རྔ་ཆེན་རོལ་དབྱངས་ཀྱི་ཡང་སྙིང་འཚོལ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 12 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རྔ་ཆེན་རོལ་དབྱངས་ཀྱི་ཡང་སྙིང་འཚོལ་བ།
རྔ་ཆེན་རོལ་དབྱངས་ཀྱི་ཡང་སྙིང་འཚོལ་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/6/2ལྟ་ཀློག (29381)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྔ་ཆེན་རོལ་དབྱངས་ཀྱི་ཡང་སྙིང་འཚོལ་བ།

རྩོམ་པ་པོ། ལྡོང་རོང་བསོད་ཐར།

རྔ་ཆེན་རོལ་དབྱངས།

རྩོམ་པ་པོ། ཡི་དམ་ཚེ་རིང་།


ཁྲང་པེ་རི་བོའི་རྒྱ་སྟག་ཁྲ་བོའི་ངར་སྐད་དྲན་ཚེ་བྱང་ཁོག་སྟོད་ཀྱི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ། །

བདུད་རྩི་སྨན་ལྗོངས་ཞི་ཧྲོང་པན་ནའི་གླང་ཆེན་མཐོང་དུས་ཞབས་འོག་ས་འཛིན་སྔངས་ཤིང་འདར་བཞིན་འབྲོ་བར་རྩོམ། །

གློ་བུར་ནང་སོག་རྩྭ་ཐང་སྟེང་ནས་རྟ་རྒོད་ཁྲོས་པའི་བང་དང་བཅས་ཏེ་ལྷང་ལྷང་འཚེར་སྐད་ཐོས་པ་ན། །

བདག་གི་སྙིང་དབུས་ཏི་སེ་ལྷུན་པོའི་བག་ལ་ཉལ་བའི་སེང་གེ་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག །


དཔྱིད་ཀྱི་དཔལ་མོ་སླེབས་པའི་དུས་སུ་མི་རྟག་སྣོད་ཀྱི་འཇིག་རྟེན་འདི་ཡིས་སྙན་འཇེབས་སྒྲ་དབྱངས་རྣ་བར་སྤྲོ། །

ཐ་དད་རིགས་ཀྱི་འགྲོ་བ་དག་གིས་ལོ་རྒྱུས་མཚོན་པའི་སྙན་རྩོམ་རོལ་དབྱངས་སྤོབས་པའི་གདངས་ཀྱིས་རབ་གྱེར་ཚེ། །

དཔལ་གྱི་ཡོན་ཏན་བླ་ན་འཕར་བའི་རྒྱལ་ཁབ་ཅིག་གི་མཛེས་པའི་སྣང་བརྙན་ཕྱི་རབས་དྲན་པའི་ངོས་སུ་ཕབ། །

ཅེས་༡༩༨༢--༥--༡༩ ཉིན་པེ་ཅིན་ནས།



དང་པོ།  སྙན་ངག་དང་ཚོར་ཤུགས་ཀྱི་ཡང་ལྗིད།


     སྙན་ངག་ནི་ཚོར་བ་ཞིག་ཡིན་ན་གོ་བ་ལེན་སྟངས་ཀྱི་བར་སྟོང་དེའང་ཚོར་སྣང་དུ་མ་ལས་གྲུབ་པའི་སྤྱི་ཚོགས་ཤིག་ཀྱང་ཡིན་ངེས་པས། མཐའ་གཅིག་ཏུ་སྙན་ངག་པའི་བློས་བསླངས་ཀྱི་རི་མོ་ནི་ཀློག་པ་པོའི་མིག་མདུན་དང་བློ་ཡུལ་དུ་ཇི་ལྟ་བ་བཞིན་ཆུད་པའི་གདེང་ཚོད་དཀའ་ཕྱིར། སྐབས་རེར་ང་ཚོས་གཏན་ཚིགས་དང་རྒྱུ་མཚན་གྱི་ཐབས་ལམ་མང་བོ་ཞིག་རིང་དུ་དོར་ནས་ཀློག་པ་པོས་ཁ་ཚུར་ལ་གྲག་པའི་རེ་སྒུག་ཀྱང་བྱེད་ཀྱིན་ཡོད། འོན་ཀྱང་། སྤྱིའི་ཆ་ནས་སྙན་ངག་འབྲི་བ་ནི་ཀློག་པ་པོ་མི་སྒེར་བ་རེ་རེ་ལ་གོ་བ་ཞིག་སྤྲོད་ཐུབ་ན་བསམ་པའི་ཐོག་མའི་འདུ་ཤེས་ཤིག་ཡོད་འོས་ལ།  