ཆོས་པའི་མདུན་ལམ་སྐོར་གླེང་བའི་གཏམ་རྫོགས་ལྡན་བསུ་བའི་སྐྱ་རེངས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། » ཆོས་པའི་མདུན་ལམ་སྐོར་གླེང་བའི་གཏམ་རྫོགས་ལྡན་བསུ་བའི་སྐྱ་རེང
ཆོས་པའི་མདུན་ལམ་སྐོར་གླེང་བའི་གཏམ་རྫོགས་ལྡན་བསུ་བའི་སྐྱ་རེངས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/5/27ལྟ་ཀློག (14843)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ༄། ཆོས་པའི་མདུན་ལམ་སྐོར་གླེང་བའི་གཏམ་རྫོགས་ལྡན་བསུ་བའི་སྐྱ་རེངས།

  ཐེ་བོའི་དཀོན་སེང་།
ཉེ་རབས་ཀྱི་མཁས་པ་ཞིག་གིས།
              རིགས་མཐུན་མི་ཡི་འགྲོ་བའི་སེམས་ཀྱི་འོད།།
              ཕན་ཚུན་འཕྲོ་བའི་རྒྱུ་ལམ་ཉག་གཅིག་དེ།།
              ལུས་ངག་རྣམ་རིག་སྲད་པུར་ཟུང་འབྲེལ་བའི།།
              ཐ་སྙད་གློག་གི་སྐུད་པ་འདིར་མཐོང་ནས།།
    ཞེས་བཤད་པ་ལྟར། མི་སྒེར་རམ་ཚོགས་པ་དང་། ཡང་ན་རིགས་མཐུན་མི་རིགས་བར་གྱི་བསམ་ཚུལ་དང་། ལྟ་གྲུབ། རིག་གནས་གོ་རྟོགས་སོགས་ཕན་ཚུན་ལ་བརྡ་སྤྲོད་བྱེད་པའི་རྒྱུ་ལམ་ཉག་གཅིག་ནི། ཐ་སྙད་ངག་གི་རྣམ་རིག་ཕྲེང་བར་བསྟར་བ་འདི་ཡིན་ཞིང་། དེར་བརྟེན་སྔོན་ནས་ད་ལྟའི་བར་མཁས་དབང་རིམ་པར་བྱོན་པ་རྣམས་ཀྱིས་སྐུ་ཚེ་ཐོས་བསམ་གྱི་ཁྲོད་ནས་འདས་པའི་ཉམས་མྱོང་ངམ་སེམས་ཀྱི་ཚོར་སྣང་རི་མོར་ཕབ་སྟེ་ཕྱི་རབས་རྗེས་འཛིན་པ་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་དགོས་དོན་ཟུང་དང་ལྡན་པའི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་བརྩམས་མཛད་གནང་ཡོད་པས། སྔོན་བྱོན་མཁས་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན། ཞེས་གསུངས་པ་ལྟར། གུས་ཕྲན་རང་ཡང་བླ་མ་དགེ་བའི་བཤེས་གཉེན་དུ་མའི་ཞལ་མཇལ་ཏེ་དམ་པ་དེ་དག་གི་སློབ་གསོའི་བདུད་རྩི་ལ་ཡུན་རིང་ལོངས་སྤྱོད་པའི་བཀའ་དྲིན་གཞལ་བ་སྤྱི་དང་། ཁྱད་པར་རང་ཉིད་གང་ལ་ཞུགས་པའི་བོད་བརྒྱུད་ནང་ཆོས་དང་ཆོས་པའི་སྡེ་དག་ལ་དགའ་དད་དང་ལར་ཞེན་གཙང་མ་ཞིག་གིས་བསྐུལ་བར་བརྟེན། དགའ་ས་དེ་བཤད་དགོས། ན་ས་དེར་རེག་དགོས། ཞེས་པའི་དཔེ་བཞིན། སྤྱིར་འདུས་བྱས་ཀྱི་ཆོས་ཀུན་སོ་ན་མི་གནས་པར་སྐད་ཅིག་རེ་རེར་འགྱུར་ཏེ་འགྲོ་ཞིང་། ཡང་སྒོས་འགྲོ་བ་མི་ཡི་ཕྱིའི་ཀུན་སྤྱོད་དང་ནང་སེམས་ཁམས་བཅས་འགྱུར་བ་མྱུར་སྟབས་དད་པ་དང་དག་སྣང་དེ་ཡང་ཇེ་སྲབ་ནས་མེད་པར་འགྲོ་ཉེན་ཆེ་ཤས་ནང་ཆོས་དང་ཆོས་པའི་སྡེ་རྣམས་ཉེན་འཕྲང་ཞིག་ལ་བསླེབས་ཡོད་པས། རང་ཉིད་ནང་དུ་ཚུད་པའི་ཆོས་པ་སོ་སོར་བསྟན་པའི་འགན་མ་བབས་པ་སུ་ཡང་མེད་ཕྱིར། ནང་ཆོས་དང་ཆོས་པའི་མདུན་ལམ་ལ་སེམས་འཚེར་གྱི་གཏམ་གླེང་ཐུང་ངུ་ཞིག་མི་སྤེལ་ཐབས་མེད་དུ་གྱུར།
     དེས་ན་ཐོག་མར་ང་རང་ཆོས་པ་ཞིག་གི་དངོས་ནས་བལྟས་པ་ཡིན་ན། ང་ཚོ་སྟེ་དེང་གི་ཆོས་པ་རྣམས་ཁྱིམ་པ་ལྟར་ལོངས་སྤྱོད་ལ་འབད་རྐྱང་མིན་པར་གཙོ་བོ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་སློབ་སྦྱོང་བྱེད་རྒྱུ་ནི་ང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཆོས་པ་ཚོའི་ལས་འགན་ཉག་གཅིག་ཡིན་པས་ན་ངཚོའི་དེའི་ཐབས་ལམ་ག་འདྲ་བྱས་ཏེ་བརྩོན་དགོས་པར་བསམ་བློ་གཏོང་རྒྱུ་མ་གཏོགས་མི་ཚེ་འཁྱོལ་ཐབས་དང་ཉི་མ་འགྲོ་ཐབས་ཙམ་བྱས་ནས་བསྡད་ན་ང་ཚོ་སྡུག་གྱོང་རང་ཡིན་པ་ཐོག་མར་ཤེས་པ་གལ་ཆེའོ།།
