འབའ་སྣང་གྲོལ། སྐད་ཆ་ཚིག་གསུམ་ཞུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 29 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »འབའ་སྣང་གྲོལ། སྐད་ཆ་ཚིག་གསུམ་ཞུ།
འབའ་སྣང་གྲོལ། སྐད་ཆ་ཚིག་གསུམ་ཞུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2022/9/14ལྟ་ཀློག (1529)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྐད་ཆ་ཚིག་གསུམ་ཞུ། 

འབའ་སྣང་གྲོལ།

      དད་པའི་ཕྱོགས་ནས་སྐད་ཆ་ཞིག་བཤད་ན།  སྔོན་གྱིས་དུས་སུ་དད་པ་མེད་པའི་མི་ཞིག་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རྙེད་དཀའ་ཞིང་།   དེང་ནི་དད་པ་མེད་པའི་བོད་མི་ནི་རྩྭ་ལུད་བཞིན་གང་སར་མཐོང་། དད་པ་མེད་པ་ནི་ཁོ་ཚོ་རྟོགས་པ་སད་པའི་གཟི་བརྗིད་ཉག་གཅིག་ཏུ་སྨྲ། དེས་ཕྱི་རབས་པ་མང་བོ་ཞིག་ལ་ངན་ཤུན་ཐེབས་ནས་ལམ་ལོག་པར་ལྟུང་།  སྔོན་གྱི་བོད་མི་རྣམས་ཀྱིས་དད་པ་ནི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ལྟ་བུ་དང་། ལེགས་པའི་དགེ་ཐམས་ཅད་དད་པ་རྩ་བ་བྱས་ན་འབྱུང་བའི་བསམ་ཚུལ་འཛིན།   བསམ་ཚུལ་འདི་ནི་མི་རེ་གཉིས་ཀྱི་བསམ་ཚུལ་ཙམ་མ་ཡིན་པར།  ལོ་ངོ་སྟོང་ཕྲག་མང་བོ་བརྒྱུད་དེ་ཡོང་བའི་མི་རིགས་ཤིག་གི་ཚེ་རབས་ཕྲེང་བརྒྱུད་ཀྱི་ཉམས་མྱོང་གི་བསམ་ཚུལ་ཡིན།   དེ་བས་རང་དབང་དང་ཐོབ་ཐང་གི་རེ་འབོད་སྙན་མོའི་བསླུ་བྲིད་འོག་སྙིང་ཁམས་ཆེ་བའི་བསམ་ཚུལ་སྣ་མང་དུ་གྱེས་ཤིང་།  ཐ་ན་དད་པ་དགོས་མིན་ལའང་འདྲི་རྟགས་འགོད་པའི་དུས་སྐབས་ཤིག་ཐོན་བཞིན་ཡོད་ནའང་། ང་ཚོ་མི་རབས་འདིས་རང་གི་བུ་རྒྱུད་སྐྱོང་བ་ལ།   དཔའ་མཛངས་གཉིས་ལྡན་གྱི་མེས་པོ་གོང་མ་དག་གི་སྙིང་ནོར་ལྟ་བུར་གྱུར་བའི་དད་པ་འདི་ལ་བསམ་བློ་གཏིང་ཟབ་མི་གཏོང་རང་གཏོང་ཆགས་ཡོད།    སྤྱིར་བོད་ཙམ་དུ་མ་ཟད།  དད་པ་ནི་འགྲོ་བ་མིའི་རིགས་ལ་མཚོན་ན་ཧ་ཅང་གི་གལ་ཆེན་ཞིག་ཡིན།  དད་པ་ཡིས་རྒྱུ་ནོར་གྱིས་ཚབ་བྱ་ཐབས་བྲལ་བའི་མིའི་འདོད་འདུན་མང་བོ་ཞིག་སྐོང་བར་བྱེད་ཐུབ་པར་མ་ཟད།  མིའི་རང་གཤིས་སྟེང་གི་དྲང་བདེན་མ་ཡིན་པའི་ཆ་མང་བོ་ཞིག་ལ་ཚོད་འཛིན་དང་ཡོ་བསྲང་བྱ་ཐུབ་པ་ཡིན།  དེ་བས་དད་པ་ལ་མི་ཆོས་ཀུན་སྤྱོད་དང་།  སེམས་ཁམས་སློབ་གསོ་སོགས་ཆེས་མཐོ་རིག་ཚན་གྱི་ནང་དོན་དང་ཉམས་ལེན་འདུས་ཡོད་པས།   སྔོན་གྱི་མེས་པོ་རྣམས་ཀྱི་ཡིག་ཚང་དུ།  ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ་ཞེས་མི་ཆོས་ཀྱི་ཁྲིམས་སུ་བཅོས་ཡོད་པའང་གནད་འདི་དག་ལ་འབྲེལ་ཡོད།     