ཐོགས་མེད་ལུང་བསྟན་རྒྱ་ནག་འགྲེལ་ཆེན་དུ་ཡོད་མེད་ལ་དཔྱད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 29 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཐོགས་མེད་ལུང་བསྟན་རྒྱ་ནག་འགྲེལ་ཆེན་དུ་ཡོད་མེད་ལ་དཔྱད་པ།
ཐོགས་མེད་ལུང་བསྟན་རྒྱ་ནག་འགྲེལ་ཆེན་དུ་ཡོད་མེད་ལ་དཔྱད་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2022/8/31ལྟ་ཀློག (1179)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཐོགས་མེད་ལུང་བསྟན་རྒྱ་ནག་འགྲེལ་ཆེན་དུ་ཡོད་མེད་ལ་དཔྱད་པ།


ལི་ཐང་རབ་གསལ།


བགྲང་བྱ་དུ་མར་ཚིག་རྐང་གཉིས་ཀྱི་དོན། །
རྒྱ་བོད་གཞུང་ལུགས་མཚོ་ཆེན་བསྲུབས་པ་ལས། །
སྙིང་བཅུད་བདུད་རྩིའི་བྲོ་བ་མཁས་མང་ལ། །
སྡེབ་ལེགས་སོར་མོས་འབུལ་བ་སྔོན་འགྲོའི་གཏམ། །
     ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་པའི་ཚིག་རྐང་གཉིས་པོ་དེ་ཀུན་མཁྱེན་ཆེན་མོ་འཇམ་དབྱངས་བཞད་པས་གྲུབ་མཐའ་ཆེན་མོར་དྲངས་པ་ན་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །ཞེས་དྲངས་ཡོད། དེ་ལ་དཔལ་ལྡན་ཆོས་རྗེས་ཚིག་རྐང་དང་པོ་གཉིས་འཇམ་དཔལ་རྩ་རྒྱུད་ན་མེད་པ་དང་། རྗེ་ཡབ་སྲས་ཀྱི་གཞུང་གང་དུ་ཡང་དྲངས་མེད་པ་དང་། རྒྱ་ནག་འགྲེལ་ཆེན་དུ་དྲངས་ཀྱང་ཁུངས་མི་ཐུབ་པ་དང་། དུས་འཁོར་འགྲེལ་ཆེན་དང་འགལ་བའི་དོགས་པ་བཞི་བཀོད་པ་དང་། ཕྱིས་ཀྱི་ཁ་ཅིག་གིས་དགོངས་འགྲེལ་འགྲེལ་ཆེན་དུ་ཡང་རྒྱུད་ཚིག་དེ་གཉིས་གཏན་ནས་དྲངས་མེད་པས་འཇམ་དབྱངས་བཞད་པས་རྒྱུད་ཚིག་གསར་བཟོ་བྱས་པ་ཡིན་མིན་གྱི་དོགས་པ་ཆེན་པོ་བྱེད་བཞིན་འདུག །དེ་ལ་རིམ་པ་བཞིན་དུ་ལན་གདབ་པར་བྱ་སྟེ། དང་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ལྕང་སྐྱ་རོལ་བའི་རྡོ་རྗེས་དེ་ལྟར་དྲངས་ཡོད་ཀྱང་འཇམ་དཔལ་རྩ་རྒྱུད་དང་དགོངས་འགྲེལ་འགྲེལ་ཆེན་ན་ཡོད་པ་དངོས་སུ་གཟིགས་ནས་དྲངས་པ་མིན་པར་བུ་སྟོན་ཐམས་ཅད་མཁྱེན་པའི་བུ་སྟོན་ཆོས་འབྱུང་དུ་དྲངས་པ་གཞིར་བཞག་ནས་དྲངས་པ་ཡིན་ཏེ། བོད་སྔ་ཕྱིའི་མཁས་པ་ཕལ་ཆེར་གྱིས་ལུང་ཁུངས་འདྲེན་པ་ན་བུ་སྟོན་གཞིར་བཞག་བྱས་ནས་འདྲེན་པ་ཆེས་མང་བ་དང་། འདིའི་ཐད་དུ་བུ་སྟོན་ཆོས་འབྱུང་ལས་འདི་ལྟར་གསུངས་སྟེ། ཆོས་འབྱུང་ལས། ང་ནི་མྱ་ངན་འདས་འོག་ཏུ།  །ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་ཟེར་བ་ནི་རྒྱུད་ན་མེད་དོ། །འོན་ཀྱང་རྒྱའི་སློབ་དཔོན་རྫོགས་གསལ་གྱིས་དགོངས་འགྲེལ་གྱི་འགྲེལ་པར་བྲིས་པའོ། །ཞེས་གསུངས་པ་ཁུངས་སུ་བྱས་ནས་ཀུན་མཁྱེན་དང་ལྕང་སྐྱ་རིན་པོ་ཆེས་གསུངས་པ་ཡིན་ཏེ། ལྕང་སྐྱའི་གྲུབ་མཐར་ཁུངས་འདྲེན་ལུགས་ཀྱིས་ཀྱང་གསལ་བོར་ཤེས་ནུས་སོ། །

     འོ་ན་ལུང་དེ་རྒྱ་ནག་འགྲེལ་ཆེན་དུ་ཡོད་དམ་ཞེ་ན།ཝེན་ཚེག་གིས་མཛད་པའི་བསྟན་འགྱུར་ཁྲོད་ན་བཞུགས་པའི་རྒྱ་ནག་འགྲེལ་ཆེན་གྱི་ནང་དུ་མེད་དེ། ང་རང་ཉིད་ཀྱིས་ལན་གསུམ་བཀླགས་ཀྱང་མ་རྙེད་པ་དང་།  རྒྱ་ནག་འགྲེལ་ཆེན་ལ་ཐུགས་རྒྱུས་ཧ་ཅང་ཆེ་བའི་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀུན་གཞི་རྒྱ་ཆེར་འགྲེལ་དུ་རྒྱ་ནག་འགྲེལ་ཆེན་གྱི་རང་གཞུང་སངས་རྒྱས་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་བྱམས་མགོན་དང་ཐོགས་མེད་དབྱིག་གཉེན་བྱོན་པའི་ལུང་ཞིག་དྲངས་པ་ལས་འཇམ་དཔལ་རྩ་རྒྱུད་ཀྱི་ཚིག་རྐང་དེ་གཉིས་ཡོད་པའི་སྐོར་ཟུར་ཙམ་ཡང་མ་གསུངས་པས་ཀྱང་ཤེས་པར་ནུས་སོ། །འོ་ན་བུ་སྟོན་ཐམས་ཅད་མཁྱེན་པས་ལུང་ཚིག་དེ་གཉིས་གང་ནས་འཁྱེར་ཡོང་བ་ཡིན། ཡང་ན་རང་བཟོ་བྱས་པ་ཡིན་ནམ་ཞེ་ན། རང་བཟོ་ནི་གཏན་ནས་མིན་ཏེ། རྒྱ་ནག་འགྲེལ་ཆེན་ལ་ཝེན་ཚེག་གིས་མཛད་པས་བམ་པོ་བདུན་ཅུ་རྩ་བཞི་བ་དང་། རྒྱ་ནག་གི་སློབ་དཔོན་རྫོགས་གསལ་གྱིས་མཛད་པས་བམ་པོ་བདུན་ཅུ་རྩ་ལྔ་བ་གཉིས་ཡོད་པ་ལས་ཕྱི་མར་གསུངས་པར་བུ་སྟོན་རང་ཉིད་ཀྱིས་གསལ་བར་གསུངས་པ་གོང་དུ་དྲངས་པ་དེའོ། །