     དེར་བརྟེན་རང་རང་ཚོའི་མདུན་ལམ་ལ་འོད་སྟོང་འཕྲོ་མིན་ནི་རང་ཉིད་ཁོ་ནར་ཐུག་འདུག་སྟེ། སངས་རྒྱས་ཐུགས་རྗེ་ཅན་གྱི་ཞལ་ནས། བདག་ཉིད་བདག་གི་མགོན་ཡིན་གྱི། གཞན་ནི་སུ་ཞིག་མགོན་དུ་འགྱུར།། ཞེས་གསུངས་པ་ལྟར་རོ།།
      སྤྱིར་བཏང་ང་ཚོ་གྲྭ་བ་རྣམས་དུས་ད་ལྟ་ཙམ་མིན་པར་གནའ་དུས་ནས་ཡོད་པའི་ཚོགས་པ་ཞིག་ཡིན་པར་མ་ཟད་ཚོགས་པ་ཕལ་བ་ཞིག་དང་མི་འདྲ་བར་རང་སེམས་འདུལ་སྦྱོང་བྱེད་པའི་ཚོགས་པ་ཞིག་གི་ངོ་བོར་གྲུབ་ཡོད་པ་ནི་ང་ཚོ་རབ་བྱུང་བ་ཀུན་གྱིས་ཤེས་དགོས། ཐོག་མའི་དམིགས་ཡུལ་དེ་འདྲ་ཞིག་གི་ཐོག་ནས་སྔོན་བྱོན་གྱི་སྐྱེས་བུ་དམ་པ་སོ་སོས་ང་ཚོ་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ལུང་བ་རེ་རེར་ཆོས་སྡེ་རེ་བཙུགས་པ་རེད། འདས་ཟིན་པའི་གྲྭ་བའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་པ་ཡིན་ན་བོད་ཀྱི་སྒར་དང་དགོན་པ་མང་ཤས་ཤིག་དམ་པ་དེ་དག་གི་ཐུགས་དགོངས་དང་འགལ་བར་སོང་སྟེ་རང་སེམས་འདུལ་སྦྱོང་གི་རིམ་པར་མ་འབད་པར་མི་ཚེ་གྲོང་ཆོག་ཁོ་ནས་འདས་སོང་བའང་ལོ་རྒྱུས་གྱིས་ང་ཚོར་ར་སྤྲོད་བྱས་ཡོད། འདས་དོན་ནི་འདས་དོན་རང་ཡིན་པས་དེ་ལ་ལེ་བདའ་བྱས་པས་ཕན་ཅི་ཡང་མེད་ཕྱིར་ད་ནས་བཟུང་ང་ཚོ་དགོན་སྡེ་ཀུན་གྱིས་འདས་པའི་ལམ་སྲོལ་རྐྱང་བ་ལ་ཞེན་འཛིན་མི་བྱེད་པར་དུས་རབས་འདིའི་འགྲོས་དང་མཐུན་པའི་ལམ་སྲོལ་གསར་བ་ཞིག་ཏུ་འབད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེ་ཞིག་ཡིན་པར་སེམས། དེས་ན་གཞིས་སྡོད་བོད་པའི་ཆོས་སྡེ་ཚང་མས་ནང་ཁུལ་གྱི་གྲུབ་མཐའི་ལ་རྒྱ། ཆོས་བརྒྱུད་ཀྱི་ཕྱོགས་རིས།  བླ་བརྒྱུད་ཀྱི་འཐེན་འཁྱེར་སོགས་རིང་དུ་དོར་ཏེ་བསྟན་པ་སྤྱིའི་ལ་རྒྱར་དམིགས་ཏེ་རང་རང་སོ་སོས་སེམས་རྒྱུད་འདུལ་སྦྱོང་གི་ཐབས་བླ་ན་མེད་པ་ལུང་སྡེ་སྣོད་གསུམ་ལ་འཆད་ཉན། ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱས་མཐར་རང་གཞན་སྡུག་བསྔལ་ལས་གྲོལ་བར་བྱེད་རྒྱུ་ནི་ང་ཚོ་ཆོས་པ་ཀུན་གྱི་ཕྲག་ཏུ་བབ་པའི་ལས་འགན་ཉག་གཅིག་ཡིན།   
     ས་སྐྱ་པཎ་ཆེན་གྱིས། མ་བསླབས་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་འདེན།། ཞེས་གསུངས་པ་ལྟར། རང་སེམས་འདུལ་བ་ལ་རང་སེམས་འདུལ་བའི་ཐབས་ཆ་ཚང་ལ་གོ་རིམ་མ་ནོར་བར་སྟོན་པའི་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་དོན་རྟོགས་དགོས་ལ་དེ་རྟོགས་པ་ལ་དེའི་དགོངས་དོན་མ་ནོར་གསལ་བར་སྟོན་ནུས་པའི་བཤེས་གཉེན་ཚད་ལྡན་ཞིག་གི་མདུན་ནས་འགོ་ཀ་ཁའི་སྦྱོར་ཀློག་ནས་བཟུང་མང་ཐོས་ལ་རིམ་པར་བརྩོན་པ་བྱེད་རྒྱུ་ལས་དོན་མེད་པའི་བྱ་བའི་རིགས་ལ་མགོ་བོ་གདུགས་ལྟར་འཁོར་མི་རུང་། སྙིགས་དུས་འགྲོ་བའི་མགོན་སྐྱབས་དམ་པ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་བསྟན་འཛིན་གྱི་སྐྱེས་བུ་དུ་མས་བསྟན་པ་ཟེར་བ་ནི་ཕྱིའི་འདུ་ཁང་རྫིགས་ཉམས་ཆེ་བ་ལ་མི་ཟེར། ནང་གྲྭ་བའི་ཁ་གྲངས་མང་བ་ལའང་མི་ཟེར། གཙོ་བོ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཆ་ཚང་ཞིག་ཡོད་པ་ལ་ཟེར་ཞེས་གསུངས་པ་ལྟར་ལགས་ན། དེང་སང་དགོན་སྡེ་མང་ཤོས་ཤིག་གིས་བསྟན་པ་ངོས་མ་ཟིན་པར་ནང་སེམས་ཀྱི་ཉམས་ལེན་ཕར་ཞོག་མདོ་སྔགས་རིག་གནས་དང་བཅས་པར་སློབ་པའི་དགོས་པ་ཕྱིའི་དཔལ་འབྱོར་གྱི་ཆེད་ཁོ་ནར་དམིགས་ཏེ་མཐོ་བླ་མ་ནས་དམའ་གྲྭ་རྐྱང་གི་བར་ཀུན་གྱིས་ཡུལ་སྐོར་སྤྲོ་འཁྱམས་ཀྱི་ཡོང་སྒོར་འབད་རྐྱང་བྱེད་པ་ནི་ང་ཚོ་རྒྱལ་བའི་བསྟན་པ་འདོད་ཡོད་ལོངས་སྤྱོད་ཀྱིས་འཇིག་པའི་ཆོ་འཕྲུལ་ལྟས་ངན་ཞིག་མི་འདོད་བཞིན་དུ་བསུ་བའི་སྟ་གོན་ཞིག་ཡིན་པ་མངོན་གསལ་རེད་དོ།།
      སྤྱིར་བཏང་ང་ཚོའི་དགོན་སྡེ་རྣམས་སུ་སློབ་སྦྱོང་གི་སྒྲིག་གཞིའི་རིམ་པ་ནི་སློབ་གཉེར་བའི་བློ་ཁ་དང་མི་འཚམ་པའམ་གོ་རིམ་འཛོལ་འདུག་པ་ལྟ་བུའི་སྐྱོན་ཞིག་ཕྲན་གྱིས་རྒྱུན་པར་མཐོང་གི་འདུག     སྒྲུབ་གྲྭ་ཞིག་ལ་མཚོན་ན་རང་དགོན་ལ་དར་འདུག་པའི་ཆོ་ག་ཆོས་སྤྱོད་རྣམས་བློར་ཟིན་པ། འབུད་རྡུང་དཀྲོལ་གསུམ་ལ་སྦྱོང་བ་མ་གཏོགས་དེའི་ཕན་ཆད་དབུ་ཅན་དབུ་མེད་འབྲི་སྦྱོང་སོགས་རྨང་གཞིའི་རིག་གནས་ཀྱིས་མཚོན་པའི་ཤེས་བྱ་གཞན་དང་གཞན་ལ་སྦྱོང་བའི་ཕྱག་སྲོལ་ཕལ་ཆེར་མེད་ཅེས་ཐག་བཅད་ཀྱང་ཐལ་མི་ཆེ་སྙམ། གྲྭ་ཕྲུག་དབང་རྣོ་ཞིག་ལ་མཚོན་ན་འདོན་ཆ་དེ་ཙམ་ནི་ལོ་ངོ་བཞི་ལྔའི་རིང་ལ་བློར་ཟིན་པ་མྱོང་བས་ཤེས་ནུས། དབང་འབྲིང་དང་དབང་རྟུལ་གང་གིས་ཀྱང་ལོ་ངོ་བཅུ་ཁའི་རིང་འདོན་ཆ་དེ་ཙམ་རྫོགས་ཐུབ་པ་མངོན་གསལ་རེད། ལོ་བརྒྱད་དགུའི་ཐོག་དགོན་དེར་རབ་ཏུ་བྱུང་བ་ཞིག་ལ་མཚོན་ན་རང་ལོ་ཉི་ཤུ་ཡས་མས་ནས་སློབ་སྦྱོང་མེད་པར་རང་འདུག་ལྟ་བུར་ཆགས་ཡོད། མ་གཞི་ཚིག་ཙམ་སྐྱོར་ནའང་ཕན་དགེ་ཞིག་ཡོད་སྲིད་མོད། འོན་ཀྱང་དོན་ལ་བསམ་སྒོམ་ཅི་ཡང་མེད་ན་ནེ་ཙོའི་འདོན་པ་ལྟ་བུར་འགྱུར་ཉེན་ཆེ་བས་མ་མཐའ་ཡང་རྨང་གཞིའི་ཤེས་བྱ་ཡིག་གཟུགས་དང་སྙན་སུམ་རྟགས་དག་ཡིག་སོགས་ལ་སྦྱོང་བ་ཚད་ལོན་པ་ཞིག་བྱེད་རྒྱུ་ནི་གལ་ཤིན་ཏུ་ཆེའོ།།
     བཤད་གྲྭ་ཞིག་ལ་མཚོན་ན་དམིགས་གསལ་རེ་ཟུང་མ་གཏོགས་བཤད་གྲྭ་ཕལ་ཆེ་ཞིག་གིས་སློབ་གཉེར་བྱེད་སྟངས་དེ་མཐོ་སྙེགས་ཀྱི་རྣམ་པ་ཤིན་ཏུ་ཆེ།  རྒྱུ་མཚན་ནི་ཁོ་ཚོས་བྱིས་པ་ལོ་ཆུང་རྣམས་རྨང་གཞིའི་རིག་གནས་ལ་སློབ་སྦྱོང་གཏན་ནས་བྱེད་མི་འཇུག་པར་ཟབ་མོའི་གཞུང་ཆེན་ཚད་མ་ནས་སློབ་གཉེར་གྱི་དབུ་བཙུགས་ཏེ་བཀའ་པོད་ལྔ་ལ་རིམ་པར་ཨུ་ཚུགས་ཀྱིས་ཐོས་པ་བྱེད་ཀྱིན་མཆིས། དེ་ནི་མཛོ་ཁལ་བེའུ་་ལ་བཀལ་བ་ལྟ་བུར་སོང་གཤིས་ཡར་བསྐྱེད་མེད་པར་མ་ཟད་སུན་སྣང་གི་རྒྱུར་གྱུར་ཏེ་ལོ་ཆུང་བྱིས་པའི་སློབ་སྦྱོང་གི་གེགས་སུ་མི་འགྲོ་བའི་ངེས་པ་མེད་དོ།།
   དེར་བསྟེན་སྲོལ་རྒྱུན་གྱི་སློབ་སྦྱོང་དེ་ཙམ་གྱིས་སྔོན་གོམས་སློབ་སྦྱངས་ཀྱི་བག་ཆགས་ཡོད་པའི་སྐྱེས་བུ་ཁ་ཁེར་མ་གཏོགས་མང་ཤོས་ཤིག་ཤེས་ཡོན་ཅི་ཡང་རང་ངོར་མ་འབྱོར་བས་མཆོག་གསུམ་དང་བསླབ་ཁྲིམས་ཙམ་ཡང་ངོས་མ་ཟིན་པར་ཅི་བྱེད་འདི་བྱེད་མེད་པའི་ངང་མི་ཚེ་འཕྲོ་བརླག་ཏུ་ཕྱིན་ཚར་ཏེ་འགྱོད་པའི་དབུགས་རིང་འབྱིན་མཁན་མང་དུ་བྱུང་དང་འབྱུང་བཞིན་པ་འོན་པས་གོ་ཚོད་དང་ལོང་བས་མཐོང་ཚོད་ལྟ་བུར་གྱུར།
