མགོན་པོ་ཀླུ་སྒྲུབ་ལ་རྒྱ་བོད་ཀྱི་མཁས་པ་སུས་དགག་པ་མཛད་དམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མགོན་པོ་ཀླུ་སྒྲུབ་ལ་རྒྱ་བོད་ཀྱི་མཁས་པ་སུས་དགག་པ་མཛད་དམ།
མགོན་པོ་ཀླུ་སྒྲུབ་ལ་རྒྱ་བོད་ཀྱི་མཁས་པ་སུས་དགག་པ་མཛད་དམ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2022/4/5ལྟ་ཀློག (25364)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མགོན་པོ་ཀླུ་སྒྲུབ་ལ་རྒྱ་བོད་ཀྱི་མཁས་པ་སུས་དགག་པ་མཛད་དམ།

_______ ཀིར་སྒར་ཕུན་ཚོགས།  མཛོད་དགེ།

༡ རྣམ་རྟོག་ཡན་པོ། 
     ཡང་དག་ལམ་དང་ཡང་དག་ལྟ་བ་རྙེད་དེ། ཡང་དག་ཆོས་ལ་རྟེན་འབྱུང་ཤེས་རབ་གཏམ་གྱི་སྨྲ་བའི་དབང་བོ་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་འགྱུར་གྱི་སྰ་ལི་ལྗང་བའི་མདོ་ལས།   དགེ་སློང་དག  སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་། །ཞེས་བཀའ་བསྩལ་བ་བཞིན་སངས་རྒྱས་མཐོང་ཞིང་ཆོས་མཐོང་བའི་སྐྱེས་བུ་མང་པོ་ལས་ཁྱད་པར་དུ་འཕགས་པ། རྒྱལ་བ་རང་ཉིད་ཀྱིས་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པ།  ཀུན་ཏུ་གྲགས་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་རྒྱ་གར་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ།  དབུ་མའི་སྲོལ་འབྱེད་ཆེན་མོ་སློབ་དཔོན་མགོན་པོ་ཀླུ་སྒྲུབ་ཞབས་ཀྱི་ལྟ་བ་དགག་པ་དང་གཞུང་འགོག་པ། ཁོང་ཕྱོགས་སྔར་བཟུང་ནས་དགག་བཞག་མཛད་མཁན་རྒྱ་བོད་ཀྱི་སྐྱེས་བུ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་མཁན་དང་ཐམས་ཅད་མ་དག་ཟག་བཅས་སུ་ཤར་བའི་མཁས་བླུན་སུས་འགོག་པ་མཛད་ཡོད་དམ་སྙམ་པའི་རྣམ་རྟོག་ཞིག་བྱུང་། 
    འདི་ལྟར་དོགས་དེ་སྨྲ་བའི་རྐྱེན་ནི་༧རྗེ་བདག་ཉིད་ཆེན་པོའི་དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་སེམས་བསྐྱེད་དྲུག་པའི་[གསུམ་པ་]དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་པ་ཞེས་པའི་སྐབས་སུ།   དེ་ཉིད་ལས། སློབ་དཔོན་དབྱིག་གཉེན་ལ་སོགས་པའི་ཆེན་པོ་རྣམས་ཀྱི་གཞུང་ན། ཀླུ་སྒྲུབ་ཀྱི་གཞུང་གི་དོན་འདི་ལྟར་འགྲེལ་པ་ཡིན་ཞེས་གསལ་བར་མི་སྣང་ཡང་། རྣམ་བཤད་རིགས་པ་ལ་སོགས་པར་དགོངས་འགྲེལ་གྱི་མདོ་ལ་བརྟེན་ནས་ཤེར་ཕྱིན་གྱི་མདོ་དྲང་དོན་དུ་འཆད་པར་མི་སྣང་བས།དེ་བཞིན་དུ་འཆད་པར་མངོན་ཏེ་འཕགས་པའི་གཞུང་འགོག་པ་ནི་མི་སྲིད་ལ།  