དེའང་གང་ཞིག་གོ་སྤྲོད་ཀྱི་འདུ་ཤེས་དང་བྲལ་ཚེ་སྙན་ངག་དེ་ནི་སྐད་ཆའི་སྒྱུ་རྩལ་དུ་མ་གྲུབ་པ་ལྟ་བུ་ཞིག་ཡིན་ཕྱིན་ཀློག་པ་པོས་བལྟས་ན་འགྲིག་མིན་ཡང་གནད་དོན་ཞིག་ཏུ་ཆགས་ངེས་པས། རྩོམ་པ་པོ་སུ་དང་གང་ཞིག་ཡིན་རུང་སེམས་ཁམས་དང་།  རིག་གཞུང་།  ཁོར་ཡུག་མི་འདྲ་བ་རེ་རེ་ནས་འཚར་ལོངས་བྱུང་བ་ཡིན་སྟབས་ཚོར་བའི་རྨང་གཏིང་སྟངས་ཀྱང་མི་འདྲ་བ་རེ་གནས་སྲིད་པས། རྒྱུ་རྐྱེན་དེའི་ཕྱིར་ན་ད་གཟོད་སྙན་ངག་གི་རྒྱབ་ལྗོངས་དང་ཐ་སྙད་ཀྱང་མི་འདྲ་བ་སྣ་ཚོགས་པ་ཞིག་འཕྲོས་དང་འཕྲོ་བཞིན་ཡོད་པ་འདིས། ང་ཚོའི་མིག་མདུན་ནའང་ཁ་དོག་གཅིག་ཙམ་མ་ཡིན་པའི་སྙན་ངག་གི་ཁ་དོག་བརྒྱ་སྟོང་དུ་མ་འཕྲོ་བའི་སྒྱུ་འཕྲུལ་གྱི་ཁམས་ཆེན་མོ་འདི་བཞེངས་བསྐྲུན་བྱས་ཡོད་ལ། རྩོམ་པ་པོ་རེ་རེས་འཇིག་རྟེན་ཕྱི་སྣོད་རྟེན་འབྲེལ་གྱི་བཀོད་པ་སྣ་ཚོགས་དང་ནང་བཅུད་ཀྱི་འགལ་འདུ་ཆེ་བའི་གྲུ་ཟུར་རེ་རེ་ནས་མཐོང་ཆོས་ཀྱི་བྱ་དངོས་མང་བོ་ཞིག་ནི་སྙན་ངག་གི་བློས་བསླངས་དང་འབྲེལ་བ་དམ་ཟབ་ཡོད་ཕྱིར། སོ་སོའི་གླེང་གཞི་དང་ཚོར་འདུ། གླེང་སློང་དང་ཤུགས་དྲག་པའི་ཚོར་བ་ཡང་སྐྱེད་སྟངས་མི་འདྲ་བས་རྒྱལ་ཁབ་དང་མི་རིགས་ལ་ཐུགས་འདུན་བླ་ལྷག་ཏུ་ཆེ་བའི་སྙན་ངག་པ་ཞིག་ཡིན་ན།  དེའི་ཕྱི་ནང་གསང་གསུམ་གྱི་ཚོར་འདུ་ཡང་མི་རིགས་དང་འབྲེལ་བའི་ཚོར་འགུལ་རབས་དང་རིམ་པར་ཞིག་གིས་སྦྲིད་པའམ་སྦྲུམ་ཡོད་སྲིད་པ་མ་ཟད།དེ་དག་ནི་ནམ་ཞར་བསྒྱུར་གཏུབ་མི་ནུས་པ་སྙན་ངག་གི་ལམ་ནས་དུས་དང་དུས་སུ་བར་སྣང་ལས་ཆར་ཞོད་བྱོ་བ་དང་ས་འོག་ནས་ཆུ་མིག་བརྡོལ་བ་བཞིན་འགོག་ཏུ་མི་ནུས་པ་ཐོན་ཡོང་བ་ཞིག་ཡིན་ཕྱིར། དེ་ནི་སྙན་ངག་རྣལ་མའང་ཟེར་ལ་སྒྱུ་རྩལ་གྱི་དྭངས་མའང་ཡིན།  དེ་འདྲའི་སྙན་ངག་གི་ཚོགས་ལས་རྔ་ཆེན་རོལ་དབྱངས་ནི་དྲག་ཏུ་མཆོང་ཞིང་ལྡིང་བའི་གཅན་གཟན་གྱི་རྒྱལ་བོ་བཞིན་རང་རྟོན་གྱིས་ཁེངས་ཤིང་དགའ་ཞེན་གྱིས་བཟི་བའི་གསོན་སྟངས་ཤིག་སྟེ། འདི་ནི་ང་ཚོ་ཀློག་པ་པོ་ཞིག་དང་སྙན་ངག་པ་ཞིག་ལ་མཚོན་ན་བརྩེ་སེམས་དང་སྡང་སེམས་ལས་འཁྲུངས་པའི་བརྗོད་བྱའི་ས་བོན་ཞིག་དང་། སྙན་ངག་པའི་ལ་རྒྱའི་གཟུངས་གཞུག་ལས་ཁོལ་བའི་དམ་རྫས་ཤིག་དང་གཉིས་སུ་མེད་ཕྱིར་རྩོམ་པ་པོ་ཁོང་གིས་ཀྱང་“ཆགས་སྡང་གཉིས་ཀྱིས་སྙན་ངག་པའི་སྤྲོ་སེམས་ཀྱི་མེ་ཆེན་སྦར་བ་ཡིན་ལ། ཆགས་སྡང་གཉིས་ཀྱིས་སྙན་ངག་པའི་དབང་རྩའི་ནུས་པ་སད་པར་བྱས་པ་ཡིན།”ཞེས་གསུངས་དོན་ལྟར། སྙན་ངག་འདི་ནི་ཁོང་གིས་ཆགས་པ་དང་སྡང་བ་ལས་འཁྲུངས་པའི་མཁའ་དབྱིངས་ཀྱི་ཁྱུང་ཆེན་དང་ས་ཆེན་གྱི་ལྷུན་པོ་དེ་ཡིན།


