེས་ན། འགྲེལ་པ་ག་ལས་འཇིགས་མེད་ལས། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྔ་མ་འཇིག་འགྱུར་ཞིང་། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །གལ་ཏེ་སྔ་མ་མི་འཇིག་ཅིང་། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་མེད་འགྱུར། །གལ་ཏེ་ཕུང་པོ་སྔ་མ་རྣམས་འཇིག་པར་འགྱུར་ཞིང་། ཕུང་པོ་འདི་དག་ལ་བརྟེན་ནས་ཕུང་པོ་གཞན་དེ་དག་མི་འབྱུང་ན་ནི། དེས་ན་འཇིག་རྟེན་མཐའ་ཡོད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་མི་འཐད་དོ། །གལ་ཏེ་ཕུང་པོ་སྔ་མ་རྣམས་མི་འཇིག་ཅིང་ཕུང་པོ་འདི་དག་ལ་བརྟེན་ནས་ཕུང་པོ་ཕྱི་མ་དེ་དག་མི་འབྱུང་ན་ནི། དེས་ན་འཇིག་རྟེན་མཐའ་མེད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་མི་འཐད་དོ། །བཙུན་པ་འཕགས་པ་ལྷས་ཀྱང་། །ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ད་ནི་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་ཅེས་བྱ་བ་དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། བཤད་པར་བྱ་སྟེ། ཞེས་གསུངས་པ་འདི་ལ་གཟིགས་ན་འབྲེལ་བ་ཡོད་པར་གསལ་བས་འབྲེལ་མེད་མ་སྨྲོས་ཤིག །

      ལམ་སྒྲོན་རང་འགྲེལ་གྱིས་ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་ཡིན་པར་སྒྲུབ་མི་ཐུབ་སྟེ། ལམ་སྒྲོན་རང་འགྲེལ་དུ་ཇོ་བོའི་ཚིག་མིན་པ་བསྲེ་བསླད་མང་དུ་ཞུགས་ཡོད་པ་ཡོངས་སུ་གྲགས་པས་སོ། །གསང་སྔགས་ལུང་གི་བང་མཛོད་ཀྱི་ལུང་གིས་ཀྱང་སྒྲུབ་མི་ཐུབ་སྟེ། དེ་ནི་ག་ལས་འཇིགས་མེད་ཀྱི་མཇུག་བྱང་ཙམ་ལ་དགོངས་པ་ཡིན་པའི་ཕྱིར།

      ག་ལས་འཇིགས་མེད་ཀྱི་མཇུག་བྱང་གིས་ཀླུ་སྒྲུབ་ཀྱི་ཡིན་པར་སྒྲུབ་མི་ཐུབ་སྟེ། སྤྱིར་མཇུག་བྱང་ལ་རྩོམ་པ་པོ་རང་གིས་བྲིས་པ་དང་གཞན་གྱིས་བྲིས་པ་གཉིས་དང་། གཞན་གྱིས་བྲིས་པ་ལའང་བྲིས་པ་ལྟར་དོན་ལ་གནས་མི་གནས་གཉིས་སུ་སྣང་བས། བསྟན་འགྱུར་ཁྲོད་དུ་བཞུགས་པའི་དཔེ་དུ་མ་ལ་རྩོམ་པ་པོ་དང་མཇུག་བྱང་མི་མཐུན་པ་མང་དུ་མཐོང་བའི་ཕྱིར།

བསྟན་བཅོས་ཀྱི་འགྲེལ་པ་སྨྲས་པ། འདི་ལ་བཅོམ་ལྡན་འདས་ཐུགས་རྗེ་དམ་པས་ཞེས་པ་ཡང་མི་འཐད་དེ། འདི་ལ་བཅོམ་ལྡན་འདས་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་མངའ་བ། ཞེས་སོགས་ཀྱི་ཚིག་འདི་འགྲེལ་པ་ག་ལས་འཇིགས་མེད་ཀྱི་གཞུང་རང་དུ་མི་སྣང་བའི་ཕྱིར། དེས་ན། ཤེས་རབ་སྒྲོན་མ་ལས། བསྟན་བཅོས་ཀྱི་འགྲེལ་པ་ཞེས་འབྱུང་བའི་འགྲེལ་པ་འདི་ག་ལས་འཇིགས་མེད་ཡིན་པར་སྒྲུབ་ཚུལ་གཏན་ནས་མི་འཐད་དོ། །སློབ་དཔོན་ལེགས་ལྡན་དེ་བ་ཤཱ་མའི་རྗེས་སུ་འབྲང་བ་ནི་ཤེས་རབ་སྒྲོན་མེའི་འགྲེལ་བཤད་དུ་གསུངས་པས་ན། ལེགས་ལྡན་རྩ་ཤེས་ཀྱི་འགྲེལ་པ་ཞིག་གི་རྗེས་སུ་འབྲང་ན། ངེས་པར་དུ་ག་ལས་འཇིགས་མེད་ཀྱི་རྗེས་སུ་འབྲང་བར་སྒྲུབ་པ་ནི་ཆ་མེད་པའི་རྒྱུས་གཏམ་ཡིན་པས་མཁས་པ་དག་ངོ་ཚ་བར་བྱེད་པའི་གཏམ་མོ། །ད་དུང་ཁ་ཅིག་འདིའི་འདོད་ཚུལ་མི་མཐུན་པ་འགའ་ཞིག་ཡོད་ཀྱང་དགོས་པ་ཆུང་ཞིང་དཔྱད་རིན་ཡང་མེད་པས་རེ་ཞིག་བཞག་གོ། །