བློ་ཕམ་སྐྱེ་བའི་གནད་དོན་འདི་སློབ་གཉེར་བ་དེ་དག་ལ་རིག་སྟོབས་མེད་པས་མ་ཡིན་ལ་བརྩོན་འགྲུས་མེད་པ་ཁོ་ནས་ཀྱང་མ་ཡིན། གཙོ་བོ་གང་གིས་ལན་འདུག་ཅེ་ན་སྦྱང་གཞིའི་རིམ་པ་དང་ཆུ་ཚོད་བཀོད་སྒྲིག་སོགས་སློབ་གསོའི་རིམ་པའི་ཆ་བཅས་ནས་གོ་རིམ་འཆོལ་བ་དང་མ་འདང་བའི་རྐྱེན་གྱིས་ཡིན་པ་མིག་མདུན་གྱི་གཟུགས་བརྙན་གསོན་པོ་བཞིན་གསལ་གསལ་ཐང་ཐང་རེད། ཞན་ཆ་དེའི་དབང་གིས་ད་ལྟའི་བར་ང་ཚོའི་ཆོས་དད་སྤྱི་མང་ལ་ཆོས་རིག་སློབ་གསོས་ཕན་འདོག་བྱེད་ཐུབ་པའི་མི་སྣ་གང་མང་ཞིག་གསོ་སྐྱོང་བྱེད་ཐུབ་མེད་སྟབས་ང་ཚོ་དགོན་པ་གྲོང་བའི་བར་གྱི་འབྲེལ་བ་དེའང་རྒྱུ་ཟས་ཀྱི་འབྲེལ་བ་ལས་ཆོས་ཀྱི་འབྲེལ་བ་ཆུང་དུ་འགྲོ་བཞིན་འདུག  ཆོས་དད་སྤྱི་མང་དང་ང་ཚོའི་ཆོས་སྡེ་སོ་སོའི་བར་གྱི་ཆོས་འབྲེལ་ཉམས་རྒུད་དུ་འགྲོ་བ་འདིས་བསྟན་པ་ཉམས་རྒུད་དུ་འགྲོ་བ་མཚོན་ཕྱིར་ང་ཚོ་ཆོས་པ་རྣམ་པས་འདིའི་ཐད་ལ་བསམ་གཞིག་དང་སེམས་ཁྲལ་མི་བྱེད་རང་བྱེད་རེད།  ཆོས་འབྲེལ་དེ་ཡང་ང་ཚོ་སྟེ་བོད་མི་རིགས་ཙམ་དུ་མ་ཟད་སྐད་རིགས་ཆ་ལུགས་མི་གཅིག་པའི་མི་རིགས་གཞན་དང་གཞན། མ་ཟད་རྒྱལ་ཁབ་གཞན་དང་གཞན་བཅས་ལ་བསྒྱུར་བཅོས་དང་ཁ་སྣོན་གང་དགོས་སྔ་མྱུར་གྱིས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་བླ་མ་དོན་གྱི་བདག་པོ་མཆོག་གིས་ང་ཚོའི་ཆོས་དང་ཆོས་པའི་མདུན་ལམ་ལ་དགོངས་ཏེ་བྱེས་ཀྱི་གདན་ས་ཁག་ཏུ་སྔར་ཡོད་འཛིན་གྲྭའི་སྟེང་ཚན་རིག་འཛིན་གྲྭ་འཕར་མ་བཙུགས་དང་འཛུགས་བཞིན་པ་འདི་ང་ཚོ་ནང་ཁུལ་གྱི་གདན་ས་སོ་སོས་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཚུལ་གྱི་ཐད་ལ་སྔར་ཡོད་ཕྱག་སྲོལ་གྱི་ལྟ་བ་ཁོ་ན་མཁྲེགས་འཛིན་མི་བྱེད་པར་དུས་རབས་གསར་བའི་འགྲོས་དང་བསྟུན་དགོས་ཞེས་ལམ་སྟོན་གྱི་སྒྲོན་མེ་སྤར་བ་ཡིན་པས་ན་ང་ཚོས་ཅིས་ཀྱང་བདེན་ཁ་རང་གིས་མ་བཟུང་བར་ཁོང་གི་རྗེས་སུ་འབྲང་ཅི་ཐུབ་བྱས་ན་ང་ཚོའི་ཆོས་དང་ཆོས་པ་རྣམས་ལ་མདུན་ལམ་ཡག་ཐག་ཆོད་ཅིག་ཡོད་པ་མངོན་སུམ་ཚད་མས་གྲུབ་བོ།།
     སྙིགས་མའི་རྒུད་ཚོགས་ཆེ་ཆེར་བདོ་བའི་དུས་རབས་འདིའི་ནང་བོད་བརྒྱུད་ནང་ཆོས་ལ་མདུན་ལམ་གཏིང་ཟབ་ཅིང་རྒྱུན་རིང་བོ་ཞིག་ཡོད་མེད་ནི་ད་ལྟ་ཞལ་བཞུགས་པའི་གྲུབ་མཐའ་རིས་མེད་ཀྱི་བླ་མ་དང་གྲྭ་བ།  སྔགས་པ་དང་བཙུན་མ་ཀུན་གྱི་ལྟ་བ་དང་། ཕྱིའི་ལུས་ངག་གི་སྤྱོད་ལམ་ལེགས་མིན་ལ་རག་ལས། ང་ཚོའི་ནང་སེམས་ཀྱི་ལྟ་བའི་གོ་རྟོགས་ལེགས་ཉེས་གང་འགྱུར་གཙོ་བོ་སློབ་གསོ་བཟང་ངན་གང་མྱོངས་དང་འབྲེལ་ཡོད་ལ། ཕྱིའི་ལུས་ངག་གི་ཀུན་སྤྱོད་བཟང་ངན་ནི་སོ་སོ་སྒྲིག་ཁྲིམས་ལ་གནས་མིན་གྱི་ཐོག་ནས་འཇོག་དགོས་པར་བརྟེན། སྟོན་པ་ཐུགས་རྗེ་ཅན་གྱིས་ནང་བའི་དགེ་ཚུལ་སློང་རྣམས་ཀྱི་ལུས་ངག་གི་ངན་སྤྱོད་བཅོས་པའི་ཐབས་བླ་ན་མེད་པར་དགོངས་ཏེ་དགེ་སློང་བ་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། དགེ་སློང་མ་ལ་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི། དགེ་ཚུལ་ལ་བླང་འདས་སོ་དྲུག་སོགས་ཀྱི་འགྲིག་ཁྲིམས་བཅས་ཡོད། ང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཞིག་ཡིན་ཕྱིན་ཆད་འགོ་དཔོན་ཞིག་གི་མངའ་ཁོངས་སུ་ཡོད་མེད་དམ།  