གཉིས་པ།  སྙན་ངག་དང་ས་བོན་གྱི་སྐྱེས་སྟོབས།


      སྤྱི་ལོ1985ལོའི་ཟླ5བའི་མཁའ་དབུགས་ནི་ཧ་ཅང་དྭངས་གཙང་གིས་སྐྱོང་བའི་གཅེས་ཕྲུག་ལྟ་བུ་ཞིག་མིན་ནའང་དུས་སྐབས་དེ་ནས་མི་རབས་ཤིག་གི་སྐད་ཆའི་ལང་ཚོ་ལ་སྲོག་དབང་ཞུགས་པའི་མཚམས་སུ་སླེབས་ཡོད་པས།  དཔྱིད་མགོའི་མེ་ཏོག་དང་ཞོགས་ཁའི་ཉི་གཞོན་བཞིན་སྙན་ངག་ལ་རེ་ལྟོས་དང་སྲེད་པ་ཆེ་བའི་ན་གཞོན་སྐོར་ཞིག་ཀྱང་ལམ་དུ་ཆས་པའི་དུས་མགོ་ལ་སླེབས།ལོ་དེར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔྱད་གླེང་གི་ཚོགས་འདུ་ཞིག་བསྡུས་པ་དང་ཚོགས་འདུ་དེའི་སྟེང་ན་མི་རིགས་སོ་སོའི་འཐུས་མི་ཡི་སྙན་ངག་པ་མང་བོ་ཞིག་རྒྱ་སྟག་ལྟར་མཆོང་བ་དང་གླང་ཆེན་རི་ལ་བྱོལ་བ་བཞིན་དྲེགས་པ་དང་བཅས་ཏེ་བྱོན་ཡོད་པ་མ་ཟད། སྐབས་དེར་“ས་གནས་མི་གཅིག་པའི་མི་དང་སྐྱེས་ས་མི་གཅིག་པའི་ཤིང་”ཟེར་བ་ལྟར་གྲངས་ཉུང་མི་རིགས་ཀྱི་སྙན་ངག་པ་ཁྱུ་གཅིག་འདུས་པ་ནི་ལོ་རྒྱུས་ཀྱི་ངོས་ནས་གླེང་གཞི་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་དང་སྙན་ངག་གི་མི་རབས་གསར་བ་ཞིག་ཀྱང་བསུ་བའི་སྔ་ལྟས་ལྟ་བུ་ཆགས་ཕྱིན།  ཁོང་ཅག་གིས་སོ་སོའི་མི་རིགས་ཀྱི་རྩོམ་རིག་གནས་བབས་དང་མ་འོངས་པའི་དམིགས་འབེན་སོགས་གླེང་མོལ་བྱས་པ་བརྒྱུད་དེ་འཕེལ་རྒྱས་ཀྱི་གོ་རིམ་ཡང་གསལ་བསྒྲགས་བྱས་ཡོད་ལ།  སྐབས་དེར་གྲངས་ཉུང་མི་རིགས་ཀྱི་ཚོགས་ན་ཁ་ཕོ་དང་ལ་རྒྱ་ཡིས་གང་བའི་སྙན་ངག་གི་རུ་དར་འཕྱར་མཁན་ཡང་མང་བོ་ཞིག་ཡོད་པས་ང་ཚོའི་ངོས་ནས་ཨ་ཁུ་ཡི་དམ་ཚེ་རིང་ནི་དེའི་གྲལ་གྱི་རུ་དར་སྒྲེང་མཁན་གཅིག་ཡིན་པ་སྨྲོས་མེད་ཡིན་ལ།  སྐབས་དེར་ཁྲའོ་ཞན་གྲངས་ཉུང་མི་རིགས་དང་ཡུས་ནན་མི་རིགས། ནང་སོག་མི་རིགས་བཅས་ཀྱི་རྩོམ་རིགས་ཀྱི་གནས་བབས་ནི་བོད་རིགས་ཀྱི་རྩོམ་རིག་ལས་འཕེལ་རྒྱས་ཅུང་ཙམ་ཆེ་རུ་ཕྱིན་ཡོད་པ་རྔ་ཆེན་རོལ་དབྱངས་ཞེས་པའི་རྩོམ་གྱི་ཕྱི་ནང་བར་གསུམ་ནས་དེ་དག་དང་འབྲེལ་བའི་བརྗོད་དོན་རེ་རེ་ཁ་བ་ལྟར་ལྷབ་ལྷུབ་ཏུ་འབབ་ཡོང་ལ་སྦྲང་ཆར་ལྟར་སིལ་སིལ་དུ་འཐོར་ཡོང་། གཞན་དག་གི་རྩོམ་རིགས་ཀྱིས་ང་ཚོའི་རྩོམ་རིག་ལ་དོན་དངོས་ཐོག་ཏུ་གཉའ་ནས་མནན་ཞིང་ཟིལ་གྱིས་ཕབ་ཡོད་པ་ལྟ་བུ་ཞིག་གང་ནས་བལྟས་ཀྱང་སྣང་ན་ཡང་ཡི་དམ་ཚེ་རིང་ལྟ་བུ་སྐྱེས་བུ་ཞིག་གིས་ང་ཚོ་ལ་སྔར་ལས་ལྷག་པའི་སེམས་ཤུགས་དང་ང་རྒྱལ། སྤོབས་པ་དང་རེ་ལྟོས་བསྩལ་བའི་ཆེད་དུ་དེ་ལས་ལྡོག་སྟེ་མུ་ནས་མུ་རུ་མདུན་ནས་མདུན་དུ་བསྐྱོད་རྒྱུ་དང་གོམ་ཁ་ཇེ་མགྱོགས་སུ་གཏོང་བའི་ཐབས་སུ་ངེས་པར་དུ་རྔ་ཆེན་གྱི་འབོད་བརྡ་ཞིག་རྗེས་རབས་པ་ལ་བརྡུང་དགོས་པ་གསལ་ཡོད་པས།ད་དུང་ཡང་དུང་སྒྲ་དང་འཁར་རྔ་སོགས་ཀྱི་ཉག་ཕྲ་བའི་འབོད་སྒྲ་ཙམ་ལ་ཞེན་ནས་བསྡད་པ་ཡིན་ན་ནམ་ཡང་བསམ་བློ་དང་སྒྱུ་རྩལ་གྱི་ཡང་སྙིང་མི་རྙེད་པ་དང་གཉིད་ལས་སློང་མི་ཐུབ་ཕྱིར།  