      གསུམ་པ་ནི། མཁན་པོའི་མིང་ཅན་དགེ་འདུན་རབ་རྒྱས་ཟེར་བ་དེས་བྲིས་པའི་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་པར་སྒྲུབ་པ། ཞེས་པ་ལས། ( དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཆོས་ཅན། སློབ་དཔོན་ཀླུ་སྒྲུབ་རང་གིས་མཛད་པ་ཡིན་པར་ཁས་ལེན་དགོས་ཏེ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་རང་དུ། དབུ་མ་རྩ་ཤེས་ཀྱི་ཚིག་འགའ་ཞིག་ལ། འགྲེལ་པ་མཛད་པོ་རང་གི་ཚིག་ཏུ་བྱས་ནས་བཤད་པ་ལས། དབུ་བ་རྩ་ཤེས་ཀྱི་ཚིག་གཅིག་ལའང་། གཞན་ཚིག་ཏུ་བྱས་ནས་བཤད་པ་གཏན་ནས་མེད་པའི་ཕྱིར། གྲུབ་སྟེ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཀྱི་སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བདུན་པ་ལས། ཡོད་མེད་ཉིད་ཀྱང་མ་ཡིན་ཏེ། །གོང་དུ་བསྟན་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ལ། ཞེས་པ་ནས། ག་ལས་འཇིགས་མེད་རང་འགྲེལ་དུ་གསུངས་པའི་ཕྱིར་རོ། ། ) ཞེས་པའི་བར་གྱིས་ག་ལས་འཇིགས་མེད་རང་འགྲེལ་དུ་སྒྲུབ་པའི་རྒྱུ་མཚན་བཅུ་དང་། ཡང་། ( རྗེ་བློ་བཟང་གྲགས་པས། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོའི་འདོད་ཆགས་དང་ཆགས་པ་བརྟག་པ་སྟེ་རབ་བྱེད་དྲུག་པ་ལས། ཞེས་པ་ནས། སྔ་ཕྱི་གཉིས་བསྡོམས་ན། རྒྱུ་མཚན་མི་འདྲ་བ་བདུན་བཀོད་འདུག་གོ། ། ) ཞེས་རྗེ་ཙོང་ཁ་པའི་བཞེད་པ་བཀོད་ནས་དེ་དགག་པ་ན། དེ་ཉིད་ལས། ( གཉིས་པ། རང་འགྲེལ་མིན་པའི་རྒྱུ་མཚན་བདུན་པོ་རེ་རེ་ནས་ལྟར་སྣང་དུ་བསྟན་པ་ནི། དང་པོ།  ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་པའི་ཚིག་རྐང་གཉིས། ག་ལས་འཇིགས་མེད་དུ་འགྲེལ་བཤད་མཛད་པ། འགྱུར་རྙིང་ཉིད་ལས། རྩ་ཤེས་ལ་ཚིགས་བཅད་བཞི་བརྒྱ་ཞེ་དགུ་ཡོད་པར་བཤད་པ་དང་འགལ། ཞེས་པའང་། མི་འཐད་པར་ཐལ། ཚིག་རྐང་འདི་གཉིས་དང་བཅས་ན། ད་གཟོད་ཚིགས་སུ་བཅད་པ་བཞི་བརྒྱ་ཞེ་དགུར་ལོངས་ཀྱི། གཞན་དུ་ན། ཚིགས་སུ་བཅད་པ་བཞི་བརྒྱ་དང་ཕྱེད་ཞེ་དགུ་ལས་མི་ལོངས་པའི་ཕྱིར། དེར་ཐལ། མཆོད་བརྗོད་ལ་ཚིགས་བཅད་གཉིས་དང་། ཚིག་རྐང་འདི་གཉིས་དང་བཅས་ན། གཞུང་དངོས་ལ་ཚིགས་བཅད་བཞི་བརྒྱ་ཞེ་དྲུག་དང་། བཀའ་དྲིན་རྗེས་དྲན་གྱི་ཕྱག་མཆོད་ལ་ཚིགས་བཅད་གཅིག་བཅས། ཚིགས་བཅད་བཞི་བརྒྱ་ཞེ་དགུ་ཏག་ཏག་ཡོད་པའི་ཕྱིར་རོ། །གཉིས་པ། འགྲེལ་བྱེད་བུདྡྷ་པཱ་ལི་ཏ་ལས། ཚིག་རྐང་འདི་གཉིས་ལ་བཤད་པ་བྱས་མེད། ཅེས་པ་དེའང་། མི་འཐད་པར་ཐལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་དེའི་ཐད་དུ། སྨྲས་པ། རེ་ཞིག་ཆགས་པ་ནི་ཡོད་དེ། དེ་ཡང་འདོད་ཆགས་མེད་ན་མི་འབྱུང་བས། འདོད་ཆགས་ཀྱང་རབ་ཏུ་གྲུབ་པ་ཉིད་དོ། །བཤད་པ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཆགས་པ་ཡོད་པར་ཡོངས་བརྟགས་ན། འདོད་ཆགས་ཡོད་དམ་མེད་ཀྱང་རུང་སྟེ། ཆགས་པ་ལ་ཡང་འདོད་ཆགས་མི་འཐད་པ། དེ་ཉིད་དང་རིམ་པ་མཚུངས་སོ། །ཞེས་ཚིག་རྐང་དེ་གཉིས་གསལ་པོར་བཀྲལ་པའི་ཕྱིར་རོ། །གསུམ་པ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དེའི་འགྲེལ་བཤད་གཉིས་སུ་ཡང་། དེ་གཉིས་ལ་བཤད་པ་བྱས་མེད། ཅེས་པའང་། མི་འཐད་པར་ཐལ།  སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་དེའི་ཐད་དུ། ཅི་སྟེ་ཆགས་པའི་སྔོན་རོལ་ན། འདོད་ཆགས་ཡོད་པར་འདོད་ན། དེ་ལྟ་ན་ཡང༌། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དང་མེད་ཀྱང་རིམ་པར་མཚུངས། །དགག་པའི་ཐབས་འོག་ནས་འབྱུང་ངོ་། ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཚིག་རྐང་དེ་གཉིས་འགྲེལ་པར་མཛད་ཅིང་། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས། དབུ་མ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་གྱི་དེའི་ཐད་དུའང་། དེ་ནི། ཆགས་པ་བརྟག་པའི་མུ་གསུམ་ལས། འདོད་ཆགས།ཆགས་པའི་སྔ་རོལ་ན་ཡོད་པ་ལ་བརྟེན་ནས། ཆགས་པ་ཡོད་པར་འདོད་པ་ཞེས་བྱ་བ། མུ་དང་པོ་མི་འཐད་པར་བསྒྲུབ་པར་བྱ་སྟེ། དེའི་ཕྱིར། ཅི་སྟེ་ཆགས་པའི་སྔ་རོལ་ན། འདོད་ཆགས་ཡོད་པར་འདོད་ན། དེ་ལྟ་ན་ཡང༌། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་བྱ་བ་སྨྲས་ཏེ། ཆགས་པ་ཡོད་པར་ཡོངས་སུ་བརྟག་ན། འདོད་ཆགས་ཡོད་དམ་མེད་ཀྱང་རུང་སྟེ། ཆགས་པ་ལ་ཡང་། འདོད་ཆགས་མི་འཐད་པ་དེ་ཉིད་དང་རིམ་པ་མཚུངས་སོ། །དེ་ཉིད་བསྟན་པའི་ཕྱིར། དགག་པའི་ཐབས་འོག་ནས་འབྱུང་ངོ་། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་བྱ་བ་སྨྲས་སོ། །ཞེས་ཚིག་རྐང་དེ་གཉིས་གསལ་པོར་བྲལ་བའི་ཕྱིར་རོ། །བཞི་པ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་དུ་ནི། ཚིག་རྐང་དེ་གཉིས་མེད། ཅེས་པའང་། མི་འཐད་པར་ཐལ།སློབ་དཔོན་ཟླ་བ་གྲགས་པས། དབུ་མ་རྩ་བའི་འགྲེལ་པ་ཚིག་རབ་ཏུ་གསལ་བའི་དེའི་ཐད་དུ། འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས། འདོད་ཆགས་བཀག་མོད་ཀྱི། དེ་ལྟ་ན་ཡང་། ཆགས་པ་ནི་ཡོད་པ་ཡིན་ཏེ། མ་བཀག་པའི་ཕྱིར་རོ། །ཆགས་པ་ཡང་། འདོད་ཆགས་མེད་པར་ནི་མི་རིགས་ཏེ། དེའི་ཕྱིར་འདི་ཡང་ཡོད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་ཆགས་པ་ཡོད་ན། འདོད་ཆགས་ཡོད་པར་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ཏེ། འདི་ལྟར་ཆགས་པ་འདི་འདོད་པ་ན། འདོད་ཆགས་ཡོད་པའམ། མེད་པ་ན་རྟོག་གྲང་ན། གཉི་ག་ལྟར་ཡང་འཐད་པ་མ་ཡིན་ནོ། །ཞེས་བཤད་པ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །དེ་ལ་གལ་ཏེ་འདོད་ཆགས་ཡོད་པ་ན། ཆགས་པ་ཡོད་པར་རྟོག་པར་བྱེད་ན་ནི། དེ་ལྟ་ན་ཡང༌། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །ཞེས་བྱ་བ་ལ་སོགས་པས། ཆགས་པ་ལ་ཡང་། བཤད་མ་ཐག་པ། འདོད་ཆགས་མི་འཐད་པའི་རིམ་པ་འདི་ཉིད་མཚུངས་སོ། །ཞེས་ཚིག་རྐང་དེ་གཉིས་ཡོད་པའི་ཕྱིར་རོ། ། དེས་ན་གཞུང་དེ་དག་ཏུ་ཡོད་པ་བལྟས་ཀྱིན་མ་མཐོང་བ། ཅེ་རེ་ལོང་དུ་སོང་བ་ལྟ་བུའི་གཏམ་འདི་འདྲ་སྨྲས་པ་ལ། ཡིད་རྟོན་དུ་རུང་བ་གཅིག་ཀྱང་མེད་པས།དབུ་མ་རྩ་བའི་རྣམ་བཤད་དེ་ཉིད། འཇམ་པའི་དབྱངས་ཀྱི་མཚན་འཛིན། རྗེ་ཙོང་ཁ་པ་ཆེན་པོའི་གསུངས་ཡིན་མིན་ལའང་དོགས་པ་སྐྱེ་དགོས་པར་འགྱུར་རོ། །ལྔ་པ། ག་ལས་འཇིགས་མེད་དུ། ཚིག་རྐང་དེ་གཉིས་རྩ་བར་བྱས་ནས། དེ་ལ་བཤད་པ་ཡང་བྱས་སྣང་བས་ནི། རྩོམ་མཁན་དེ་ཡི་རང་རྟགས་ཆེན་པོ་བསྟན་སྣང་ལ། ཞེས་པའང་། མི་འཐད་པར་ཐལ། དེ་ལྟར་ན། དེ་ལས་གཞན་པའི་འགྲེལ་བཤད་བཞི་པོ་རྩོམ་མཁན་དེ་དག་ཀྱང་། རང་གི་རང་རྟགས་ཆེན་པོ་བསྟན་པར་ཐལ་བའི་ཕྱིར་ཏེ། དེ་དག་གིས་ཀྱང་། ཚིག་རྐང་དེ་གཉིས་རྩ་བར་བྱས་ནས། དེ་ལ་འགྲེལ་བཤད་བྱས་པའི་ཕྱིར། ཁྱབ་པ་ཁས་བླངས་ལ། རྟགས་གོང་དུ་བསྒྲུབས་ཟིན་མ་ཐག་པ་ཡིན་ནོ། །དྲུག་པ། བཙུན་པ་འཕགས་པ་ལྷས་ཀྱང་། ཞེས་བཞི་བརྒྱ་པའི་ལུང་ཡང་ཤེས་བྱེད་དུ་དྲངས་པས། ཀླུ་སྒྲུབ་ཀྱི་ཡིན་པར་སྨྲ་བ་ནི། མི་རིགས་པའི་གཏམ་མོ། །ཞེས་པའང་། མི་འཐད་པར་ཐལ། གལ་ཏེ་དེ་ལྟར་བླ་མས་སློབ་མའི་ལུང་དྲངས་པ་མི་འཐད་ན། བཅོམ་ལྡན་འདས་ཀྱིས་ཀྱང་། ཞུ་བ་པོས་སྨྲས་ཟིན་པ་ལ། དེ་དེ་བཞིན་ནོ། །དེ་དེ་བཞིན་དེ། ཇི་སྐད་ཁྱོད་ཀྱིས་བཤད་པ་དེ་བཞིན་ནོ། །ཞེས་རང་གི་སློབ་མར་ལེགས་སོ་བྱིན་ནས། དེས་བཤད་པ་དེ་ཉིད། སྐབས་དོན་ཤེས་བྱེད་དུ་དྲངས་ནས། གདུལ་བྱ་གཞན་ལ་དེ་ལྟར་ཤེས་པར་བྱ་བ་ཉིད་དུ་གསུངས་པ་རྣམས། གཅིག་ཀྱང་མི་འཐད་པར་འགྱུར་བའི་ཕྱིར་དང་། དེ་བཞིན་དུ། སློབ་དཔོན་དཀོན་མཆོག་འབངས་ཀྱིས། རང་སློབ་ཕྱོགས་གླང་གིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པ་ལ།འགྲེལ་པ་མཛད་པའང་མི་རིགས་པར་འགྱུར་བའམ། སློབ་དཔོན་ཕྱོགས་གླང་གིས། རང་སློབ་དཀོན་མཆོག་འབངས་ཀྱིས་མཛད་པ། ཡོན་ཏན་མཐས་ཡས་པར་བསྟོད་པ་ལ། འགྲེལ་པ་གཉིས་མཛད་པ་དེའང་མི་རིགས་པར་འགྱུར་བའི་ཕྱིར་དང་། སློབ་དཔོན་འདུན་བཟང་གིས། རང་སློབ་དབྱིག་གཉེན་གྱི་མངོན་མཛོད་ལ་འགྲེལ་པ་མཛད་པའང་མི་རིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། ། གཞན་ཡང་། དེ་མི་འཐད་པར་ཐལ། གལ་ཏེ་དེ་ལྟར་ན། ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་ཡིན་པར་བཞེད་པའི་རྒྱ་བོད་ཀྱི་མཁས་ཆེན་དག་གིས། གཞུང་དེར། འཕགས་པ་ལྷའི་ཚིག་ཤེས་བྱེད་དུ་དྲངས་པ་ཙམ་ཡང་མ་མཐོང་བའམ། མཐོང་ཡང་རིགས་པ་དེས་དེ་ཀླུ་སྒྲུབ་ཀྱི་མིན་པ་ཙམ་ཡང་སྒྲུབ་མ་ཤེས། ཞེས་ཁས་བླང་དགོས་པར་འགྱུར་ན། མཁས་པ་དེ་དག་ནི། དོན་ཕྲན་བུ་འདི་ཙམ་ལ་རྨོངས་དགོས་དོན་ཡང་མ་དམིགས་པའི་ཕྱིར་རོ།།གཞན་ཡང་། དེ་མི་འཐད་པར་ཐལ།འཕགས་པའི་ལུང་ཤེས་བྱེད་དུ་དྲངས་ཚེ། བཙུན་པ་ཞེས་པ་ལས། སློབ་དཔོན་ཞེས་མ་བརྗོད་པས་ཀྱང་། འཕགས་པ་ལྷའི་སློབ་བརྒྱུད་ཀྱིས་མཛད་པ་མིན་ཞིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་མཛད་བྱང་ལས་གསལ་བ་ལྟར་གྲུབ་པའི་ཕྱིར། གྲུབ་སྟེ། སྐབས་དེ་སྐོར་གྱི་གཞུང་འགྲེལ་དག་ལས་དགག་བཞག་བྱེད་པ་ན།སློབ་དཔོན་ནི། གོང་བཀུར་གྱི་ཚིག་དང་། བཙུན་པ་ནི། དམན་པའམ་འདྲ་མཉམ་གྱི་ཚིག་ཏུ་བཀོལ་བ་ཡིན་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས། རང་གི་སློབ་མ་ལ་བཙུན་པ་ཞེས་འབོད་པ་ཁོ་ན། སྐབས་དེར་ཤིན་ཏུ་རིགས་ཤིང་འཐད་པ་ཡིན་པའི་ཕྱིར་རོ། །བདུན་པ། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར། འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས། ཞེས་པའང་། མི་འཐད་པར་ཐལ།སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་དབུར། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་ཚིག་ལེའུར་བྱས་པ་དག་ཁོ་ནས།རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་གསལ་པ་དང༌། དེ་ཁོ་ན་དག་བསྟན་པ་དང༌། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་མོད་ཀྱི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཁ་ཅིག་གིས་མི་རྟོགས་པས། དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས། ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱའོ།།ཞེས་པས། སློབ་དཔོན་ཀླུ་སྒྲུབ་ཀྱི་མཛད་པའི་འགྲེལ་པ་ཇི་བཞིན་འབྲི་ན། བཤད་ཟིན་འཆད་མི་དགོས་པས་མི་འཐད་ལ།  དེར་མ་བཤད་པ་ནི། ཁྱོད་ཀྱིས་འཆད་མི་ནུས་པས་མི་འཐད། ཅེས་དོགས་པ་བསླངས་ནས། དེའི་ལན་དུ། རང་འགྲེལ་ན་བཤད་ཟིན་མོད། ཁ་ཅིག་གིས་དེ་མི་རྟོགས་པས། དེ་དག་གི་ཕྱིར་དུ་འགྲེལ་པ་བྲིས་པར་གསུངས་པ་ཡིན་པའི་ཕྱིར་ཏེ། གོང་དུ། ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་གྱི་ལུང་དང་བཅས་བཤད་ཟིན་ལྟར་ཡིན་པའི་ཕྱིར་རོ།། ) ཞེས་པའོ། །