ཡང་ན་དགོན་སྡེ་ག་གེ་མོ་ཞིག་གི་སྒྲིག་འོག་ཏུ་གནས་མིན་ལ་མ་བལྟས་པར་ཇི་སྲིད་འཚོ་བའི་བར་དུ་རང་རང་ཚོས་གཅེས་སྐྱོང་དང་བརྩི་སྲུང་དགོས་པའི་དམ་ཆོས་འདུལ་བའི་བསླབ་ཁྲིམས་ཤིག་ཁས་བླངས་ཟིན་པས་མ་ཤི་བར་དུ་སྣང་བ་གང་དྲན་གྱི་ལས་ལ་འཇུག་རྐྱང་མིན་པར་རླབས་ཆེ་ཞིང་གཟི་བརྗིད་འབར་བའི་ཁྲིམས་ལྡན་ཞིག་ཡིན་པའི་བསམ་བློ་དེ་ནམ་རྒྱུན་ཞེ་ཕུགས་སུ་འཛིན་དགོས། རོང་ཆེན་བསྟན་པའི་སྒྲོན་མེ་མཆོག་གིས་གྲྭ་བ་ལ་གྲྭ་བའི་ལས་འགན་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་བསམ་བློ་ཞིག་ཡོད་དགོས། སྤྱིར་དགེ་འདུན་ཚོས་ཁྱིམ་པའི་ཆ་ལུགས་བརྗེ་དགོས་པ་དེ་ནང་སེམས་ཀྱི་བསམ་ཚུལ་དང་ཕྱིའི་ལུས་ངག་གི་སྤྱོད་པ་ཁྱིམ་པ་ཚོ་དང་མི་འདྲ་བའི་ཁྱད་པར་ཞིག་ཐོན་པའི་ཆེད་དུ་རེད་ཅེས་གསུངས་པ་ལྟར། ང་ཚོ་དགེ་འདུན་པའམ་ཆོས་པ་ཞིག་ཡིན་ཕྱིན་ཆད་རང་སྟེང་ན་ལས་འགན་ཆེན་པོ་ཞིག་ཡོད་པ་ཤེས་དགོས་ཏེ་ང་ཚོའི་ནང་བསམ་པའི་འཆར་སྟངས་དང་ཕྱིའི་ལུས་ངག་གི་སྤྱོད་ཚུལ་གང་ཅིའི་ཆ་ནས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དམིགས་དཔེར་འོས་པ་ཞིག་ལ་ངེས་ཅན་དུ་འགྱུར་ཐུབ་དགོས། དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འདིའི་ནང་ང་ཚོ་ཆོས་པ་རྣམས་དེ་འདྲའི་མིག་དཔེ་ཅན་ཞིག་ཏུ་འགྱུར་བ་ལ་ཆ་རྐྱེན་གང་དག་ཚང་དགོས་ཤེ་ན་ཕྱིའི་ལུས་ངག་གི་སྤྱོད་ལམ་མཛེས་པའི་ཐོག་ནང་གི་བསམ་བློར་གནའ་དེང་གི་ཤེས་བྱའི་ཡོན་ཚད་འཛོམས་པོ་ཞིག་ངེས་ཅན་དུ་དགོས། དེར་བརྟེན་ང་ཚོའི་ཆོས་པའི་ཚོགས་པའམ་ཆོས་སྡེ་ཆེ་ཆུང་གང་ཞིག་ཡིན་ཡང་རང་གྲྭ་རྣམས་ལུས་ངག་གི་སྤྱོད་ལམ་ཡ་རབས་སུ་གོམས་པར་དམ་ཆོས་འདུལ་བའི་བཅའ་ཁྲིམས་དང་བསྟུན་པའི་སྒྲིག་ལམ་ཡོད་དགོས་པ་གཞིར་བྱས་ཏེ་དེའི་སྟེང་ནང་བསམ་པའི་གོ་རྟོགས་ཡར་རྒྱས་ཀྱི་ཆེད་གནའ་དེང་ཟུང་གི་ཤེས་རིག་སྦྱོང་སློབ་ཆོག་པའི་ཁོར་ཡུག་བསྐྲུན་རྒྱུ་ནི་གཙོ་བོ་ཡིན། ཆ་རྐྱེན་དེ་དག་ལ་དོ་སྣང་གཏན་ནས་མི་བྱེད་པར་སྔར་སྲོལ་ཙམ་གྱིས་ཉི་མ་ཕུད་ཐབས་བྱེད་པའི་དགོན་སྡེ་ཞིག་ཡིན་ཤས་དུས་ཀྱི་འཁོར་ལོའི་མགྱོགས་འགྲོས་དང་བསྟུན་ཏེ་རིམ་གྱིས་ཉམས་རྒུད་དུ་འགྲོ་བ་ལས་ཡར་རྒྱས་ཀྱི་རེ་བ་ནམ་ཡང་མེད། དེའི་ཕྱིར་བོད་ཁམས་ཀྱི་དགོན་སྡེ་ཆེ་ཆུང་དང་གྲུབ་མཐའ་གསར་རྙིང་གི་ཚོགས་པ་སུ་ཡིན་ཡང་རང་རང་ཚོའི་ཆོས་བརྒྱུད་དེ་མི་ཉམས་གོང་འཕེལ་དུ་སོང་ན་ཅི་མ་རུང་སྙམ་པ་ལས་རྒུད་ན་འདོད་མཁན་གཅིག་ཀྱང་མེད་ཚོད་རེད།  ཡིན་ནའང་དེའི་ཐབས་སུ་སོ་སོས་བརྩོན་དགོས་པ་མ་གཏོགས་ཡིན་སྨོན་རྐྱང་བས་མི་འགྲུབ་པ་ནི་མངོན་སུམ་ཚད་མས་གྲུབ། ལས་འགན་དེ་ནི་ང་ཚོ་བླ་གྲྭ་ཀུན་ལ་ཁྱད་མེད་དུ་ཡོད་མོད། འོན་ཀྱང་གཙོ་འགན་ནི་དགོན་སྡེ་སོ་སོའི་དགོན་བདག་བླ་མ་དང་དོ་དམ་མི་སྣར་བབས་ཡོད། རྒྱུ་མཚན་དགོན་སྡེ་གང་ཞིག་ཡིན་ཡང་གྲྭ་ཚོགས་ཐམས་ཅད་རང་རང་ཚོའི་དགོན་བདག་དང་དོ་དམ་མི་སྣའི་བཀོད་སྒྲིག་གི་འོག་ནས་འགྲོ་དགོས་པས་དེ་དག་གི་བཀོད་སྒྲིག་ལེགས་ཉེས་ལ་རག་ལས་པས་སོ།།