ཞེས་གསུངས་པའི་སྐབས་སུ་འཕགས་པའི་གཞུང་འགོག་པ་ནི་མི་སྲིད་ལ་ཞེས་གསུངས་པ་ལས་འཕྲོས་ཏེ་བསམ་བློ་འདི་ལྟར་འཁོར།  འཕགས་པ་སྟེ་སློབ་དཔོན་འཕགས་པ་མགོན་པོ་ཀླུ་སྒྲུབ་ལ་ཅིའི་ཕྱིར་འགོག་པ་མི་སྲིད་པ་དང་། ཁོང་ལ་ཅིའིི་ཕྱིར་དགག་པ་མ་མཛད་པ། ཡང་ན་མཚན་ངོས་སུ་བཟུང་ནས་དགག་པ་མཛད་ཡོད་མེད། མཁས་པས་གསུང་འགྲོས་དང་གཞུང་ལ་ལ་གསུང་བའི་དགོས་པ་དང་གཞུང་གི་ཚིག་ལ་བསམ་ན་དགག་པ་མཛད་ཡོད་རྒྱུ་རེད་སྙམ་པའི་རྣམ་རྟོག་དང་། དབུ་སེམས་ཀྱི་ཤིང་རྟ་བའི་སློབ་དཔོན་གཞན་དག་ལ་དགག་པ་མ་མཛད་པ་ཡོད་དམ་སྙམ་པའི་དྲི་རྟགས་ཞིག་མཐུད་དེ་ཐོན།   དེ་ནས་ཐོག་མར་རྗེ་བདག་ཉིད་ཆེན་པོའི་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལས་གསུངས་པའི་དགོངས་པ་གང་ཡིན་བསམ་སྟེ། དེ་ནི་སློབ་དཔོན་དབྱིག་གཉེན་ལ་སོགས་པ་སེམས་ཙམ་པའི་སློབ་དཔོན་དག་དང་ཐེག་པ་ཆེན་པོའི་སློབ་དཔོན་དག་གིས་འཕགས་པའི་གཞུང་འགོག་པ་མི་སྲིད་པའི་དོན་དུ་གསུངས་པ་དཔོག།
༢ བཤད་པ་ཐེད་པོ། 
     འོ་ན་སྤྱིར། སློབ་དཔོན་མགོན་པོ་ཀླུ་སྒྲུབ་ལ་གྲུབ་མཐའ་སྨྲ་བའི་ཐེག་ཆེན་དང་ཐེག་དམན་གྱི་མཁས་པ་སུས་ཀྱང་དགག་པ་མཛད་པ་མེད་དམ་ཟེར་ན། ཡོད་སྙམ་སྟེ། ཁོང་གི་རིགས་ཚོགས་དྲུག་མཛད་པའི་རྩ་ཤེས་རབ་བྱེད་དང་པོ་རྐྱེན་ལ་བརྟག་པ་ལས་འཕྲོས་ཏེ་དོན་སྨྲ་སྡེ་གཉིས་ཀྱིས་དགག་པའམ་རྩོད་པ་བྱས་པས། ལན་དུ་རྩོད་ཟློག་གི་དབུར། གལ་ཏེ་དངོས་པོ་ཐམས་ཅད་ཀྱི།། རང་བཞིན་ཀུན་ལ་ཡོད་མིན་ན།།ཁྱེད་ཀྱི་ཚིག་ཀྱང་རང་བཞིན་མེད།། རང་བཞིན་བཟློག་པར་མི་ནུས་སོ་ཞེས་གསུངས་ཏེ་རྩོད་པའམ་དགག་པ་མཛད་པའི་ལན་དུ་རྩོད་ཟློག་གསུངས་པ་སྤྱི་སྐད་ཡིན་པས་བྱེ་མདོ་གཉིས་ཀས་དགག་པ་མཛད་ཡོད་པར་སྣང་། འོན་ཏེ་བྱེ་མདོའི་མཁས་པ་འདི་རེད་ཟེར་ནས་མཚན་ངོས་བཟུང་གཞུང་གང་ནའང་མེད་ལ། དགག་པ་མཛད་པའི་གཞུང་ཚན་ཡང་མེད་པའི་ཚོད་དུ་གདའ།  གཞན་ཐེག་ཆེན་བཀའ་སྒྲུབ་ཀྱི་སྐབས་དང་། དེ་ལས་གཞན་དུ་སློབ་དཔོན་དབྱུག་གཉེན་གྱི་རྣམ་ཐར་ལས། ཀླུ་སྒྲུབ་བདུད་ཀྱི་སྤྲུལ་བ་རེད།། ཨ་ཇོ་དེ་ཡི་རྗེས་འབྲངས་རེད།། ཅེས་པའི་གསུངས་སྲོལ་ཞིག་ཡོད་པར་བསམས་ན་སློབ་དཔོན་དབྱུག་གཉེན་གྱིས་སྐུ་ཚེ་སྟོད་དུ་དགག་ཡོད་ས་རེད། འོན་ཏེ་འགོག་ཚུལ་དང་དགག་པའི་གཞུང་མཐོང་དུ་མེད། དེས་ན། གོང་གི་དེ་དག་གི་བབས་ལ་དཔོག་ན་མགོན་པོ་ཀླུ་སྒྲུབ་དགག་པའི་མཁས་པ་བྱུང་མྱོང་བ་བསམས་རུང། མཚན་ངོས་བཟུང་ནས་དགག་མཁན་དང་འགོག་མཁན་གྱི་མཁས་པ་ལ་ངོས་འཛིན་མེད་པ། གླེགས་བམ་འདི་ལས་དགག་པ་ངོས་སུ་མཛད་ཡོད་ཅེས་ཇོ་མོ་གླང་མ་བཞིན་སྟོན་རྒྱུ་མེད་པ་ནི་བོད་དུ་མ་འགྱུར་བའི་རྒྱ་གར་གྱི་བསྟན་བཅོས་མང་པོ་ཡོད་པས་རེད་དམ་སྙམ།  གཞན་དུ་ན་མེད་པ་ལ་རྒྱུ་མཚན་དཀའོ།། 