     བཞི་པ་དེ་མི་འཐད་པ་བསྟན་པ་ལ་གཉིས། རྒྱུ་མཚན་དེ་དག་མི་འཐད་པར་བསྟན་པ་དང་། དགག་པ་དེ་དག་མི་འགྲོ་བར་བསྟན་པའོ། །དང་པོ་ནི། རྒྱུ་མཚན་བཅུ་པོ་དེ་དག་ཕལ་ཆེ་བ་ནི་ཁོ་བོས་ཁ་ཅིག་དང་པོ་བཀག་པའི་རིགས་པ་དེ་ཉིད་ཀྱིས་ཁེགས་པར་འདུག་པས་བཞག་ལ། དེ་རྣམས་ཀྱི་ནང་ནས་རྒྱུ་མཚན་གཉིས་པ། དབུ་མ་རྩ་བའི་རབ་བྱེད་བདུན་པར། ཡོད་མེད་ཉིད་ཀྱང་མ་ཡིན་ཏེ། །གོང་དུ་བསྟན་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ལ། ག་ལས་འཇིགས་མེད་ཀྱི་དེའི་ཐད་དུ། ཁོ་བོས། གོང་དུ། རེ་ཞིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ནོ། །ཞེས་བསྟན་པ་ཉིད་ཡིན་ནོ། །ཡང་ན། ཡོད་པ་དང་། མེད་པ་དང་། ཡོད་མེད་དག །ཇི་ལྟར་སྐྱེ་བར་རིགས་པ་མ་ཡིན་པ་དེ་ལྟར། ཁོ་བོས། གོང་དུ། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་སྒྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །ཞེས་བསྟན་པ་ཉིད་ཡིན་ནོ། །ཞེས་སོགས་གནས་སྐབས་གང་དུ། དབུ་མ་རྩ་ཤེས་ཀྱི་མཛད་པ་པོར་སྙེགས་པ་ན། ཁོ་བོས། ཞེས་རང་ཚིག་ཏུ་མཚོན་ནས་གསུངས་པ་ཁོ་ན་ལས། སློབ་དཔོན་གྱིས། ཞེས་སོགས་གཞན་ཚིག་ཏུ་མཚོན་ནས་གསུངས་པ་གཅིག་ཀྱང་མེད་པའི་ཕྱིར་རོ། །ཞེས་པ་རྒྱུ་མཚན་ཡང་དག་ཏུ་མི་འགྲོ་སྟེ། ག་ལས་འཇིགས་མེད་དུ། ཁོ་བོས། གོང་དུ། རེ་ཞིག་ཡོད་དང་མེད་པ་ཡང༌། །ཞེས་སོགས་འབྱུང་བ་ཙམ་གྱིས་ཚིག་དེ་རང་ཚིག་ཏུ་སྒྲུབ་མི་ནུས་པའི་ཕྱིར། དེར་ཐལ། སྤྱིར་ཁོ་བོས་ཞེས་པ་དང་སློབ་དཔོན་གྱིས་ཞེས་པ་ཙམ་གྱིས་དང་པོ་ལ་རང་ཚིག་དང་ཕྱི་མ་ལ་གཞན་ཚིག་ཏུ་སྒྲུབ་མི་ནུས་པའི་ཕྱིར། དེ་ལྟར་མ་ཡིན་ན། རབ་བྱེད་དྲུག་པའི་ཤེས་རབ་སྒྲོན་མེའི་ཕྲེང་བར། གཞན་ཡང་། ཁོ་བོས། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །ཞེས་བྱ་བ་ལ་སོགས་པས་འདོད་ཆགས་དང་ཆགས་པ་དག་ལ་ཐ་དད་པ་ཉིད་མི་སྲིད་པར་བསྟན་པ་དང་། ཁྱོད་ཀྱིས་འདོད་ཆགས་དང་ཆགས་པ་དག་རབ་ཏུ་སྒྲུབ་པའི་ཕྱིར་དེ་གཉིས་ལྷན་ཅིག་ལ་བརྟེན་ཏོ། །དེ་ལ་ཡང་ཁོ་བོས། འདོད་ཆགས་དང་ནི་ཆགས་པ་དག།།ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །ཞེས་བྱ་བ་ལ་སོགས་པས་བཀག་སྟེ། ལྷན་ཅིག་ཉིད་དེ་ཡང་ལྟོས་པ་དང་བཅས་པའི་ཕྱིར་མི་འདོད་པས། ཞེས་རྩ་ཤེས་ཀྱི་ལུང་དྲངས་པ་ན་ཁོ་བོས་ཞེས་ལན་མང་དུ་འབྱུང་བས། རྩ་བ་ཤེས་རབ་ཀྱང་ལེགས་ལྡན་འབྱེད་ཀྱི་ཡིན་པའི་ཐལ་བ་འཇུག་གོ། །མ་ཟད་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་སོགས་ལ་ཡང་རྩ་ཤེས་ཀྱི་ཚིག་དྲངས་པ་ན་ཁོ་བོས་ཞེས་འབྱུང་བ་དུ་མ་ཡོད་དོ། །