    དགོན་བདག་གི་བླ་མ་ཚོའི་འགན་དབང་ནི་འཁོར་ཡུག་གང་དུ་སྤྲུལ་སྐུ་ཐག་གཅོད་ཀྱི་ལམ་ལུགས་མ་ནུབ་པར་དུ་ཁོ་ཚོ་ལ་སྐྱེས་སྟོབས་ཀྱིས་སྤྲད་པ་ཞིག་ཡིན་པས་ང་ཚོར་གདམ་དབང་མེད། དོ་དམ་མི་སྣ་ནི་གྲྭ་མང་སོ་སོར་འོས་འདེམ་གྱི་ཐོབ་ཐང་ཡོད་ཤས་མི་གཤིས་དང་ཀུན་སྤྱོད་ཡོན་ཚད་བཅས་ལ་ལེགས་པར་བརྟགས་ཏེ་ཕྱོགས་རིས་འཐེན་ཁྱེར་གྱི་དབང་དུ་མ་སོང་བར་མ་མཐའ་ཡང་དགོན་སྡེ་དེ་གའི་ཆོས་སྲིད་ཀྱི་ལས་དོན་གང་ལ་སྤྱི་སེམས་ཆེ་བ།  ཉེ་རང་མེད་པ།  བློ་གཟུར་བོར་གནས་པ་ཞིག་བསྐོ་བཞག་བྱེད་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ། དོ་དམ་མི་སྣ་སུ་ཡིན་གྱིས་རང་ལ་དབང་ཆ་ཞིག་ཡོད་པ་རྒྱུ་མཚན་དུ་བྱས་ནས་སྒེར་དོན་ནམ་དོན་མེད་དུ་འགྲོ་རྐྱང་མི་བྱེད་པར་རང་དགོན་གྱི་ཆོས་སྲིད་ལུགས་ཟུང་གི་དཔལ་ཡོན་གོང་དུ་སྤེལ་རྒྱུའི་ལས་འགན་རང་སྟེང་བབས་ཡོད་པ་ངོ་ཤེས་པའི་ཐོག་ཆོས་ཕྱོགས་ཀྱི་ཞན་ཆ་དང་སྲིད་འབྱོར་གྱི་སྟོང་ཆ་གང་ཡང་ཁ་གསབ་བྱེད་རྒྱུ་ནི་གྲྭ་མང་ནས་ཁྱེད་ཚོར་རེ་བཞག་གིས་གོ་གནས་སྤྲད་པའི་དམིགས་འབེན་གྱི་དོན་སྙིང་ཡིན། དུས་རབས་ཉེར་གཅིག་པའི་དགོན་སྡེ་ཞིག་ལ་མཚོན་ན་དགོན་པའི་གྲྭ་ཚོགས་རྒྱས་ཐབས་དང་དགོན་གཞུང་ནས་དཔལ་འབྱོར་གྱི་མ་རྩ་ཇེ་མཐོར་བཏང་སྟེ་དགོན་པའི་འཚོ་བ་དད་ལྡན་མང་ཚོགས་ཀྱི་ཁུར་བོར་མ་སོང་བར་རང་ཁ་རང་གསོ་ཐུབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན། སྤྱིར་བཏང་སྐྱེའི་སྒོ་གཅོད་པའི་དུས་དབང་གིས་གྲྭ་བ་བྱེད་མཁན་ཉུང་ཐོག་ཕྱིའི་སྤྱི་ཚོགས་ཟང་ཟིང་ལང་ལོང་དུ་གྱུར་བས་ལོ་ཆུང་གྲྭ་བའི་གྲས་ནས་སྐྱ་སར་འབབ་འཁན་ལོ་རེ་ནས་ལོ་རེར་མང་བས་དགོན་ས་སྟོང་བའི་དུས་ཤིག་ལ་མི་འགྱངས་བར་སླེབས་ཉེན་ཆེ།  དེང་གི་མི་བུ་རྣམས་དུས་རབས་གསར་བའི་ཤན་གྱིས་སྐྱིད་ལང་ལ་ཤོར་བར་བརྟེན་ཆོས་ཁོ་ན་གཉེར་ཕྱིར་དགོན་པར་འོང་མཁན་ཕལ་ཆེར་མི་སྲིད་པའི་ཚོད་རེད། དེར་བརྟེན་དགོན་པ་སོ་སོས་རང་དགོན་དུ་གྲྭ་ཚོགས་འགུག་པ་ལ་གྲྭ་བ་རྣམས་ཀྱི་འཚོ་ཆས་ལྟོ་གོས་དང་ཁང་ཤག་ལ་གྲྭ་བདག་ནས་འདང་རྒྱག་མི་དགོས་པར་དགོན་གཞུང་གིས་བཀོད་སྒྲིག་ཐུབ་པ་ཞིག་བྱུང་ན་ཕན་ངེས་ཡིན། གྲྭ་ཚོགས་འདུ་བའི་ཆ་རྐྱེན་གཉིས་པ། དགོན་པའི་འགྲིག་ལམ་དེ་ཡང་གནའ་སྲོལ་གྱི་ལྟ་བ་ཁོ་ན་མཁྲེགས་འཛིན་མི་བྱེད་པར་དུས་རབས་ཉེར་གཅིག་པའི་འགྲོས་དང་འཚམ་པའི་དམ་ལྷོད་རན་པའི་འགྲིག་ལམ་འོག་གནའ་དེང་ཟུང་གི་ཤེས་ཡོན་འཆད་སྤེལ་ནུས་པའི་དགེ་རྒན་ཡོད་ན་ཇེ་མང་དང་མེད་ན་གསོ་སྐྱོང་གི་སྒོ་ནས་ཅིས་ཀྱང་ཡོད་ཐབས་སུ་འབད་དགོས།  ཆ་རྐྱེན་དེ་འདྲ་ཞིག་འཛོམས་ཤས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སློབ་གཉེར་བ་རྣམས་འབོད་མི་དགོས་པར་རང་བཞིན་གྱིས་འདུས་ཡོང་སྟེ། ལེགས་བཤད་ལས།
                         མཁས་པ་ཡོན་ཏན་ཀུན་ལྡན་པས།།
                         མ་བསྡུས་པར་ཡང་ངང་གིས་འདུ།།
                         དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།།