ཁོང་ལ་མཚོན་ན་འགན་འཁྲི་འདིའི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་མ་ཟད་སྐུལ་སློང་གི་ཚོར་ཤུགས་ཇེ་དྲག་ཏུ་སོང་བས། མི་རིགས་ཤིག་ལ་གཞན་དག་ལས་ལྷག་པའི་ཡབ་མེས་ཀྱི་རིག་གཞུང་གི་བརྩམས་ཆོས་བལྟས་ན་རི་བོ་ལས་དཔངས་མཐོ་ཞིང་ཐོས་ན་རྒྱ་མཚོ་ལས་གཏིང་ཟབ་པའི་རྣམ་གྲངས་གྱ་ནོམ་པ་ཞིག་ཡོད་པ་མ་ཟད། ད་ལྟའི་རྩོམ་རིག་གི་གནས་བབས་འདིའང་དུས་དང་འགྲོགས་ནས་བག་ལ་ཉལ་བའི་སྣང་ཚུལ་ཙམ་ཞིག་སྟེར་བ་ལས་མ་འོངས་པའི་ཕྱི་རབས་པ་ཚོའི་རྩོམ་རིག་གི་ལམ་ཁའང་ཁྱོན་ནས་མེད་པ་དང་ཤི་སོང་བ་ལྟ་བུ་མ་ཡིན་པར་ཕ་ཡུལ་གྱི་མུ་མཐའ་མེད་པའི་རྩྭ་ཐང་བཞིན་ཡངས་ཤིང་རྒྱ་ཆེ་ལ་རྒྱབ་རི་སྨུག་པོ་བཞིན་དབུ་ལོ་མཐོ་བས། ཁོང་གི་བསམ་ཡུལ་དུ་དེ་དག་ནི་ལྟོས་བཅས་ཀྱི་རེ་ལྟོས་ཤིག་ཏུ་གྱུར་བ་ལས་ཁ་ཐུག་གི་ཕམ་ཁ་དང་ཉམས་རྒུད་ཀྱི་གནས་བབས་ཤིག་ཏུ་ཁས་བླངས་ན་མི་འགྲིག་པ་དགོངས་ཕྱིར་ས་སྐྱ་ལེགས་བཤད་ལས་ཀྱང་།“མེ་ནི་ཐུར་དུ་ཁ་བསྟན་ཀྱང་། །མེ་ལྕེ་གྱེན་ལ་འབར་བ་མཐོང་། །”ཞེས་གསུངས་པ་བཞིན། ཁོང་གི་རེ་བ་དང་ཡིད་ཆེས་ཀྱི་ལམ་ནས་བོད་ཡིག་རྩོམ་རིག་གི་དཔུང་ཚོགས་དེ་དག་བག་ལ་ཉལ་བའི་གདོང་ལྔ་བཞིན་འབྱུང་འགྱུར་གྱི་དུས་སྐབས་སུ་དྲག་ཏུ་ཁྲོས་ཤིང་རྩལ་གྱིས་མཆོང་ཐུབ་པའི་རེ་བ་དང་། རལ་བ་གསིག་ཅིང་གནམ་ས་གཡོ་བཞིན་ཆེས་མཐོ་ས་ནས་གཟི་བརྗིད་ལྡན་པའི་ངང་ནས་དཔའ་རྟགས་ངོམ་པའི་སྤོབས་པ་དང་།  ངོམ་ཡང་དགོས་ངེས་ཞེས་ཁུ་ཚུར་དམ་དུ་བསྡོམས་ཤིང་མདུན་ནས་མདུན་དུ་གཟིགས་ཏེ་གྲུབ་འབྲས་བཟང་བོ་ཞིག་ལ་རེ་བསྙེག་གིས་ཁེངས་ནས་འདི་ལྟར་རྔ་ཆེན་རོལ་དབྱངས་ཞེས་པའི་འབོད་སྐུལ་གྱི་ཞལ་རྒྱུན་རིང་མོ་ཞིག་ད་བར་དུ།  དམ་ཚིག་གི་རྒྱ་མ་ལྷོད་ཅིང་ཕྱི་དྲན་གྱི་མིག་མ་ཟུམ་པར་དུས་དང་དུས་སུ་ང་ཚོ་ལ་སྐུལ་ལྕག་དང་ཀྭི་སྒྲའི་ལམ་ནས་རྣམ་ཤེས་ཀྱི་སྒྲོན་མེ་ལ་སྣུམ་ཞག་གི་ཟུངས་ཁྲག་མེར་མེར་བསྩལ། སྐད་ཡིག་གི་གཤོགས་ཟུང་ལ་ཉི་འོད་ཀྱི་ཚན་ཁ་ཡང་ཡང་སྤྲོས།  མདོར་ན་ཁྱེད་ཀྱི་རླབས་ཆེན་གྱི་གོམ་སྒྲ་གཅིག་གིས་རྒྱལ་ཁབ་དང་མི་རིགས་ཤིག་གི་རྩོམ་རིག་གི་ངལ་དུབ་དང་སྐད་ཡིག་གི་གཉིད་མུག་མཐའ་དག་རིང་ནས་རིང་དུ་བསྐྲད་དེ་མཚར་སྡུག་ལྡན་པའི་ཕུགས་བསམ་གྱི་ལམ་ཁ་ཞིག་ཏུ་བསྐྱལ་བ་ཡོངས་གྲགས་ཡིན།