     ཡང། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས། དབུ་མ་ཤེས་རབ་སྒྲོན་མ་རྒྱ་ཆེར་བཤད་པའི་དབུར། གལ་ཏེ་འདིས། མདོ་མཛད་པས། རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ། ཞེས་ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་ཡིན་པར་གསུངས་ཞེས་བཤད་པ་ཡང་རྒྱུ་མཚན་ཡང་དག་ཏུ་མི་འགྲོ་སྟེ། དེ་ཡང་ག་ལས་འཇིགས་མེད་ཀྱི་མཇུག་བྱང་ཙམ་ལས་རྒྱུ་མཚན་ཚད་ལྡན་གཞན་བཟུང་དུ་མེད་པའི་ཕྱིར། གཞན་ཡང་། དེ་སྒྲུབ་བྱེད་ཡང་དག་ཏུ་མི་འགྲོ་སྟེ། མདོ་མཛད་པས། རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ། ཞེས་པ་འདི་ཤེས་རབ་སྒྲོན་མ་རྒྱ་ཆེར་བཤད་པའི་རང་གཞུང་ཡིན་མིན་ཡང་བསྒྲུབ་བྱ་ཡིན་པའི་ཕྱིར།  

     ཡང་། སློབ་དཔོན་ཟླ་བ་གྲགས་པས། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་གྱི་བདག་སྐྱེ་འགོག་པའི་ཐལ་བཟློག་སྐབས་སུ། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲང་བ། སློབ་དཔོན་སངས་རྒྱས་བསྐྱངས་ལ། གླགས་དང་བཅས་པའི་ཚིག་གསུངས་པ་ཉིད་ག་ལ་ཡོད། ཅེས་པའི་སྐབས། གང་གི་རྗེས་སུ་འབྲང་སའི་ཀླུ་སྒྲུབ་ཀྱི་ལུགས་ནི། ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་གཅིག་པ་ལས། དེ་ལ་རེ་ཞིག་དངོས་པོ་ནི། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་ཀྱིས་ཡོད་ལ། ཡང་སྐྱེ་བར་བརྟག་པ་དོན་མེད་དུ་འགྱུར་བའི་ཕྱིར་དང༌། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་པ་དེ་ལས་གཞན་སྟོན་རྒྱུ་མེད་ཅེས་བཤད་པ་ཡང་རྒྱུ་མཚན་ཡང་དག་ཏུ་མི་འགྲོ་སྟེ། ཚིག་གསལ་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲང་བ། སློབ་དཔོན་སངས་རྒྱས་བསྐྱངས་ལ། གླགས་དང་བཅས་པའི་ཚིག་གསུངས་པ་ཉིད་ག་ལ་ཡོད། ཅེས་པའི་རྗེས་སུ་འབྲང་སའི་ཀླུ་སྒྲུབ་ཀྱི་ལུགས་ནི། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་འཇོག་དགོས་པ་མ་གཏོགས་ཁྱོད་ཀྱི་འདོད་པ་ལྟར་གྱི་ཀླུ་སྒྲུབ་ཀྱི་གཞུང་ཞིག་དང་། དེའི་རྗེས་འབྲང་གི་གཞུང་གཞན་ཞིག །གཞན་དེའི་རྗེས་སུ་འབྲང་མཁན་གཞན་ཞིག་སྟོན་རྒྱུ་ཡོད་མེད་བཙལ་ན་ངལ་བ་དོན་མེད་ཡིན་པའི་ཕྱིར།  

      གཞན་ཡང་། སངས་རྒྱས་བསྐྱངས་ཀྱི་འགྲེལ་པར། དེ་ལ་རེ་ཞིག་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་པའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར། ཞེས་པ་དེ། ག་ལས་འཇིགས་མེད་ཀྱི། དེ་ལ་རེ་ཞིག་དངོས་པོ་ནི། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་ཀྱིས་ཡོད་ལ། ཡང་སྐྱེ་བར་བརྟག་པ་དོན་མེད་དུ་འགྱུར་བའི་ཕྱིར་དང༌། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་པའི་རྗེས་སུ་འབྲང་ན་སངས་རྒྱས་བསྐྱངས་དཔེ་བཤུས་རིང་ལུགས་པ་ལྟ་བུར་མི་འགྱུར་རམ་སོམས་ཤིག །