                         བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།།
                                           ཞེས་གསུངས་ལྟར་རོ།།
     ཡུལ་ཁམས་གང་དུ་སངས་རྒྱས་ཀྱི་བསྟན་པ་དར་དང་མི་དར་དགེ་འདུན་གྱི་སྡེ་དར་མི་དར་ལ་ཐུག་ཅིང་དགེ་འདུན་གྱི་སྡེ་དར་མིན་ཡང་བསྟན་པའི་སྦྱིན་བདག་དར་མིན་ལ་རག་ལས་པས། དད་ལྡན་སྤྱི་དམངས་ལ་ཕན་ཐོགས་གང་ཡང་མི་ནུས་པའི་དགོན་སྡེ་དེ་དང་དེ་འདྲ་ནི་བོད་མི་རིགས་ཀྱི་གསོ་སྡེ་དང་ཁུར་བོ་ལྷག་མ་ཞིག་ཡིན་པ་ལས་མཁོ་དགོས་མེད་པར་སེམས། སྤྱིར་བཏང་ཤེས་བྱ་ལ་ཆོས་འཇིག་རྟེན་ཟུང་གི་ཤེས་བྱ་ཇི་སྙེད་ཅིག་ཡོད་ནའང་། ང་ཚོ་རབ་བྱུང་གི་སྡེ་ལ་གཙོ་བོ་ཕྱི་ནང་གི་སྟོན་པ་དང་བསྟན་པའི་ཁྱད་པར་ཤེས་རྒྱུ། མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ། ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་སྲུང་བའི་ཕན་ཡོན་དང་མ་བསྲུངས་བའི་ཉེས་དམིགས་དང་དགེ་ཚུལ་སློང་གི་སྡོམ་པའི་གྲངས་འདྲེན་ཙམ་ངེས་པར་དུ་ཤེས་དགོས། འདི་ནི་ང་ཚོའི་ནང་བའི་གྲྭ་བ་རྣམ་དག་ཡིན་མིན་གྱི་ཚད་གཞིར་གྱུར་བས་གྲྭ་བ་རྣམས་ཀྱི་རྨང་གཞིའི་ཤེས་བྱ་ཡིན། དེ་འདྲའི་ཚད་གཞི་ལྡན་པའི་གྲྭ་བཙུན་ཞིག་ཡིན་ཤས་གཞུང་ཆེན་མོར་ཐོས་བསམ་སྒོམ་པ་རྒྱ་ཆེན་མ་ནུས་ཀྱང་ཕལ་ཆེར་མི་ཚེ་དོན་ལྡན་ཡོད་ངེས་རེད། དགོན་སྡེ་ཀུན་གྱིས་རང་གྲྭ་རྣམས་མ་མཐའ་ཚད་གཞི་དེ་ཙམ་དང་ལྡན་པར་འཇུག་རྒྱུའི་སྒྲིག་ལམ་དང་འཆར་གཞི་ངེས་པ་དུ་བཟོ་དགོས། སྒྲིག་བཞི་དེ་ཙམ་ཡང་མེད་པའི་དགོན་སྡེ་ནི་གྲྭ་བཙུན་རྣམས་མི་ཚེ་འཕྲོ་བརླག་གཏོང་སའི་ཁོར་ཡུག་ལས་ཅང་མིན། ད་ལྟའི་བོད་ཡུལ་གྱི་དགོན་སྡེ་རྣམས་ལ་མཚོན་ན་ཉུང་ཤོས་ཤིག་ནི་ཕྱི་དགོན་པའི་གཟུགས་བརྙན་ནང་ཁྱིམ་པའི་ལས་ཀ་ཁོ་ནར་གཡེང་བས་བསྟན་པའི་ཞབས་འདྲེན་མཁན་དུ་གྱུར་དང་འགྱུར་བཞིན་པ་འདི་རིགས་ཚར་གཅོད་རྗེས་འཛིན་གྱི་ལས་ལ་འབད་རྒྱུ་ནི་བསྟན་པ་དང་འགྲོ་བའི་ཕན་བདེར་སྨན་པའི་དོན་ཆེན་ཞིག་ཡིན་པས་ནང་ཆོས་དང་ཆོས་པའི་མདུན་ལམ་ལ་སེམས་འཁྲལ་ཆེ་བའི་བླ་གྲྭ་དགེ་བཤེས་རྣམ་པས་ཐུགས་དབྱིངས་ནས་མི་འདོར་བར་བཀའ་བགྲོས་ནན་པོས་ཐག་གཅོད་མཛད་དགོས་པའི་དུས་ལ་བབ་ཡོད། ད་སྐབས་ཀྱི་ང་ཚོའི་ཆོས་པ་རྣམས་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་ཡིན་ཤས་ང་ཚོའི་སློབ་སྦྱོང་གི་ཁ་ཕྱོགས་ཀྱང་དུས་རབས་ཉེར་གཅིག་པར་ཕྱོགས་དགོས་ཏེ། གཞན་དུ་དུས་རབས་གསར་བས་ང་ཚོ་ལ་མི་འདོད་བཞིན་དུ་ཕམ་ཉེན་མང་བོ་ཞིག་སྟེར་བ་མངོན་གསལ་ཡིན། སྟོན་པ་ཐུགས་རྗེ་ཅན་གྱིས་འདུལ་བའི་ལུང་དུ་ཁོང་གི་རྗེས་འཇུག་དགེ་སློང་རྣམས་ལ་ཉིན་རེར་ཉི་མའི་སུམ་ཆ་གཅིག་ཏུ་ཕྱི་རོལ་བའི་བསྟན་བཅོས་བཀླག་དགོས་པའི་གནང་བཅས་མཛད་པའི་དགོས་པ་ཕྱི་རོལ་བ་རྣམས་ཚར་གཅོད་རྗེས་འཛིན་གྱི་ཆེད་ཡིན་ན་དཔེ་དེ་བཞིན་དེང་དུས་ཀྱི་ནང་བའི་ཆོས་པ་རྣམས་ཀྱིས་ད་སྐབས་བསྟན་པ་ལ་གནོད་པའི་ཚན་རིག་པ་ཚར་གཅོད་པ་ལ་ཉིན་རེར་ཉི་མའི་སུམ་ཆ་གཅིག་ལ་ཚན་རིག་སྦྱོང་དགོས་པའང་གོང་གི་དགོས་པས་འགྲུབ་པའི་ཕྱིར། དེར་བརྟེན་ང་ཚོའི་དགོན་སྡེ་ཀུན་གྱིས་སྔར་ཡོད་གནའ་བོའི་སློང་སྦྱོང་བྱེད་ལུགས་ཙམ་གྱིས