དོན་ངོ་མ་བཤད་ན་དད་པ་མེད་པའི་བོད་མི་ཞིག་བྱུང་བ་ནི།  རང་སྐད་མི་ཤེས་པའི་བོད་མི་ཞིག་བྱུང་བ་ལས་ཀྱང་ཚབ་ཆེ་སྟེ།    དེའི་ནང་སེམས་ཀྱི་འདུ་ཤེས་ལ་ཆེས་ཉེན་ཁ་བྱུང་ཡོད་པ་ཡིན་ནོ། །     དེ་ཡང་བོད་མི་རྣལ་མ་ཞིག་ལ་མཚོན་ན་སེམས་ན་དད་པ་ཡོད་ཟེར་བ་ཙམ་གྱིས་ཀྱང་ག་ལ་ཆོག་སྟེ།  དེ་ཙམ་ནི་མི་རིགས་གཞན་དང་གཞན་གྱིས་ཀྱང་ནུས་ཤིང་རབ་ཏུ་མང་བ་ཡིན་ན།   ང་ཚོ་བོད་མགོ་ནག་ཕྲེང་འཛིན་ཟེར་བ་ནི་དད་པ་དེ་རང་ཉིད་ཀྱི་འཚོ་བའི་ནང་དུ་ཡོངས་སུ་ཤ་འདྲེས་པག་འདྲེས་སུ་ཡོད་པ་ཞིག་ཡིན་ལ།  ཨ་མ་དང་མ་ཎི་གཉིས་མཉམ་དུ་ངོ་ཤེས་པའི་མི་རིགས་ཤིག་ཀྱང་ཡིན་པས།  མི་རིགས་གཞན་གྱིས་ང་ཚོ་ལ་རྒྱུ་འབྲས་བརྩི་བའི་མི་རིགས་སུ་འབོད་པའང་མདོར་ན་དད་པ་ཡོད་པས་ཡིན།   དེ་བས།  བོད་ཀྱི་ཕ་མ་རྣམས་ཀྱིས་རང་གི་བུ་རྒྱུད་དེ་བོད་པ་རྣམ་དག་ཅིག་ཏུ་སྐྱོང་བ་ལ། བྱིས་དུས་ནས་དད་པའི་ས་བོན་འཇོག་གང་ཐུབ་བྱས་ན་ཧ་ཅང་ལེགས་ཏེ།    བྱིས་པ་རྣམས་ནི་ཕ་མའི་བྱ་སྤྱོད་ཀྱི་རྗེས་སུ་འགྲོ་ལྡོག་ཁོ་ན་བྱེད་ཅིང་།   བྱིས་པའི་བག་ཆགས་ནི་མི་ཚེ་ཡི་ཆེས་དྭངས་གཙང་ལྷད་མེད་དང་ཆེས་ཟབ་ཤོས་ཀྱི་ཆ་དེ་ཡང་ཡིན་པས།   བོད་པའི་བུ་རྒྱུད་གཙང་མ་སྐྱོང་བ་ལ་ཆེས་མེད་ཐབས་མེད་པའི་བོད་རང་གི་སློབ་གསོའི་ཡན་ལག་གཅིག་ནི།  ཕ་མ་རྣམས་ཀྱིས་རང་གི་བྱིས་པར་གང་ཐུབ་ཅི་ཐུབ་ཀྱིས་འཚོ་བའི་ཁྲོད་ནས་དད་པའི་བག་ཆགས་འཇོག་རྒྱུ་དེ་ག་རང་ཡིན་ནོ།།   ལར་བོད་མང་ཚོགས་བྱིངས་ཀྱི་འདུ་ཤེས་དང་རིག་གནས་སྤྱིའི་སྡོམ་ཐག་དང་རྟེན་གཞི་ལྟ་བུའི་དད་པའི་སློབ་གསོ་རྒྱབ་ཏུ་འཕངས་ནས།   བོད་ཀྱི་རིག་གནས་སློབ་གསོ་དང་།  བོད་མི་རིགས་ཟེར་ནས་སྐད་ཆེན་པོ་ཇི་འདྲ་བརྒྱབ་ཀྱང་།  རྩ་བ་ཤོར་བའི་རྩེ་མོ་ཙམ་སྟེ།  སྙིང་བོས་རབ་ཏུ་དབེན་པ་ཡིན་ལ།  ཐུན་མོང་གི་འདུ་ཤེས་ཀྱི་རྟེན་གཞི་ལ་གས་ཆག་བྱུང་བས་ནི།  ང་ཚོ་ནི་རྩྭ་ཕུང་སྡོམ་ཐག་ཆད་པ་ལྟར་ཧ་ཅང་འཇིག་སླ་བ་ཡིན་ནོ། །     བོད་ཀྱི་ཕ་མ་རྣམས་ཀྱིས་མང་བོ་མི་ཤེས་ཀྱང་།  རང་གི་བུ་རྒྱུད་ཀྱི་སྟེང་ནས་གནད་འདི་ཟིན་པས།  བོད་ཀྱི་རིག་གནས་ཀྱི་གནད་འགག་གལ་ཆེན་ཞིག་རང་གི་བུ་རྒྱུད་ཀྱི་འདུ་ཤེས་སྟེང་ནས་ཟིན་ཡོད་པ་ཡིན་ལ།  ལོ་ངོ་སྟོང་ཕྲག་བརྒྱུད་པའི་མེས་པོའི་རྩ་ཆེ་བའི་འདུ་ཤེས་ཀྱི་ཁྱད་ནོར་དེ་ཡང་རང་གི་བུ་རྒྱུད་ལ་འཕྲོད་ཡོད་པ་ཡིན་པས།   བོད་པ་རྣམ་དག་ཅིག་གི་ངོས་ནས་བལྟས་ན། དད་པ་གཏིང་ཚུགས་པའི་སྦྱོར་བའི་ཚུལ་འདི་ཁོ་ནའང་གཟི་བརྗིད་དང་དོན་སྙིང་བླ་ན་འབར་བ་ཡིན་ནོ།།