     གཉིས་པ་དགག་པ་དེ་དག་མི་འགྲོ་བར་བསྟན་པ་ནི། དགག་པ་དེ་དག་ནི་མཐོང་བ་ཙམ་གྱིས་རང་གི་མཚང་སྒྲོག་པ་ཡིན་ཏེ། འདི་ལྟར། རྗེ་བླ་མ་ཙོང་ཁ་པས། རྩ་ཤེས་ཊཱིཀ་ཆེན་ལས། དེས་ན། འགྱུར་རྙིང་ལས་རྐང་པ་དྲུག་པོ་དེ་དང་དེའི་མཇུག་ཏུ། འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་རྐང་པ་བརྒྱད་གཞུང་གི་ཁྲོད་དུ་བྲིས་པ་ནི་མི་ལེགས་ཏེ། ཞེས་གསུངས་པ་ལ། ཁྱོད་ཀྱིས་དེ་ལས་བཟློག་ཏུ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་པ་གཞིར་བཟུང་ནས་དེ་རྩ་ཚིག་ཏུ་ཡོད་པ་དང་། དེ་མེད་ན་རྩ་ཤེས་ལ་ཚིགས་བཅད་བཞི་བརྒྱ་ཞེ་དགུ་མི་ལོངས་པ་དང་། ཡང་། བུདྡྷ་པཱ་ལི་ཏ་དང་། ཤེས་རབ་སྒྲོན་མ་དང་། དེའི་འགྲེལ་བཤད། དབུ་མ་ཚིག་གསལ་རྣམས་སུ་ཚིག་རྐང་དེ་གཉིས་ལ་བཤད་པ་གནང་ཡོད་ཟེར་ནས་རྗེ་ཙོང་ཁ་པ་ལ་སྐྱོན་བརྗོད་བྱས་འདུག་ཀྱང། སྐྱོན་དུ་འགྲོ་མིན་ནི། འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་པ་དང་། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་པ་གཉིས་ཀྱི་ཁྱད་པར་ཕྱེས་ཤིག་དང་། ད་གཟོད་ས་འདི་ས་ངོ་མ་ཤེས་ན་ཡང་ང་འདྲ་ང་ངོ་ཤེས་པ་ཞིག་ཡོང་ངོ་། ། དེ་ལ་སྐབས་འདིའི་འདོད་ཆགས་ནི་འདོད་ཆགས་དངོས་དང་། ཆགས་པ་ལ་ཡང་ཞེས་པའི་ཆགས་པ་ནི་རྣམ་རྟོག་གམ་གང་ཟག་ལྟ་བུ་ལ་བཞག་དགོས་པས། འདོད་ཆགས་ལ་ཡང་ཞེས་པ་དང་ཆགས་པ་ལ་ཡང་ཞེས་པ་གཉིས་ཀྱི་ཁྱད་པར་ཤར་ནུབ་ལྟ་བུར་ཡོད་པ་ཤེས་ཤིག་དང་། ཁྱོད་ཀྱིས་རྗེ་བླ་མའི་བཞེད་པ་འགོག་པའི་དགག་པ་དང་པོ་ནས་ལྔ་པའི་བར་ཐམས་ཅད་ཤོག་གུས་བཟོས་པའི་ཚོན་བཞིན་དུ་གོ་བར་ནུས་སོ།།

     དགག་པ་དྲུག་པ་ཡང་མི་འཐད་དེ། བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ། །དེ་དེ་བཞིན་དེ། ཇི་སྐད་ཁྱོད་ཀྱིས་བཤད་པ་དེ་བཞིན་ནོ། །ཞེས་སོགས་ནི། བཅོམ་ལྡན་འདས་ཀྱིས་རང་གི་སློབ་མ་ལ་བདེན་ཁ་གནང་བ་ཙམ་ཡིན་པས། འདི་དང་སྔ་མ་གཉིས་ལ་མཚུངས་ཚུལ་གཏན་ནས་མེད་པའི་ཕྱིར། འདི་མཚུངས་ན། ཟླ་བས་ཀྱང་རང་གི་ལྟ་གྲུབ་བསྟན་པའི་ཆེད་ལེགས་ལྡན་གྱི་ལུང་དྲངས་ཡོད་པར་ཐལ། ཚིག་གསལ་ལས། སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་བྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །ཞེས་པའི་སྐབས་སུ་ལེགས་ལྡན་ལ་བདེན་ཁ་གནང་བའི་ཕྱིར། དེས་ན། བླ་མས་རང་གི་ལྟ་གྲུབ་བསྟན་པའི་ཆེད་རང་གི་བླ་མ་མིན་པའི་སློབ་མ་ཡིན་པ་ཞིག་གི་ལུང་དྲང་ན་མི་འཐད་པ་ཡིན་པས། འདི་དང་བཅོམ་ལྡན་འདས་ཀྱིས་རང་གི་སློབ་མར་ལེགས་སོ་བྱིན་པ་གཉིས་གཏན་མི་འདྲའོ། །

     ཡང་། སློབ་དཔོན་དཀོན་མཆོག་འབངས་དང་ཕྱོགས་གླང་། སློབ་དཔོན་འདུས་བཟང་དང་དབྱིག་གཉེན་རྣམས་ཀྱིས་གཞུང་ཕན་ཚུན་གྱི་འགྲེལ་བ་མཛད་རེས་བྱས་ཟེར་བ་གསུང་འགའ་རེ་ན་སྣང་ཡང་། ལོ་རྒྱུས་ཁག་ཏུ་སློབ་དཔོན་དབྱིག་གཉེན་དང་འདུས་བཟང་གཉིས་ལ་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་དང་མེད་པར་འདོད་པའི་ལུགས་གཉིས་དང་། འདུས་བཟང་དབྱིག་གཉེན་ལས་དགུང་ན་ཆུང་བར་འདོད་པ་དང་། འདུས་བཟང་གིས་དབྱིག་གཉེན་ལ་རྒན་པོ་འབོད་པ་དང་། སློབ་དཔོན་འབོད་འདུག་པའི་གཞུང་འགའ་རེ་སྣང་ཡང་ཡིད་བརྟན་མེད་མེད། 

     གལ་སྲིད་དེ་དག་གིས་གཞུང་ཕན་ཚན་གྱི་འགྲེལ་པ་མཛད་རེས་བྱས་ཟེར་བ་དོན་ལ་གནས་ན་ཡང་རང་གི་ལྟ་གྲུབ་བསྟན་པའི་ཆེད་ཡིན་པའི་ངེས་པ་གང་ཡང་མེད་ལ། རང་གི་ལྟ་གྲུབ་བསྟན་ཆེད་དུ་ཡིན་ན་ནི་ཕན་ཚན་བླ་སློབ་གཉིས་ཀ་ཡིན་པ་ལས་འོས་མེད་པས། དེ་ལ་འགྲེལ་པ་མཛད་རེས་དང་ལུང་འདྲེན་གནང་རེས་བྱས་ན་སྐྱོན་ཅི་ཡང་མེད་མོད། ཀླུ་སྒྲུབ་ནི་འཕགས་པ་ལྷའི་བླ་མ་དང་འཕགས་པ་ལྷ་ནི་ཀླུ་སྒྲུབ་ཀྱི་སློབ་མ་ཁོ་ན་ཡིན་པས་ཀླུ་སྒྲུབ་ཀྱིས་འཕགས་པ་ལྷའི་ལུང་འདྲེན་པ་ནི་མི་རིགས་པ་ཆེན་པོའོ། །

     ཡང་། བཙུན་པ་ནི། དམན་པའམ་འདྲ་མཉམ་གྱི་ཚིག་ཏུ་བཀོལ་བ་ཡིན་ཟེར་བ་ཡང་མི་འཐད་དེ། སྤྱིར་བཙུན་པ་ཞེས་པ་དང་། གནས་བརྟན་ཞེས་པ་དང་། སློབ་དཔོན་ཞེས་པའི་ཚིག་དེ་རྣམས་རྒན་པ་ལ་འབོད་པའི་ཚིག་དང་། ཚེ་དང་ལྡན་པ་ཞེས་པ་འདི་གཞོན་པ་ལ་འབོད་པའི་ཚིག་ཡིན་པ་ཡང་། སློབ་དཔོན་ཤཱཀྱ་འོད་ཀྱི་འདུལ་བ་སུམ་བརྒྱ་པར། རྒན་ལ་བཙུན་པའི་ཉེ་བའི་ཚིག་གིས་བརྗོད། །གཞོན་ལའང་ཚེ་དང་ལྡན་པའི་ཉེ་ཚིག་གིས། །ཞེས་གསུངས་པ་དང་། འདུལ་གཞུང་གཞན་རྣམས་སུ་བཙུན་པ་ཞེས་པ་འདི་གཞོན་པ་ལ་མི་སྦྱོར་བར་རྒྱུ་མཚན་དང་བཅས་གསུངས་པས། རྒན་པ་ལ་སྦྱོར་བའི་ཉེ་ཚིག་ཡིན་པར་གསལ་ལོ། །མ་ཟད་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ལ་བཙུན་པ་ཞེས་མང་དུ་འབྱུང་བས་ཀྱང་རྒན་པ་ལ་བྱ་དགོས་པར་གྲུབ་བོ། །དེ་བས་ན། འགྲེལ་པ་ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་ཡིན་ན། འཕགས་པ་ལྷ་ལ་བཙུན་པ་བརྗོད་དོན་མེད་པ་ཤེས་པར་བྱའོ།།

    དགག་པ་བདུན་པ་ཡང་མི་འཐད་དེ། ཤེས་རབ་སྒྲོན་མའི་དབུར། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་ཚིག་ལེའུར་བྱས་པ་དག་ཁོ་ནས། ཞེས་པ་ནས། ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱའོ།།ཞེས་པ་འདི། རྗེ་བླ་མས་སངས་རྒྱས་བསྐྱངས་སོགས་ཀྱི་འགྲེལ་པར་ག་ལས་འཇིགས་མེད་ཀྱི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས། ཞེས་པ་ལ་གནོད་བྱེད་མི་འགྲོ་བའི་ཕྱིར་ཏེ། ལུང་ཇི་ལྟ་བ་བཞིན་ཞེས་པའི་ལུང་ནི་མདོ་ལ་བྱས་པ་ཡིན་པས་མདོའི་དགོངས་པ་ཇི་ལྟར་བཞིན་དུ་རྩ་ཤེས་ཀྱི་དོན་བཤད་པར་བྱ་ཞེས་པའི་དོན་ཡིན་པའི་ཕྱིར། འདིར་ལུང་ཞེས་པ་མདོ་ལ་གོ་དགོས་པ་ཡང་ཤེས་སྒྲོན་ཐལ་བཟློག་ཏུ། ལུང་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།།ཞེས་འབྱུང་བའི་ཕྱིར་རོ།།ཞེས་པས་གྲུབ། རིགས་པ་འདི་དག་གིས་རྗེ་བཙུན་རེད་མདའ་བ་དང་གོ་བོ་རམས་འབྱམས་པ་རྣམ་གཉིས་ལ་སྐྱོན་བརྗོད་པ་རྣམས་ཀྱང་ཞོར་གྱིས་ཁེགས་སོ།།