     དབུ་སེམས་ཀྱི་ཤིང་རྟ་བའི་སློབ་དཔོན་གཞན་དག་ལ་དགག་བཞག་དང་ཕན་ཚུན་དགག་བཞག་བྱས་ཡོད་དེ། དཔེར་ན།  དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པའི་སློབ་དཔོན་རྣམས་འགོག་པ་མཛད་པ་ནི་་་དབུ་མའི་ཐལ་བཟློག་གི་སྐབས་སུ་ཐལ་འགྱུར་བའི་སློབ་དཔོན་སངས་རྒྱས་བསྐྱངས། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དགག   དེ་སློབ་དཔོན་ཟླ་བ་གྲགས་པས་དགག་པ་སོགས་ཐལ་བཟློག་སྐབས་གསལ་བ་ལྟར་དང་། དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་ནའང་བཙུན་པ་སངས་རྒྱས་དབྱངས་ཀྱིས་ཕྱི་དོན་བདེན་གྲུབ་ཏུ་ཐག་བཅད་པ་དེ་ཡང་སློབ་དཔོན་ཐོགས་མེད་ཀྱིས་རྫུན་ཏུ་བཏང་། སླར་འཕགས་པ་ཐོགས་མེད་ཡང་དབུ་མའི་སློབ་དཔོན་དག་གིས་དགག་པའི་བཤད་འགྲོས་དང་། གཞན་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བའི་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་ལྔ་པ་བརྩམས་པར་བྱ་སྟེ་ཞེས་པའི་སྐབས་སུ།  རང་གི་ལུགས་ཀྱི་ང་རྒྱལ་གྱིས། ཞེས་པ་ནས་་ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་ངོ་ཚ་དང་ཁྲེལ་མེེད་པ་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་པར་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། ཞེས་ཚིག་རྩུབ་མོ་དང་བཅས་དགག་པར་མཛད།  གཞན། རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཡང་་་་ཆ་པ་དང་རྩེགས་དབང་ཕྱུག་སེང་གེ་གཉིས་ཀྱིས་དགག་པར་མཛད་པ། སྤྱོད་འཇུག་ནས་ཚོར་བས་རྐྱེན་གྱིས་སྲེད་པ་ཡོད་པ་འདོད་པའི་ལུགས་དགག་པ་དབུ་མ་དགོངས་པ་རབ་གསལ་ལས་དངོས་སུ་གསལ་བ་དེའོ།།  གཞན་དུ་ཐེག་ཆེན་གྱི་སློབ་དཔོན་དག་ལས་ཨརྱ་དེ་བའམ་འཕགས་པ་ལྷ་ནི་མཚན་ངོས་སུ་བཟུང་ནས་དགག་པ་དང་འགོག་པའི་གཞུང་ཡང་དཀོན་དུ་གདའ་བར་སྨྲ།  སློབ་དཔོན་རྟ་དབྱངས་དང་རྩོད་པའི་དགག་བཞག་བྱས་པའི་རྣམ་ཐར་ཙམ་ལས་སློབ་དཔོན་གཞན་དག་དང་འདྲ་བར་གཞུང་མཛད་ནས་འགོག་མཁན་ཡང་མ་བྱུང་ངམ་སྙམ་པའི་དྲི་བ་དང་རྣམ་རྟོག་བྱུང་བ་ཙམ་ལས། མཁས་པའི་གྲངས་འདྲེན་ཙམ་དང་དཔེ་ཆ་ཉོ་ནས་བརྩེགས་རྒྱུར་དགའ་བ་ལས་དཔེ་ཀློག་མེད་ཀྱང་གཞུང་ཆེན་མོར་གོ་བ་མེད་པའི་ཁོ་བོའི་ནི་མཐོང་ཐོས་ལས་འགོང་བས་དཔྱོད་ལྡན་དག་ལ་ཤུབ་ཤུབ་ཏུ་སྨྲས་པ་ཙམ་མོ། །