     དེ་ནས་སྐད་ཡིག་ཕྱོགས་ནས་བསམ་ཚུལ་རེ་ཞུས་ན།  སྐད་ཡིག་ནི་འཛམ་གླིང་གི་མི་རིགས་མང་བོའི་ཁྲོད་རང་གི་སྐྱེ་ཁུངས་ཀྱི་གཟི་བརྗིད་མཚོན་བྱེད་ཉག་གཅིག་ཡིན་པར་མ་ཟད།  རང་ཉིད་ཀྱི་ཐོབ་ཐང་མཚོན་བྱེད་ཀྱི་བརྡ་རྟགས་གཅིག་པུ་དེ་ཡང་ཡིན་པས།   མི་སུ་ཞིག་གིས་རང་གི་སྐད་ཡིག་སྣང་མེད་དུ་འཇོག་པ་ནི། རང་གི་སྐྱེ་ཁོངས་ཀྱི་གཟི་བརྗིད་སྣང་མེད་དུ་འཇོག་པ་ཡིན་ལ།  རང་ཉིད་ཀྱི་ཐོབ་ཐང་རང་ཉིད་ཀྱིས་རྡོག་རྫིས་སུ་བཏང་བའང་ཡིན།   དེ་བས་འཛམ་གླིང་འདིར་མི་རིགས་མང་བོ་བྱུང་མྱོང་ནའང་།  རང་གི་སྐད་ཡིག་ལ་སྲོག་བཞིན་མི་བརྩི་བ་ཞིག་ཧ་ཅང་དཀོན་ལ། གལ་ཏེ་རང་གི་སྐད་ཡིག་ལ་མི་བཀུར་བའི་མི་རིགས་ཤིག་ཡིན་ཚེ།     དེའི་མདུན་ལམ་ནི་སྐྱི་གཡའ་བའི་མུན་ནག་གི་གཏིང་རིང་ཆེན་པོ་ཞིག་ཡིན་པ་ང་ཚོས་སྔོན་གྱི་ལོ་རྒྱུས་དག་ལས་བསླབ་བྱ་མཐོང་ཐུབ།  དེས་ན།   རང་གི་སྐད་དང་ཡི་གེ་རྒྱུད་འཛིན་དང་དར་སྤེལ་གནང་རྒྱུ་དེ་ནི་བོད་མི་རེ་རེར་འོས་བབས་སུ་ཡོད་པ་ཞིག་ཡིན་ལ།    རང་ཉིད་བོད་པའི་རིགས་རྒྱུད་དུ་སྐྱེས་པ་ཞིག་ཡིན་ཕྱིན།  ལས་ཀྱིས་བགོས་པའི་སྐལ་བ་འཁྲུལ་མེད་དེའང་འདི་ག་རང་ཡིན་པས།   དེ་ལ་ཁ་གཡར་ས་དང་ཁག་འཇོག་ས་ཞིག་བཙལ་ནས་བཞའ་ཆོག་པ་ཞིག་གཏན་ནས་མིན།    ལྟོ་རྒྱབ་ཙམ་གྱི་ཆེད་དུ་མེས་པོའི་སྐད་ཡིག་བརྗེ་བོ་རྒྱག་པ་ནི་འཇིག་རྟེན་འདིར་ཆེས་ངོ་ཚ་དང་ཁྲེལ་མེད་པའི་མི་ཡིན་ལ།  ས་པཎ་གྱིས།  བཟའ་བཏུང་འབའ་ཞིག་དོན་གཉེར་བ།།  སྤུ་མེད་པ་ཡི་ཕག་པ་ཡིན་ཟེར་བའང་འདི་ལྟ་བུ་ལ་ཟེར་བ་ཡིན་ནོ།།   