    ལྔ་པ་ནི། ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་མིན་པའི་སྒྲུབ་བྱེད་ཤིན་ཏུ་མང་ཡང་ཁོ་བོས་གནད་དུ་དྲིལ་ནས་གདམས་པར་བྱ་ཡིས་རྣ་བ་བླགས་ཏེ་ཉོན་ཅིག།། དེ་རང་འགྲེལ་ཡིན་ན་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་མི་རིགས་པ་དང་། དེ་རང་འགྲེལ་ཡིན་ན་སངས་རྒྱས་བསྐྱངས་དང་ལེགས་ལྡན་ཟླ་བ་གསུམ་གྱིས་རྩ་ཤེས་ཀྱི་གཞུང་དོན་སློབ་དཔོན་དང་མི་མཐུན་པར་བཤད་པར་ཐལ་བ་དང་། ཡང་། འགྲེལ་པ་འདིས་རིགས་པ་ཕྲ་ལ་རྟོགས་དཀའ་བ་དུ་མ་ཚིགས་བཅད་ལྷུག་པར་བཏང་བ་ཙམ་ལས་ཁ་གསལ་ཅི་ཡང་བྱས་མེད་པ་དང་། སངས་རྒྱས་བསྐྱངས་སོགས་ཀྱིས་རང་འགྲེལ་དུ་མི་བཞེད་པར་སྣང་བ་དང་། རྩ་བའི་འབྲུ་སྣོན་ལ་སྐྱོན་ཆགས་པ་འགའ་ཟུང་སྣང་བ་དང་། འགྲེལ་པ་ག་ལས་འཇིགས་མེད་ཀྱི་རབ་བྱེད་ཐ་མ་ལྔ་དང་སངས་རྒྱས་བསྐྱངས་ཀྱི་འགྲེལ་པའི་རབ་བྱེད་ཐ་མ་ལྔ་གཉིས་ཚིག་དོན་གཉིས་ཆ་ནས་འགྱུར་ཁྱད་རེ་ཟུང་མ་གཏོགས་མེད་པ་དང་། རྩ་ཤེས་ཀྱི་གཞུང་མིན་པ་ཞིག་ཡིན་པར་བྱས་ནས་བཤད་པ་དང་བདུན་ཡོད་དོ། ། དེ་དག་གི་ནང་ནས་ཇི་ཙམ་བསམས་ཀྱང་ག་ལས་འཇིགས་མེད་དུ། འདོད་ཆགས་ལ་ཡང་ཆགས་པ་ནི།། ཡོད་དམ་མེད་ཀྱང་རིམ་པ་མཚུངས།། ཞེས་པའི་རྐང་པ་གཉིས་རྩ་ཚིག་ཏུ་བྱས་ནས་དེར་བཤད་པ་བྱས་པ་འདི་ཁོ་ནས་ཀྱང་ཀླུ་སྒྲུབ་ཀྱི་མིན་པར་སྒྲུབ་ཐུབ་སྟེ། གལ་ཏེ་འདོད་ཆགས་སྔ་རོལ་ན།།ཞེས་སོགས་རྐང་པ་དྲུག་གིས་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་པ་བཀག་ནས་ཆགས་པའི་སྔ་རོལ་ན་འདོད་ཆགས་ཡོད་པ་འགོག་པའང་དེ་དང་མཚུངས་པར་སྦྱོར་ཅིག་ཅེས་པ་ལ། ཆགས་པ་ལ་ཡང་འདོད་ཆགས་ནི། ། ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་གསུངས་པ་ཡིན་ལ། མཚུངས་ཚུལ་ཡང་། གལ་ཏེ་ཆགས་པའི་སྔ་རོལ་ན།། ཆགས་མེད་འདོད་ཆགས་ཡོད་ན་ནི།། དེ་ལ་བརྟེན་ནས་ཆགས་པ་ཡོད།།འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར།། འདོད་ཆགས་ཡོད་པར་མ་གྱུར་ནའང་།།ཆགས་པ་ཡོད་པར་ག་ལ་འབྱུང་།། ཞེས་འདོན་པ་བསྒྱུར་དགོས་ཞེས་པའི་དོན་ནོ།། འདོད་ཆགས་ལ་ཡང་ཆགས་པ་ནི།། ཡོད་དམ་མེད་ཀྱང་རིམ་པ་མཚུངས།། ཞེས་དང་། ཡང་། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་པ་གཉིས་ཀ་ལ་རིམ་པ་མཚུངས་ཞེས་ཟེར་ན། རྐང་པ་དང་པོ་གཉིས་ལ་སྔར་གྱི། གལ་ཏེ་འདོད་ཆགས་ཞེས་སོགས་རྐང་པ་དྲུག་གིས་གནོད་པ་དང་། རྐང་པ་སྔ་མ་གཉིས་དང་ཕྱི་མ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་གནོད་པར་འགྱུར་རོ། ། མདོར་ན། མཁན་པོ་འདིས་བྱས་པའི་དགག་པ་ལ་ད་དུང་མི་འཐད་པ་འགའ་ཞིག་འདུག་ཀྱང་རྟོག་ལྡན་གྱི་དགག་སྒྲུབ་ཀྱི་ཡུལ་མ་ཡིན་པས་བཏང་སྙོམས་སུ་བྱ་ལ། འགའ་རེས་ག་ལས་འཇིགས་མེད་དུ། རྩ་ཤེས་ཀྱི་གཞུང་མིན་པ་ཞིག་ཡིན་པར་བྱས་ནས་བཤད་པ་འདི་མ་མཐོང་བར་ད་དུང་རང་འགྲེལ་དུ་སྒྲུབ་པ་ནི་དམུས་ལོང་གིས་གླང་པོ་ཆེའི་གཟུགས་ལ་དཔྱད་པ་དང་གཉིས་སུ་མི་སྣང་ངོ་། །གོང་གི་བཀོད་པའི་རྒྱུ་མཚན་དེ་དག་ལ་ཞིབ་དཔྱོད་ལེགས་པོར་བྱས་ན་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་གྱི་རྩོད་གླེང་གི་མཇུག་དེ་བསྒྲིལ་བར་ནུས་ཀྱི། ལུང་རིགས་ལྟར་སྣང་གི་ཚོན་ཆ་ལག་ཏུ་བཟུངས་ནས་རྡོ་རྗེ་ལྟ་བུའི་སྒྲུབ་བྱེད་ལ་རྒོལ་བར་འདོད་པ་ནི་བྲག་ལ་མགོ་བོ་རྡུང་བ་དང་གཉིས་སུ་མ་མཆིས་པས་མགོ་བོ་བྲག་ལ་བརྡུངས་པས་ཅི་ཞིག་བྱ་ཨང་།

དྲུག་པ་ནི། མཁས་གྲུབ་ཆོས་ཀྱི་རྒྱལ་པོའི་ཞལ་ནས། སྡེབ་ལེགས་ཚིག་གི་སྦྱོར་བ་མི་ཤེས་ཤིང་།།རིགས་པས་གྲུབ་པའི་དོན་གྱིས་སྟོང་ན་ཡང་།།རྒྱལ་པོས་ཆད་པའི་བཅའ་ཁྲིམས་ཕབ་པ་བཞིན།།ཡི་གེའི་རྩོམ་པ་ལྷུར་ལེན་ཨེ་མ་མཚར། །ཞེས་པ་ནི་མཁན་མིང་འཛིན་པ་ཁྱོད་ལ་ཆེད་དུ་གདམས་པར་སྣང་ངོ་། །

སྨྲས་པ།

ག་ལས་འཇིགས་མེད་རང་འགྲེལ་མ་ཡིན་པའི།།ཤེས་བྱེད་ཡང་དག་བརྒྱ་ཕྲག་ཡོད་བཞིན་དུ།།

སྦས་ནས་ལུང་རིགས་ལྟར་སྣང་བཀོད་པ་ནི།།ནོར་བུ་དོར་ནས་མཆིང་བུ་ལེན་ལ་མཚུངས།།


ཞེས་པ་འདི་ནི་ཕྱི་ལོ་༢༠༢༢ལོའི་བོད་ཟླ་༢པའི་ཚེས་༡༤ཉིན་སེར་སྨད་དགེ་བཤེས་ཉི་མས་ཁྲིན་ཏུའི་གྲོང་ཁྱེར་དུ་སྦྱར་བའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ལྷ་རྒྱལ། སྤེལ་དུས:2022/4/26
ཚིག་ཉུང་ལ་གནད་འདུས་པ། ཐུགས་རྗེ་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41132048
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1