     འོ་ན་དེ་འདྲའི་མི་འདྲ་བ་གཉིས་ཡོད་པའི་ཁུངས་ཅི་ཡོད་ཅེ་ན། བུ་སྟོན་ཆོས་འབྱུང་ལས། དགོངས་འགྲེལ་གྱི་འགྲེལ་པ་རྒྱའི་མཁན་པོ་ཝེན་ཚེག་གིས་མཛད་པ་བམ་པོ་བདུན་ཅུ་རྩ་བཞི་འགོས་ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་པ། ཞེས་པ་ནས། དགོངས་འགྲེལ་གྱི་འགྲེལ་ཆེན་རྒྱ་ནག་གི་སློབ་དཔོན་རྫོགས་གསལ་གྱིས་བྱས་པ་བམ་པོ་བདུན་ཅུ་རྩ་ལྔ་པ་འདི་ཝེན་ཚེག་གིས་མཛད་པ་དང་གཅིག་མི་གཅིག་དཔྱད། ཅེས་གསུངས་པས་ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་པ་ཡོད་མེད་དང་བམ་གྲངས་མང་ཉུང་ཡོད་པས་དེ་གཉིས་གཅིག་ཡིན་མིན་དཔྱད་དགོས་པ་འདྲའོ། །དེས་ན་ཚིག་རྐང་དེ་གཉིས་བོད་འགྱུར་འཇམ་དཔལ་རྩ་རྒྱུད་དང་ཝེན་ཚེག་གིས་མཛད་པའི་བསྟན་འགྱུར་ཁྲོད་ཀྱི་རྒྱ་ནག་འགྲེལ་ཆེན་དུ་གཏན་ནས་མེད་པས་རྗེ་ཙོང་ཁ་པ་ཡབ་སྲས་ཀྱིགཞུང་གང་ཡང་དྲངས་པ་མེད་པའི་རྒྱུ་མཚན་དེ་ཡིན་ལ། མ་རིག་ན་བུ་ལ་དྲིས།མ་གོ་ན་རྗེ་ལ་དྲིས་ཟེར་བའི་དཔེ་ལྟར་གཞུང་ལུགས་རབ་འབྱམས་ལ་ནང་བྱན་ཆུབ་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པས་བུ་སྟོན་ཆོས་འབྱུང་དུ་དྲངས་པ་དེ་གཟིགས་ནས་གྲུབ་མཐའ་ཆེན་མོར་རྒྱ་ནག་འགྲེལ་ཆེན་དུ་འཇམ་དཔལ་རྩ་རྒྱུད་དྲངས་པ་ལས་ཞེས་ལུང་འདྲེན་མཛད་པ་ཡིན་པར་གདོན་མི་ཟའོ། །འོ་ན་དཔལ་ལྡན་ཆོས་རྗེའི་གྲུབ་མཐའ་ཆེན་མོའི་མཆན་ལས།དགོངས་འགྲེལ་འགྲེལ་ཆེན་དུ་གཞུང་འདི་དྲངས་ནས་སློབ་དཔོན་ཐོགས་མེད་ལོ་དགུ་བརྒྱ་ལོན་པའི་ཚེ་བྱོན་པའི་བཤད་པ་བྱས་ཀྱང་འགྲེལ་ཆེན་དེའི་བཤད་པ་ཐམས་ཅད་ཚིག་ཟིན་ལྟར་ཁས་ལེན་དགོས་པའི་ངེས་པ་མེད་དེ། ཞེས་རྒྱ་ནག་འགྲེལ་ཆེན་དུ་ཚིག་རྐང་དེ་གཉིས་དངོས་སུ་དྲངས་ནས་ཐོགས་མེད་དགུ་བརྒྱ་ན་བྱོན་པའི་ཤེས་བྱེད་བྱས་པར་གསལ་བོར་གསུངས་པའི་ཕྱིར་ཞེ་ན། དཔལ་ལྡན་ཆོས་རྗེས། ལུང་དེ་རྒྱ་ནག་འགྲེལ་ཆེན་དུ་དངོས་སུ་དྲངས་པ་མཇལ་བ་དང་དགུ་བརྒྱ་ལོན་པའི་དུས་སུ་བྱོན་པའི་ཤེས་བྱེད་དུ་དྲངས་པར་བཤད་ཀྱང་། དེ་ནི་མཁས་པ་ཆེན་པོས་མཉམ་པར་མ་བཞག་པར་བལྟ་རྒྱ་ཆེན་པོ་ཡོད་མདོག་གི་རྫུན་ཆེན་པོ་ཞིག་བཤད་པ་འདྲ་སྟེ།  ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱིས་རྒྱ་ནག་འགྲེལ་ཆེན་དུ་འཇམ་དཔལ་རྩ་རྒྱུད་དྲངས་པ་ལས་གསུངས་པ་ལ་བརྟེན་ནས་བསྟན་འགྱུར་ཁྲོད་ཀྱི་རྒྱ་ནག་འགྲེལ་ཆེན་མ་གཟིགས་པར་རྒྱ་ནག་འགྲེལ་ཆེན་དུ་ཡོད་གཞིར་བཞག་བྱས་ནས་བལྟ་རྒྱ་ཆེན་པོ་ཡོད་མདོག་གིས་རྒྱ་ནག་འགྲེལ་ཆེན་ལ་དགག་པ་བརྒྱབ་པ་འདྲ་སྟེ།གྲུབ་མཐའ་ཆེན་མོའི་མཆན་ལས། འགྲེལ་ཆེན་དེའི་བཤད་པ་ཐམས་ཅད་ཚིག་ཟིན་ལྟར་ཁས་ལེན་དགོས་པའི་ངེས་པ་མེད་དེ། དཔེར་ན་དེར་འཕགས་པ་ཀླུ་སྒྲུབ་སྟོན་པ་འདས་ནས་ལོ་ཉིས་བརྒྱ་ལོན་པ་ན་བྱོན་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་རྗེ་བཙུན་བྱམས་པས་མཛད་པར་བཤད་པ་ལྟ་བུ་དེ་ཡིན་པའི་ཕྱིར། ཞེས་བཤད་པ་གཉིས་བཀོད་པ་ཡོངས་གྲགས་ཀྱི་ཁ་ནང་ལ་ཡོད་པ་ཝེན་ཚེག་གིས་མཛད་པའི་བསྟན་འགྱུར་ཁྲོད་ཀྱི་འགྲེལ་ཆེན་དུ་ཡོད་པ་དེ་རང་ལས་གཞན་རྫོགས་གསལ་གྱིས་མཛད་པའི་རྒྱ་ནག་འགྲེལ་ཆེན་དངོས་སུ་གཟིགས་ཡོད་པའི་རྟགས་ཅུང་ཟད་ཀྱང་མི་སྣང་བས་སོ། །འོན་ཀྱང་བུ་སྟོན་ཐམས་ཅད་མཁྱེན་པས་གཟིགས་པའི་རྫོགས་གསལ་གྱིས་མཛད་པའི་འགྲེལ་ཆེན་བསྟན་འགྱུར་ཁྲོད་ན་མེད་པའི་འགྲེལ་ཆེན་གྱི་ཕྱག་དཔེ་དེ་ལ་དཔལ་ལྡན་ཆོས་རྗེས་གཟིགས་ནས་བཤད་པ་ཡིན་མི་སྲིད་སྙམ་ཡང་། གལ་ཏེ་ཡིན་ན་སྙིང་ནས་འགྱོད་བཤགས་བྱེད་རྒྱུ་གཞན་ལས་ཅི་ཡང་མ་མཆིས་སོ། །

སྨྲས་པ། འཕགས་བོད་གཞུང་ལུགས་སྣ་མང་གོང་བསྡུར་ནས། །དོགས་གཅོད་འདི་ཙམ་ཤེས་པའང་བླ་མའི་དྲིན། །དེའི་ཕྱིར་འདིར་འབད་དགེ་བའི་དངོས་པོ་ཀུན། །གསུམ་ལྡན་བླ་མའི་ཐུགས་དགོངས་རྫོགས་ཕྱིར་བསྔོ། །

   དཔལ་ལྡན་ཆོས་རྗེའི་གསུང་དེ་ལ་དོགས་སེལ་ཞིག་དགོས་ཞེས་ཆོས་གྲོགས་དམ་པ་དགེ་སློང་བློ་བཟང་བསམ་གཏན་དང་ཤེས་རབ་ལེགས་ལྡན་གཉིས་ཀྱིས་ཡང་ཡང་བསྐུལ་ངོར་ལི་ཐང་རབ་གསལ་དུ་འབོད་པས་༢༠༢༢  ༨  ༢༨ཉིན་བྱམས་མེ་འབྲས་སྤུངས་དགོན་ཐོས་བསམ་རྣམ་རྒྱལ་གླིང་དུ་བྲིས་པའོ།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
31125265
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1