་མི་ཆོག་པར་སྲོལ་རྒྱུན་རིག་གནས་ཀྱི་སློབ་གཉེར་མ་ཉམས་པའི་སྟེང་ནས་དབྱིན་ཡིག་དང་རྒྱ་ཡིག་ཆེད་སྦྱོང་གི་འཛིན་གྲྭ་རེ་མི་འཛུགས་ཐབས་མེད་ལ་སོང་སྟེ། ང་ཚོའི་ནང་ཆོས་འདི་བོད་ཙམ་མིན་པར་འཛམ་གླིང་རང་བཞིན་ཅན་དུ་འགྱུར་དགོས་ན་བོད་སྐད་བོད་ཡིག་ཙམ་གྱིས་མི་རིགས་གཞན་དང་གཞན་ལ་དར་སྤེལ་མི་ནུས་པས་སྐད་ཡིག་གཞན་ལ་མི་སློབ་རང་སློབ་ཡིན་ན་དེང་སྐབས་འཛམ་གླིང་སྟེང་ཆེས་ཁྱབ་ཆེ་བའི་སྐད་ཡིག་དང་ཡི་གེ་ནི་དབྱིན་རྒྱ་ཟུང་གི་སྐད་ཡིག་ཡིན་སྟབས་སྐད་ཡིག་དེ་གཉིས་ལ་སྦྱོང་ཐུབ་པ་ཡིན་ན་ང་ཚོའི་ནང་ཆོས་འདི་མི་རིགས་མང་པོ་ཞིག་ལ་འཆད་སྤེལ་ཐུབ་པས་ནང་ཆོས་འཆད་སྤེལ་གྱི་ཁོར་ཡུག་ཀྱང་རྒྱ་ཆེར་འགྱུར་བ་བཞིན་ང་ཚོ་ཆོས་པའི་མདུན་ལམ་ཡང་གཏིང་ཟབ་ཅིང་ཕུགས་རིང་ལ་མཚར་སྡུག་ལྡན་ཅིང་འོད་སྟོང་འབར་བ་ཞིག་ཏུ་འགྱུར་བར་ཕན་ངེས་ཡིན། སྔོན་དང་ད་ལྟའི་སྐྱེས་ཆེན་དམ་པ་ཚོས་བོད་ཡུལ་ལུང་བ་རེ་ལ་དགོན་སྡེ་རེ་བཙུགས་དང་འཛུགས་ཀྱིན་པའི་དམིགས་ཡུལ་ནི་ཁ་ཏོན་དང་གྲོང་ཆོག་ཙམ་གྱི་ཆེད་མིན་ལ་ཐོས་རྐྱང་དང་རྩོད་རྐྱང་ཙམ་གྱི་ཆེད་དུ་དེ་བས་ཀྱང་ག་ལ་ཡིན།  ཁོ་ཚོའི་ཐུགས་འདུན་གཙོ་བོ་ནི་རྗེས་འཇུག་སློབ་མས་སྒྲུབ་པ་ཉམས་ལེན་བྱེད་སའི་ཁོར་ཡུག་ཅིག་བསྐྲུན་པའི་སླད་དུ་ཡིན་པས་སྒྲུབ་པ་ཉམས་ལེན་དེ་ཡང་མདོར་ན་ང་ཚོ་ཆོས་པ་རྣམས་ཀྱིས་རང་འདུལ་པ་དང་གཞན་སྨིན་པའི་ལས་དོན་ལ་བརྩོན་དགོས་པ་ལས་གཞན་མེད་ཤས་དེ་བཞིན་འབད་པར་འཚལ་ཞེས་སྟོན་པ་དང་བསྟན་པ་གཅིག་ལ་དད་ཅིང་དམིགས་ཡུལ་དང་ལས་རིགས་གཅིག་ལ་ཕྱོགས་པའི་གཟུར་གནས་ཆོས་གྲོགས་ཡོངས་ལ་དཔྱད་གཞིའི་ལེགས་སྐྱེས་ཤིག་གི་ཚུལ་དུ་མཆོག་གསུམ་གྱི་སྐུ་དྲིན་ཁོ་ནས་འཚོ་བའི་ཆོས་པའི་གཟུགས་བརྙན་དགེ་མིང་བ་ཐེ་བོ་དཀོན་སེང་དུ་འབོད་པས་རང་ཤག་དགེ་སྦྱོར་འཕེལ་བའི་དགའ་ཚལ་ནས་དྭངས་གཙང་གི་སེམས་པས་ཕུལ་བ་དགེའོ།།
      སྨྲས་པ།
          བསྟན་པའི་འཕེལ་འགྲིབ་འགྲོ་བའི་བདེ་སྡུག་སོགས།།
          སེམས་ཅན་ལས་དང་དུས་རབས་འགྱུར་འགྲོས་ལས།།
          འབྱུང་བ་ལགས་ན་དུས་རབས་འཕོ་འགྱུར་གྱི།།
          འགྲོས་དང་བསྟུན་ཐབས་འདོར་ལེན་གང་དགོས་བརྩོན།།
          ལོང་བ་མང་བོས་གླང་ཆེན་གཟུགས་དབྱིབས་ལ།།
          ལོག་པའི་ཐ་སྙད་བརྒྱ་ཕྲག་འདོགས་པ་བཞིན།།
          སྨྲ་བརྗོད་རང་དབང་དར་བའི་དེང་གི་དུས།།
          ཆོས་དང་ཆོས་པར་འཕྱ་སྨོད་ཆར་བཞིན་འབབ།།
           བདེན་དོན་མངོན་ནམ་རྒྱུ་མཚན་ཡང་དག་གིས།།
           དེའི་རིགས་ཚར་གཅོད་རྗེས་འཛིན་མ་གནང་ན།།
           ཕྱི་རབས་ཐམས་ཅད་ལོག་པའི་ལམ་ངན་དུ།།
           ཕྱིན་རྗེས་བསྟན་པའི་རྒྱལ་མཚན་སུ་ཡིས་འཛིན།།
           གུ་དོག་འཆིང་བས་བཀྱིགས་པའི་མཁས་རློམ་འགས།།
           གཏམ་འདིར་འཕྱ་ཡང་འཇིགས་སྐྲག་ག་ལ་དགོས།།
            གཟུར་གནས་སྐྱེས་བུ་དགྱེས་པའི་ལེགས་སྐྱེས་སུ།།
             འགྱུར་ངེས་སྲིད་ན་འདིས་ཀྱང་དགེ་གྱུར་ཅིག།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41134540
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1