གསུམ་པ།  སྙན་ངག་དང་མཚོན་ཐབས་ཀྱི་སྡུད་ཤུགས།


     སྙན་ངག་གཅིག་ཞིབ་ཏུ་བཀླགས་པས། བརྗོད་བྱའི་ཚིག་དོན་གཉིས་ཀ་ལས་སྔ་མས་ཕྱི་མ་ཇེ་ནས་ཇེ་གསལ་དུ་གཏོང་བ་དང་ཕྱི་མས་སྔ་མའི་ནང་དོན་དག་ཇེ་ནས་ཇེ་ཟབ་ཏུ་གཏོང་བ་ནི།  ཨ་ཁུ་ཡི་དམ་ཚེ་རིང་གི་རྔ་ཆེན་རོལ་དབྱངས་ཞེས་པ་འདི་ཡིན་འོས་ལ་ཚིག་གི་རྩལ་རྫོགས་ཤིང་།  དོན་གྱི་སྟོབས་རྒྱས་པའི་ཟིལ་དང་ཟིལ་གྱིས་མི་ནོན་པའི་རྩོམ་པ་པོའི་ཁོང་གི་སྐུའི་བརྗིད་དང་སྙན་ངག་གི་རྩོམ་གཤིས་གཉིས་ཀྱི་བར་ལའང་ལྷུན་པོ་དང་དེའི་སྤོ་ན་འགྱིང་བའི་གཅན་གཟན་ལྟ་བུའི་རྟེན་འབྲེལ་གྱི་སྣང་བ་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་འཆར་ཡོང་སྟེ།  ཨ་ཁུ་ཡི་དམ་ཚང་གི་བརྩམས་ཆོས་༼ གངས་རི་དང་གངས་སེང་། གངས་ལྗོངས་དང་ཁ་བའི་ལྗོངས་༽ཞེས་པའི་མ་རྩོམ་དག་དང་མཇལ་ཐེངས་རེ་རེར་སྐུ་དྲག་ཐུགས་ཁྲོ་ཚ་བ་ཞིག་གི་ཁྱིམ་དུ་སླེབས་སོང་བ་དང་འདྲ་ལ་རྩོམ་པ་པོ་ཁོང་གི་རྔམ་བརྗིད་ཆེ་བའི་ཞལ་ངོ་ཉིད་ཀྱང་དབང་མེད་དུ་དྲན་ཡོང་། ཕྱོགས་གཞན་ཞིག་ནས་གླེང་ན་ཁོང་གི་བརྩམས་ཆོས་དག་ཇི་འདྲའི་ངག་ལ་བདེ་ཞིང་རྣ་བར་སྙན་པ་དང་། དོན་ལ་འབྱོར་ཞིང་ཀློག་མྱོང་བྲོ་བ་ཞིག་ཀྱང་རེད་ཨང་།  དེའང་རྔ་ཆེན་རོལ་དབྱངས་ལས་ཐོག་མ་གྲངས་ཉུང་མི་རིགས་ཀྱི་ཁྲོད་ནས་སྙན་ངག་གི་རྣོ་དབལ་ངེས་ཅན་ཞིག་ཏུ་ཐོན་ཡོད་པའི་མི་རིགས་འགའ་ཞིག་གི་རྩོམ་རིགས་ཀྱི་གནས་བབས་མཚོན་ཐབས་སུ་དྲངས་པ་སྟེ། ཚིག་རྐང་དང་པོའི་ནང་དུ་“ཁྲང་པེ་རི་བོའི་(长白山)རྒྱ་སྟག་ཁྲ་བོའི་ངར་སྐད”ཀྱིས་ཞེས་ཁྲའོ་ཞན་(朝鲜族)མི་རིགས་ཀྱི་རྩོམ་རིག་གི་གནས་བབས་མཚོན་ཐབས་སུ་བྱས་པ་དང་། མི་རིགས་རང་གི་རྩོམ་རིག་གི་འཕེལ་རྒྱས་མཐོང་བས་ཁོང་ཅག་ལ་བླ་ལྷག་གཞོམ་ན་མི་ནུས་པའི“སྙིང་ཁོང་གི་ལ་རྒྱའི་མཚོ་མོ་ཞིག་དགུང་ནས་དགུང་དུ་འཕྱུར་”གྱིན་འདུག་ཅེས་བྲིས་ཡོད་པས།  སྙན་ངག་ནི་མི་རིགས་ཤིག་གི་སྟོབས་ཤུགས་དང་འདུ་ཤེས་ཀྱི་མེ་ཕུང་གསོ་བའི་བུད་ཤིང་ལྟ་བུ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པ་དང་། ཚིག་རྐང་གཉིས་པ་ནང་དུ་ས་བབ་དང་གནམ་གཤིས་མཚོན་པའི་བདུད་རྩི་སྨན་ལྗོངས་ཞེས་སྔོན་དུ་དྲངས་ནས “ཞི་ཧྲོང་པན་ནའི་(西双版纳འབར་སྐད།)གླང་ཆེན”གྱིས་ཞེས་འབར་རིགས(傣族)དང་རྨེའུ་རིགས(苗族)སོགས་འདུས་པའི་ཡུན་ནན་གྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གི་འཕེལ་རྒྱས་དང་དགེ་མཚན་མཚོན་ཐབས་བྱས་ཡོད་པ་དང་“རྐང་འོག་ས་གཞི་སྔངས་ཤིང་འདར་བ”ཞེས་པའི་ཚིག་གིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལྕི་ཞིང་གཡུར་དུ་ཟ་བའི་ནང་དོན་བསྟན་ཐབས་བྱས་ཡོད་པ་དང་།  རྐང་འོག་ས་གཞི་ཡིན་ཡང་འདར་ཞིང་འབྲོ་བར་རྩོམ་པ་ཞེས་པ་ནི་རྟོག་བཏགས་ཀྱི་ངང་ཚུལ་ཕུལ་དུ་བྱུང་བ་འདིས་དོན་རྣམས་ཧྲིལ་གྱིས་དྲིལ་ཐབས་སུ་བྱས་པ་པས།  འདི་ནི་མི་རིགས་ཤིག་གི་འཚོ་གནས་དང་དེའི་རིག་གནས། མཐར་ཐུག་གི་ཕུགས་བསམ་ཡང་སྙན་ངག་གི་ལུས་ལ་ཞུགས་ཡོད་པ་ར་སྤྲོད་གནང་ཡོད།   གཞན་ཡང་ཚིག་རྐང་གསུམ་པ་ལས་“ནང་སོག(内蒙古)རྩྭ་ཐང་སྟེང་གི་རྟ་མཆོག་ཁྲོས་པའི་འཚེར་སྐད”ཀྱིས་སྐབས་དེའི་སོག་རིགས་ཀྱི་རྩོམ་རིག་ལ་མཚོན་ན། སྙན་ངག་པས “གློ་བུར”རམ་ཞེས་ཐེངས་དེར་སོག་པོའི་མི་རིགས་ཀྱི་རྩོམ་རིགས་གནས་བབས་ཀྱང་འཕེལ་རྒྱས་ཀྱི་རྣམ་པར་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་མྱུར་ཚད་ཀྱིས་སོང་བ་བཅས་བསྟན་ཡོད་ལ། འདི་དག་གི་རྒྱུ་དང་རྐྱེན་བྱས་ཏེ་དོན་འགྲུབ་རྒྱལ་གྱིས། “བ་ཚྭ་དྲི་དང་འགྲོགས་པའི་ཁ་རྩང་གིས་དེ་རིང་གི་སྐམ་པ་ག་ལ་སོད་”ཅེས་གསུང་བ་ནང་བཞིན།ཁོང་གིས་ཀྱང་འཕེལ་རྒྱས་མེད་པ་སོར་འཇགས་སུ་གནས་པ་ནི་ནོར་འཁྲུལ་ཡིན་པ་དང་། འཕེལ་རྒྱས་དང་མདུན་ཕྱོགས་ཀྱི་ལམ་ཁ་ལ་གཞུག་རྒྱུ་ནི་ང་ཚོས་ཅིས་ཀྱང་མིག་མདུན་གྱི་སློབ་སྦྱོང་དང་དམིགས་ཡུལ་ཡིན་པ་ར་སྤྲོད་བྱེད་ཆེད་གོང་མ་རྣམས་དཔེ་སྟོན་དང་འོག་མ་ནི་རང་ཉིད་ཀྱི་སྐུལ་ལྕག་གི་ཚུལ་དུ་བྲིས་ཡོད་པས། མདུན་བསྐྱོད་ཀྱི་ལམ་ཁ་ལ་མཐའ་མེད་པས་གོམ་པ་སྤོ་མཚམས་ཀྱང་འཇོག་མི་རུང་བའི་འབོད་སྐུལ་ཅིག་ཀྱང་ངམ་ངམ་ཤུགས་ཤུགས་ཀྱིས་བཏོན་ཡོད།