 སྤྱིར་སྐད་ཡིག་ནི་རིག་གནས་ཤིག་མཚོན་བྱེད་ཀྱི་བརྡ་རྟགས་གལ་ཆེན་ཞིག་ཡིན་ལ།   མི་རིག་ཤིག་གི་རིག་གནས་ཀྱི་འཕེལ་འགྲིབ་དེ་ཐད་ཀར་མི་རིགས་དེའི་སྐད་ཡིག་ལ་འབྲེལ་བ་ཡོད།      དེ་བས་མི་རིགས་གང་དེའི་ལོ་ངོ་སྟོང་ཕྲག་མང་བོའི་གནའ་བོའི་རིག་གནས་ཀྱི་དཔལ་ཡོན་ཐམས་ཅད་ཀྱང་གཙོ་བོ་སྐད་ཡིག་བརྒྱུད་ནས་ཕྱི་རབས་པར་ཟམ་མ་ཆད་པར་རྒྱུད་སྤྲོད་གནང་བཞིན་ཡོད་ལ།  མི་རིགས་ཤིག་གི་སྐད་ཡིག་གི་བདེ་ཐང་ལ་གནད་དོན་བྱུང་བས།  མི་རིགས་དེའི་ཕྱི་རབས་པར་མཚོན་ན།  ཁོ་ཚོའི་བསམ་བློའི་སྟེང་ནས་སྔོན་གྱི་བསམ་བློའི་དཔལ་ཡོན་མང་བོ་ཞིག་གི་དྲན་པའི་རྒྱུན་ཆད་ཅིང་།  རིག་གནས་གསར་བའི་བསམ་བློའི་རྗེས་མ་ཆོད་པས།   སྐབས་དེར་ཆེས་ཉེན་ཁ་ཆེ་ཞིང་སྐྱི་གཡའ་བའི་ཚོགས་སྡེ་ཕུང་གསུམ་པ་ཞིག་གི་ངོ་བོར་ལུས་ཡོད་པར་མ་ཟད།   མི་རིགས་གང་དེའི་མདུན་ལམ་དང་རེ་བ་ནི་མུན་ནག་ཁོ་ན་ཉིད་ཡིན།      དེ་བས།   ཁ་དྲེགས་ཞན་ལ་མ་ལྟོས་པར་ང་ཚོ་བོད་མི་ཚང་མས།   རང་གི་སྐད་ཡིག་གི་ཆག་འཇིག་གནས་བབ་དང་།  ཚབ་ཆེན་རང་བཞིན་གྱི་ངོས་ཤེས་གཏིང་ནས་སད་དེ།   དཀའ་ཁག་དང་གནས་བབ་གང་ལའང་ལྟོས་པ་མེད་པར།     རང་གི་བུ་རྒྱུད་ལ་རང་གི་སྐད་ཡིག་ཡག་པོ་ཞིག་གང་ནུས་ཅི་ནུས་ཀྱིས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་དང་།  བོད་ཀྱི་ཕ་མ་རེ་རེས་ནི་མེས་པོའི་རེ་བཞག་གི་འགན་འཁྲིའི་དྲན་པ་གཏིང་ནས་ཁོལ་ཏེ།   རང་གི་སྐད་ཡིག་ནམ་ཡང་ཨང་དང་བོར་འཛིན་པའི་ཁྱིམ་སྐྱོང་སློབ་གསོའི་བདེན་པ་མཐའ་འཁྱོལ་གནང་རྒྱུ་ནི།     ལས་དང་དུས་ཀྱིས་ང་ཚོར་གནང་བའི་འོས་བབས་ཀྱི་འགན་ཉག་གཅིག་ཏུ་བསམ་སོང་ངོ་།།

     དེ་ནས་འཚོ་བ་རོལ་སྟངས་ཀྱི་ཕྱོགས་ནས་དྲན་ཚུལ་རེ་ཕུལ་ན།     བོད་མི་རིགས་ནི་མ་གཞི་ནས་རྩྭ་ཐང་གི་མི་རིགས་ཤིག་ཡིན།  མེས་པོ་དཔའ་མཛངས་དང་ལྡན་པ་རྣམས་ཀྱི་ཚེ་སྲོག་གི་རྔུལ་ཁྲག་དྲོན་མོ་དེ་རྩྭ་ཐང་ལ་བརྗེས་ཡོད།  ལོ་ངོ་སྟོང་ཕྲག་མང་བོའི་རིང་གི་རིག་གནས་ཀྱི་བསྐྱེད་ཡུམ་དེའང་རྩྭ་ཐང་ལ་བྱས་ཡོད།     དེ་བས་བོད་ཀྱི་འཚོ་བའི་རིག་གནས་ནི་རྩྭ་ཐང་དང་གཞི་གཅིག་ཏུ་འབྲེལ་ནས་ཆགས་ཡོད་པ་ཡིན་པས།   མཐའ་མེད་པའི་རྩྭ་ཐང་གིས་ང་ཚོ་ལ་ལོ་ངོ་སྟོང་ཕྲག་མང་བོར་བཙན་རྫོང་གིས་ནུས་པ་ཐོན་ཡོད།    རྒྱུ་མཚན་དེས།  མཐོ་སྒང་གི་བདག་པོ་ངོ་མ་ནི་ང་ཚོ་བོད་མི་རེ་རེ་ཡིན་ལ།  བོད་མི་རེ་རེ་ཡང་རྩྭ་ཐང་གི་མེད་ཐབས་བྲལ་བའི་གཅེས་ཕྲུག་རེ་རེ་ཡིན།  བོད་མི་རྣམས་རྩྭ་ཐང་ན་འཚོ་བས།  རྩྭ་ཐང་དེ་ཡང་དོན་དམ་པའི་མཛེས་སྡུག་ལྡན་པའི་རྩྭ་ཐང་ཡིན་ལ།  བོད་མི་རྣམས་ཀྱང་དོན་དམ་པའི་བོད་པ་རྣལ་མ་ཤ་སྟག་ཡིན།      ང་ཚོ་ལ་འཚོ་གནས་ཀྱི་སྲུང་འཁོར་ཞིག་ཡོད་ན།   དེ་ནི་ཏག་ཏག་རྩྭ་ཐང་ཡིན་ཏེ།      ང་ཚོས་རྩྭ་ཐང་ནས་འཚོ་བ་རོལ་བས།   ང་ཚོའི་འདུ་ཤེས་ལ་གཞན་གྱི་གཡའ་དྲི་ཆགས་མི་དགོས།   ང་ཚོའི་གོམས་སྲོལ་ལ་གཞན་གྱི་ལྷན་པ་རྒྱག་མི་དགོས།   ང་ཚོའི་སྐད་ཡིག་ལ་གཞན་གྱི་རྙོག་མ་བསྲེ་མི་དགོས།   ང་ཚོའི་འཚོ་གནས་ལ་གཞན་གྱི་མུག་སྐྱོབ་བསྟེན་མི་དགོས།     ཡོད་ཚད་དྭངས་གཙང་ཡིན།  རྫོགས་ལྡན་ཡིན།  ཞི་འཇམ་ཡིན།  

ནམ་ཞིག་ང་ཚོ་རྩྭ་ཐང་དང་ཁ་བྲལ་ཚེ།  དུས་དེ་ནས་བཟུང་ང་ཚོ་ལ་ཆག་འཇིག་ཐོན་པ་ཡིན་ལ།  རྩྭ་ཐང་ལའང་ཆག་འཇིག་ཐོན་པ་ཡིན།

ཕོ་རྒོད་ལགས།     ང་ཚོས་མཉམ་དུ་སླར་ཡང་རྩྭ་ཐང་དུ་བསྐལ་བའི་ཇུས་ཆེན་གྱི་ཁ་ཆད་ཅིག་ཇོག་པར།   ཁྱོད་ལ་བློ་སྤོབས་དང་མིག་རྒྱང་ཡོད་དམ།   

2022-9-13ཉིན་ཕ་ཡུལ་ནས།  


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
31124082
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1