༣ བླ་གབ་མེད་པའི་ཟུར་འཕྲོས།
     ལར་གྲུབ་མཐའ་སྨྲ་བའི་གྲས་སུ་མགོན་པོ་ཀླུ་སྒྲུབ་འགོག་མཁན་ཞིག་ཡོད་ན་ནི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ལས་ཐེག་ཆེན་པ་ཞིག་མེད་པར་སྣང་། རྒྱུ་མཚན།  གོང་དུ་རྗེ་བདག་ཉིད་ཆེན་པོའི་འཇུག་ཊྰིཀ་ཆེན་མོ་དྲངས་པ་དང་གཅིག། གཉིས་ནས་ཁོང་གཞུང་ཕྱི་མོའི་དབུ་མ་བར་སྨྲ་ཚུལ་དང་། གསུམ་ནས་ཁོང་གིས་མཛད་པའི་གཞུང་སྒྲ་སོར་ཇི་བཞིན་ཁས་ལེན་བཟོད་དཀའ་བའི་ཐེག་པ་ཆེན་པོ་ཚོས་དྲང་དོན་ནམ་དགོངས་པ་གཞན་དུ་འདྲེན་པར་མཛད་པ་ལས་དགག་པ་མཛད་པའི་གླེགས་བམ་དང་སྐད་རྣ་བ་ལས་རིང་དུ་གྱུར་རོ།། གོང་དུ་སྨྲས་ཏེ། ཕྱོགས་གཅིག་ནས་སློབ་དཔོན་དབྱུག་གཉེན་གྱིས་སྐུ་ཚེ་སྟོད་དུ་ཁས་མ་བླང་བའི་སྐད་ཆ་ཙམ་ལས་དགག་པ་མཛད་པའི་གཞུང་མེད་སྙམ།   གཞན་དུ་རྩ་ཤེས་རབ་བྱེད་དང་པོ་ལས་འཕྲོས་པའི་རྩོད་ཟློག་ཡང་་་དོན་སྨྲ་སྡེ་གཉིས་ཀྱིས་དངོས་སུ་དགག་པ་མཛད་པ་མ་ཡིན་པར་དེ་གཉིས་ཀྱི་ལྟ་གྲུབ་གཞིར་བཅས་འདི་ལྟར་སྨྲ་ན་འདིའོ་ཞེས་གསུངས་པ་ལས་རྒོལ་བ་དངོས་སུ་བྱུང་བ་མ་ཡིན་ཞེས་ལབ་ན་ཆོག་མིན་ཡང་དྲི་བ་ཞིག་ཏུ་སེམས།  སྤྱིར་ན་མདོ་སྡེ་བའི་རང་གཞུང་ངམ་ལུགས་བསྟན་ལ་ཕབ་པའི་སྔོན་མཛད་དཔེ་ཆ་ཞིག་མཛོད་རང་འགྲེལ་གྱི་གནས་དགུ་བ་ལས་ལོགས་སུ་ལེབ་ལེབ་ཞིག་འཇོག་རྒྱུ་དཀའ་བའི་ཚོད་དུ་སྨྲ་བ་ཐོས་མྱོང་།  ཐེག་དམན་གྱི་སློབ་དཔོན་རྣམས་ལས་ཀླུ་སྒྲུབ་དགག་མཁན་ཡོད་པ་སྣང་ཡང་བོད་དུ་མ་འགྱུར་བས་རི་བཞིན་བསྟན་དུ་དཀའོ།།  ས་རྙིང་བོན་གྱི་གཞུང་ན་ཡོད་མེད་སྐབས་གཞན་དུ་བཙལ་བར་བྱའོ།།
མདོར་ན་དཔལ་ལྡན་ཟླ་བ་གྲགས་པས་་་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།། ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ།།  ཞེས་པ་དང་། ཉི་མ་ནི་སྤྲིན་དང་སྨུག་པས་སྒྲིབ་པ་ཡོད་དེ་ཉི་མ་ནི་དུས་རྟག་ཏུ་ཉི་མ་ཡིན་ཞེས་ཟིན་ཐོ་ཐེད་པོ་འདིའི་འབྲི་མཚམས་བཞག་པ་ཡིན། 

__ ཀིར་སྒར་ཕུན་ཚོགས་ཀྱིས་སྟོང་ལོ་ཉེར་གཉིས་ལོའི་ཟླ་གསུམ་པའི་གནམ་གཤིས་འཐིབ་ཉིན་ཞིག་ལ་རང་ཤག་ནས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41120924
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1