བཞི་བ།  སྙན་ངག་དང་སྲོག་དབང་གི་གནད་དམིགས།


     གོང་དུ་ཚིག་རྐང་གསུམ་ནི་མི་རིགས་གཞན་གྱི་གནས་ཁྱད་པར་བ་དང་།  སྲོག་ཆགས་ཁྱད་པར་བ།  དེའི་གཟི་བརྗིད་ཁྱད་པར་བ་ཞིག་གིས་མི་རིགས་དེའི་རྩོམ་རིག་གི་བརྗོད་དོན་བསྡུས་ནས་དཔེ་གཟུགས་སྦྲགས་མ་ཤིག་ལས་བཀྲོལ་ཐབས་སུ་བྱས་ཡོད་པ་དང་། དེའི་དགེ་མཚན་གྱིས་མི་རིགས་སོ་སོའི་བླ་ན་མེད་པའི་དབུ་འཕང་བསྟོད་ཡོད་པ་དང་རྒྱལ་ཡོངས་སུ་ཤུགས་རྐྱེན་ཐེབས་ཡོད་པ་སོགས་མཚོན་ཡོད། དེའི་ཚད་གཞི་ནི་བློའི་ཡིད་དུ་ཤོང་དཀའ་བའི་“རྐང་འོག་ས་གཞི་སྔངས་ཤིང་འདར་ཞིང་འབྲོ་བར་རྩོམ”ཞེས་པའི་རྟོག་བཏགས་ཀྱི་སྒྱུ་རྩལ་ལས་ཁོལ་དུ་ཕྱུང་བའི་ཡིད་བརྙན་གྱི་ཆ་དེས་ཟིན་ཡོད་པ་དང་།  ད་ནི་འདི་དག་མཐོང་བའི་རྒྱུ་དང་རྐྱེན་བྱས་ཏེ་ང་ཚོ་དང་ཆེས་ཐག་ཉེ་བའི་ཆགས་སྡང་ཅན་གྱི་སྐྱེས་བུ་ཞིག་གིས་བོད་རང་གིས་ཀྱང་རྩོམ་རིག་གི་ལམ་ཁ་ནས་བརྩོན་ཤུགས་བསྐྱེད་དགོས་པའི་སྤོབས་པ་དང་རེ་བ་ཆེ་ཆེ་ཞིག་རྙེད་པའི་ཚུལ་ནི།   ཁོང་གིས་འདི་ལྟར་གསུང་མྱོང་ཡོད་དེ། “མི་རིགས་ཀྱི་ལ་རྒྱ་དང་མི་དམངས་ཀྱི་བརྩེ་དུང་སྙན་པའི་དབྱངས་སུ་གྱེར་བའི་ལས་ནི་སྙན་ངག་པའི་སྙིང་རྩའི་ནུས་པ་ཡིན་ལ། སྐུལ་སློང་བྱེད་ཡུལ་དེའང་དུས་རབས་ཧྲིལ་བོ་ཞིག་གི་བསམ་བློའང་ཡིན། ”ཞེས་ཕྱི་རབས་པའི་བསམ་པའི་སྐུལ་སློང་གི་འདུན་པ་དེའང་ཤུགས་དྲག་ཏུ་སློང་བའི་ཆེད་དུ་གཡུ་འབྲུག་སྔོན་མོ་རྩལ་གྱིས་མཁའ་རུ་འཕྱོ་བ་བཞིན་ཡུལ་ཁམས་ཟིལ་གྱིས་གནོན་པའི་གད་རྒྱངས་ཤིག་གི་རྔ་སྒྲ་སྒྲོག་མགོ་བརྩམས་པ་ཡིན་ཏེ། དེའང་ཚིག་རྐང་བཞི་བ་ནི་རྩོམ་འདིའི་སྲོག་གི་དབང་བོ་དང་དོན་གྱི་འབབ་སའི་ཡང་སྙིང་ཡང་ཡིན་པས།  རྩོམ་པ་པོས་ཀྱང་ཚིག་ཉུང་ལ་དོན་བསྡུས་ཏེ་གཏན་ལ་ཕབ་ཚུལ་འདི་ནི། “བདག་ནི་ཉུང་ངུས་རྒྱས་པའི་དོན།  །སྟོན་པའི་སྦྱོར་བ་ལ་དགའ་བས། །”ཞེས་ས་སྐྱ་པས་གསུངས་པ་ལྟར་ཚིགས་རྐང་གཅིག་ལས་མེད་ཀྱང་“འགྲོ་ས་ཁྱིམ་དང་འདུག་ས་གདན་ཡིན་”ཞེས་པའི་དཔེར་ལྟར་བརྗོད་བྱའི་གནད་ཀྱི་དམ་པ་ནི་འདི་ཡིན་པས།དེའང་“ཏི་སེ་ལྷུན་པོའི་བག་ལ་ཉལ་བ”ཞེས་པའི་ཚིག་གི་དོན་ནི་བོད་ཀྱི་རྩོམ་རིག་གི་ངོ་གདོང་དང་སྐབས་དུས་ཀྱི་གནས་བབས་མཚོན་ལ་ཁོང་གིས་མཐོང་ཚུལ་ཞིག་ལ་བོད་ཀྱི་རྩོམ་རིག་ནི་བླ་ན་མེད་པའི་གདོང་ལྔ་བཞིན་དབང་འབྱོར་བའི་སྲོག་ཆགས་ཤིག་དང་འདྲ་བོ་ཡོད་རུང་།  རེ་ཞིག་དུས་ཀྱི་རྒུད་པ་དང་བསྟུན་ནས་བག་ལ་ཉལ་བའམ་སད་ཐབས་སུ་མ་བྱུང་བའི་སྣང་བརྙན་འདི་ནི་རྗེས་ལུས་སུ་ཡིན་པའི་ཚོར་བ་ཞིག་དྲན་པའི་གཏིང་རིམ་དུ་དོགས་སློང་ཞིག་ཏུ་འཁར་བས།   ཁོང་དང་ཁོང་ལྟ་བུ་རིགས་འདྲའི་སྙན་ངག་སྨྲ་བ་བོ་མང་བོ་ཞིག་ལའང་ཚོར་བ་འདི་དང་འདི་ལྟ་བུ་ཞིག་སྟེར་དང་སྟེར་གྱིན་ཡོད་ནའང་དེ་ཉིད་གླུ་རུ་ལེན་ནས་བཀུག་མ་ཐུབ་པར་མུ་མཐུད་ནས་ལྷག་འགྲོ་བ་ནི། ཁོང་གིས་ང་ཚོའི་ན་ཟུག་གཅིག་ཡིན་པར་རྟོགས་ཡོད་ལ་དེ་བས་ཁོང་གིས་སྤོབས་པའི་ཡིད་སེམས་མཁའ་རུ་འཕྱོ་ནས་འདི་ལྟར་སྙན་ངག་གི་སྣང་བརྙན་ནམ་མཚོན་བྱེད་ཀྱི་མེ་ལོང་ཞིག་བཞེངས་བསྐྲུན་བྱེད་དགོས་བྱུང་བ་ཡིན་སྟབས།  རྩོམ་འདིའི་ཚིག་གི་ཟུར་དང་འགྲོགས་ནས་སོང་ན་ཡི་དམ་ཚེ་རིང་གི་དགོངས་དོན་ནི་རྩོམ་རིག་གི་རྨང་གཞི་གཏན་ནས་མེད་ས་ཞིག་ནས་ཡོད་དགོས་ཞེས་པའི་སྟོང་སྤོབས་ཀྱི་ཁ་ཤོམ་ཞིག་ལབ་ཀྱིན་མེད་ལ། ཁོང་གིས་སྔར་མེས་པོའི་ཤུལ་བཞག་གི་བརྩམས་ཆོས་ཀྱི་རིན་ཐང་དང་དོན་སྙིང་གྱ་ནོམ་པ་ཞིག་ཡོད་པ་གཞི་བྱས་ཏེ་ལོ་རབས་འདིའི་སྐབས་སུ་ཤུལ་རྗེས་མ་ཟིན་པའི་རྩོམ་རིག་གི་གནས་བབས་ཤིག་མཚོན་ཐབས་སུ་དྲངས་པ་ནི་ཤུགས་ཀྱིས་རྟོགས་རིགས་ཏེ།དེའང་ཁོང་གིས་ཀྱང་འདི་ལྟར་གསུང་ལ་“རང་གིས་ནམ་ཡང་ཕྱི་རྟིང་མེད་པའི་ཨ་ཀྲད་ཅིག་གྱོན་ནས་གོམ་པར་སྤོ་མི་ཐུབ་པར། སྔོན་བྱོན་ཉི་ཟླའི་རྗེས་སུ་སྙེག་པའི་དམ་པ་རྣམས་ལ་དམོད་པའི་སྨྲེ་སྔགས་འདོན་མོད། མཆིལ་མའི་ཐལ་བ་འབུམ་ཕྲག་རང་ལ་འབེབས་པའི་ལས་ལ་བཤོལ་ན་མི་ལེགས་སམ།”ཞེས་གསུངས་པ་ཡང་གནད་ལ་ཁེལ་བ་ཞིག་མི་འདུག་གམ། གང་ལྟར་ཁོང་གིས་སྐུ་ཚེ་ཉིད་ལ་རྒྱ་ཡིག་གི་ལམ་ནས་སྙན་ངག་གསར་རྩོམ་གྱི་འཕྲིན་ལས་སྐྱོང་ཡོད་ནའང་རེ་བ་དང་རྒྱབ་སྐྱོར་ཆེས་ཆེ་ས་ནི་བོད་ཀྱི་རྩོམ་རིག་གི་སྡེ་ཁག་ཡིན་ལ་རྩོམ་གྱི་ནང་དོན་ཡང་གངས་རི་དང་རྩྭ་ཐང་ལས་འཕྲོས་ཤིང་རྩམ་པ་དང་ཤ་ཁུའི་ངེད་མ་ཡལ་པའི་སྐད་ཆ་དེ་དག་ད་དུང་ཡང་ང་ཚོའི་རྣམ་ཤེས་རེ་རེའི་འཚོ་བའི་རྟེན་དུ་གནས་ཡོད་ལ། ཁོང་གིས་ཆེས་བླ་རུ་བཀུར་བའི་མི་སྣ་ཡང་བོད་ཀྱི་བུ་སྟོན་རིན་ཆེན་གྲུབ་དང་། པཎ་ཆེན་རིན་པོ་ཆེ། དོན་འགྲུབ་རྒྱལ་སོགས་ལྟ་བུ་ཡིན་ཞིང་དེ་བས་བོད་ཀྱི་རྩོམ་རིག་ལ་ལམ་ཞིག་གཞི་ནས་མེད་པ་མ་ཡིན་པར་ལམ་དེའང་མུ་ནས་མུ་རུ་ཇེ་ནས་ཇེ་ཆེ་རུ་གཏོང་དགོས་པའི་དཔའ་གདེང་དང་བཅས་ཏེ།  བག་ཏུ་མ་ཉལ་བར“ཁོག་དཔུང་ལ་རྒྱའི་གཡུ་རལ་གསིག་པའི་གདོང་ལྔ་བཞིན་སེམས་ཀྱི་གངས་རི་ན་འཕྱོ་”དགོས་ཞེས་དང་། ཡང་ན་འཕྱོ་ལ་ཤོག་ཅེས་མི་རིགས་རང་གི་ཁྱད་རྟགས་ལྟ་བུ་སྲོག་ཆགས་ཀྱི་ནང་ནས་རྒྱལ་པོ་དང་། ཁོར་ཡུག་གི་མཛེས་པ་ནི་ཏི་སེ་ལྷུན་པོ་བཞིན་མཐའ་དག་སྨན་མར་གྱི་ཞུན་ལྟར་བསྡུས་ནས་བོད་ཀྱི་རྩོམ་པ་པོ་སུ་ལའང་ཐུན་མོང་མིན་པའི་ང་རྒྱལ་ཞིག་དང་རེ་བ་ཞིག་གི་རྗེས་སུ་བསྙེགས་ཏེ་ན་སོན་པའི་ཆེད་དུ་བདུད་རྩི་ཐུན་མཚམས་དང་བསྟུན་ནས་གསོས་སུ་གནང་བ་ཡིན་ལ། ཚོར་བ་ཟབ་ས་ཞིག་ནས་སྙན་ངག་གི་འཇིག་རྟེན་ཞིག་བསྐྲུན་རྒྱུ་དང་། དྲང་བདེན་མཐར་འཁྱོལ་གྱི་སྐད་ཆ་རེ་གསོན་ཐུབ་པའི་རེ་བ་དང་། སྒུལ་ན་མི་ཐུབ་པའི་རུས་པ་སྲ་བསྲེགས་ཅན་གྱི་ཁ་ཕོ་རེ་ཡོད་རྒྱུ་བཅས་དུས་རབས་ཤིག་གི་འཕོ་འགྱུར་གྱི་རི་མོ་གང་ཞིག་མ་འོངས་པའི་ལོ་རྒྱུས་ཀྱི་མེ་ལོང་་ངོགས་སུ་ཕྱི་གསལ་ནང་གསལ་དུ་སྟོན་ཐུབ་པའི་འབད་པ་དང་བཅས་ཏེ་ལམ་དུ་ཆས་དགོས་ཞེས་སྐུལ་བའི་ཚིག་གིས་ཡང་ཡང་འདེད་ཡོད་པ་དེས། དུས་ཐོག་གི་ཆར་བ་དང་ནད་ཐོག་གི་སྨན་དཔྱད་བཞིན་དུས་ཀྱི་དཀྱོག་མཚམས་རེ་རེ་ནས་ཇེ་ནས་ཇེ་གསལ་དུ་གྱུར་ཡོད་ཅིང་ད་ལྟའི་བར་དུ་ངར་ཤུགས་ཀྱི་རྒྱུན་མ་ཉམས་ཤིང་མཚམས་མ་ཆད།  ཁོང་གི་སྒུལ་ཤུགས་ཀྱིས་མི་རབས་ཤིག་གི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་། ད་ལྟ་ང་ཚོས་ངོམ་ན་ཆོག་པའི་སྙན་ངག་གི་རུ་དཔུང་ཞིག་ཧི་མ་ལའི་ཉེ་འདབས་ནས་བྱང་སྐར་སྨེ་བདུན་ལྟར་གནམ་གྱི་དཀྱིལ་དང་ས་ཡི་དབུས་ན་འོད་ལམ་ལམ་དུ་འཆར་ཡོད་པ་དེའང་སྙན་ངག་མཁན་ཞིག་གིས་ང་ཚོ་ལ་གནང་བའི་ཚེ་སྲོག་གི་དྭངས་མ་ཞིག་ལས་འཁྲུངས་པའི་མེ་ཏོག་གི་ཚོམ་བུ་ཞིག་ཀྱང་ཅི་ལ་མིན། ཁོང་གིས་ཡང་འདི་ལྟར་གསུངས་ཏེ།“རང་མི་རིགས་ལ་དགའ་བའི་སྤྲོ་སེམས་དེ་ནི། ངའི་སྙིང་གི་ཁྲག་དྲོན་འཕྱུར་བའི་གདངས་སྙན་ཡིན། རང་མི་རིགས་དར་རྒྱས་སུ་གཏོང་བའི་འགན་ཁུར་དེ་ནི་ངའི་སེམས་ཀྱི་རྒྱུད་མངས་བརྡུང་བའི་རོལ་དབྱངས་ཡིན། དེ་བས་ངས་རང་མི་རིགས་ལ་སྐུལ་སློང་བྱེད་པའི་རོལ་ཆ་བསྐྲུན་དུས། ཚམ་ཚོམ་མེད་པར་རང་གི་བླ་སྲོག་བཞུས་པའི་དྭངས་མ་དེ་རྒྱུ་ཆ་བྱས་པ་ཡིན། ”ཞེས་གསུངས་པ་ལྟར་རོ། །


ལྔ།  སྙན་ངག་དང་དཔང་བསྟོད་ཀྱི་རླབས་སྒྲ།


      ཚིག་རྐང་ལྔ་བ་ལས་དཔྱིད་ཀྱི་དཔལ་མོ་སླེབས་པའི་དུས་སུ་ཞེས་ཐེངས་དེའི་རྩོམ་རིག་དཔྱད་གླེང་ཚོགས་འདུའི་སྟེང་མི་རིགས་སོ་སོའི་འཐུས་མི་ཡིས་“མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཚུལ་”དུ་ཀྲུང་ཧྭ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་དབྱེ་ཞིབ་བྱས་པའི་དགེ་མཚན་གྱི་ལོ་ཟླ་ཞིག་ཏུ་དགོངས་པ་དང་།  དེའི་ཕྱིར་ན་ལོ་རབས་བརྒྱད་ཅུ་བའི་སྟོད་ནི་དགེ་མཚན་དང་རེ་ལྟོས་འབའ་ཞིག་གིས་ཁེངས་པའི་དཔྱིད་ཀ་སླེབས་པའི་བསྐལ་བ་དང་འདྲ་སྟབས་“དཔྱིད་ཀྱི་དཔལ་མོ་སླེབ་པའི་དུས་སུ་”ཞེས་སྐབས་དེར་བརྩམས་ཆོས་ཀྱི་མྱུ་གུ་མང་བོ་ཞིག་འབུས་འགོ་བརྩམས་པ་དང་མང་བོ་ཞིག་མེ་ཏོག་ལྟར་བཞད་ཡོད་པའི་དུས་སུ་སླེབས་ཡོད་ཕྱིར།  “མི་རྟག་སྣོད་ཀྱི་འཇིག་རྟེན་འདི་ཡིས་”ཞེས་སྤྱིར་ན་ཕྱི་སྣོད་ཀྱི་བཀོད་པ་ལྷུན་ཆགས་ལྟ་ན་སྡུག་པ་ཞིག་ཡིན་ནའང་རྟག་བརྟན་མ་ཡིན་པའི་ཕྱིར་ན་སྐབས་རེར་འཕེལ་བ་དང་མཚམས་རེ་འགྲིབ་པའི་རྒྱུ་རྐྱེན་རྟེན་འབྲེལ་མང་བོ་ཞིག་ཚོགས་པའི་དབང་དུ་གྱུར་ཡོད་སྟབས། སྐབས་དེར་ལོ་རབས་བདུན་ཅུ་པའི་སྤྱི་ཚོགས་ཀྱི་གནས་བབས་དང་བསྡུར་ན་བརྒྱད་ཅུ་པའི་དུས་མགོར་མི་རིགས་སོ་སོའི་རིག་གནས་དང་དཔལ་འབྱོར། ཆབ་སྲིད་བཅས་ནི་དཀར་ཕྱོགས་ཟླ་བ་བཞིན་ཉིན་རེ་ནས་ཇེ་འཕེལ་དང་དབྱར་གྱི་རྒྱ་མཚོ་བཞིན་ཇེ་རྒྱས་སུ་འགྲོ་བའི་དུས་སྐབས་སུ་སླེབས་ཕྱིན།  གནམ་ས་བླ་འོག་བརྗེས་པ་ལྟ་བུ་འཕོ་འགྱུར་ཞིག་གིས་ཕྱོགས་ཡོངས་ནས་སྒོ་འབྱེད་ཆེན་མོ་ཞིག་ཕྱེས་ཟིན་པས། ཁོང་གིས་གནས་ལུགས་ལ་རྒྱབ་བརྟེན་ནས་སྐབས་རེར་དར་བ་དང་མཚམས་རེ་རྒུད་པ་ནི་མི་རྟག་སྣོད་བཅུད་ཀྱི་རང་གཤིས་ཤིག་ཡིན་ནའང་ད་ནི་དར་བའི་དུས་སུ་སླེབས་ཡོད་པའི་གོ་སྐབས་དེ་ཉིད་རྟོགས་དགོས་པ་དང་“གྲ་སྒྲིག་ཅན་ལ་གོ་སྐབས་ཡོད་”ཅེས་པ་བཞིན་དམ་འཛིན་ལ་རན་པའི་གསལ་འདེབས་ཤིག་སྟེ། ཅིས་ཀྱང“སྙན་འཇེབས་སྒྲ་དབྱངས་”ཏེ་དུས་རབས་རེ་རེའི་འགྱུར་ལྡོག་གི་ཁུག་ཀྱོག་ནས་རླབས་ན་མེད་པའི་སྐྱེས་བུ་དག་གི་བརྩམས་ཆོས་དང་དེ་དག་གི་ལྷག་བསམ་དང་བརྩེ་སེམས་ཀྱིས་གང་བའི་ཟབ་དོན་རེ་རེ་ནི།  སྙན་ངག་པའི་མི་ཚེའི་ནང་གི་རྟེན་སྐལ་དང་ཤུལ་བཞག་ཡིན་པས་ཉན་པར་སྤྲོ་ལ་འོས་པ་ཡིན་ནོ་ཞེས་ཁོང་གིས་“སྙན་ངག་ནི་མི་ཚེ་གཏོང་བའི་ལམ་ཆང་ལྟ་བུ་ཞིག་དང་། སྐབས་འགར་སྤྲོ་སེམས་ཀྱི་མེ་ཕུང་སྦར་བར་གྱུར་ཏེ། ཁྱེད་ཀྱི་ཁྲག་རྒྱུན་དྲོན་མོ་རབ་ཏུ་ཁོལ་ཞིང་།བློ་སྟོབས་མཁའ་རུ་སྙེགས་པར་ཡང་ཡང་བྱེད་ལ། རྒྱང་རིང་དུ་བསྐྱོད་པའི་སྐུལ་མ་ཡང་ཡང་བྱེད་ཐུབ་”ཅེས་གསུངས་བཞིན། མདོར་ན་མི་རིགས་སོ་སོའི་རྩོམ་པ་པོའི་དཔྱད་མོལ་ཚོགས་འདུའི་སྟེང་ནས་རྩོམ་པ་པོ་སོ་སོས་གྱེར་ཞིང་ཀློག་པ་དང་།  འགྲེལ་ནས་དཔྱད་པ་སོགས་ཀུན་ཀྱང་ཚ་ཚ་འུར་འུར་གྱིས་ཁེངས་པའི་རྣམ་པར་དཔྱིད་ཀྱི་འཇོལ་མོ་སོགས་བྱ་དང་བྱེའུ་ཡི་སྐད་དང་འདྲ་བར་ཕན་ཚུན་ལ་སྙན་ཞིང་ཡིད་དབང་འཕྲོག་པ་བཞིན་མི་རྣམས་ཀྱིས་བརྩམས་ཆོས་ལ་རོལ་བ་ནི“རྣ་བར་སྤྲོ”བ་ཞེས་འོས་པའི་དོན་དུ་ནན་གྱིས་བསྐུལ་བ་དང་།སྤྱིར་ན་འཇིག་རྟེན་གྱི་ཆོས་ཉིད་དང་མཐུན་པ་ཞིག་སྟེ་དཔལ་ཡོན་གྱི་དུས་རབས་ཤིག་གམ་རྩོམ་རིག་གི་གྲུབ་འབྲས་དག་ཆར་ཞོད་ཀྱི་ཤ་མོ་བརྡོལ་བ་བཞིན་དུས་ཀྱི་བསྐལ་བ་བཟང་པོ་ཞིག་ཤར་སོང་ཞེས་དཔྱིད་དཔལ་བུ་མོ་བཅུ་དྲུག་གི་ལང་ཚོ་ལ་རྔམ་པར་རྒྱས་པ་བཞིན་ཡང་ཡང་བསྟོད་པ་དང་བཅས་ཏེ་བྲིས་པ་ལགས་སོ།།


དྲུག  སྙན་ངག་དང་རེ་སྨོན་གྱི་མཁའ་དབྱིངས།


      ཚིག་རྐང་དྲུག་པ་དང་བདུན་པའི་བསྟན་བྱ་གཙོ་བོ་ནི་“ཐ་དད་རིགས་ཀྱི་”ཞེས་མི་རིགས་སོ་སོ་ཞེས་བརྗོད་ན་འདོད་པ་དང་སྐབས་དེའི་རྩོམ་རིགས་དཔྱད་གླེང་གི་ཡུལ་དངོས་ལ་ཕེབས་པའི་རྩོམ་པ་པོ་ཙམ་ཕར་ཞོག   ལར་“འགྲོ་བ་དག་གི་ལོ་རྒྱུས་མཚོན་པའི་”ཞེས་དངོས་ཤུགས་གང་རུང་ལས་སོ་སོའི་ལོ་རྒྱུས་ཀྱི་ཡང་སྙིང་སྟེར་ཐུབ་པ་ནི་སྙན་ངག་མཁན་གྱི་སྐད་ཆ་ཡིན་པ་དང་།  སྐད་ཆ་དེའང་ལྷད་མེད་པ་སེམས་ཀྱི་གཏིང་རིམ་ནས་ཐོན་པའི་རིན་བྲལ་གྱི་གཏེར་ནོར་ལྟ་བུ་ཞིག་ཡིན་པས།  ཅིས་ཀྱང་སྙན་ངག་ནི་“སྙན་རྩོམ་རོལ་དབྱངས་སྤོབས་པའི་གདངས་ཀྱིས་གྱེར་བའི་ཚེ”ཞེས་དུས་རབས་རེ་རེའི་བོར་སྟོར་དུ་སོང་བའི་ཟང་ཟིང་ལྟ་བུ་མ་ཡིན་པར་གསོན་མྱོང་བའི་ངར་སྐད་ཅིག་སྟེ། ཨ་ཁུ་ཡི་དམ་གྱིས“ལོ་རྒྱུས་རིང་བོའི་མི་རིགས་ཀྱི་ངོ་མཚར་རིགས་གནས་ཀྱི་སྤྲིས་ཞགས་ཆགས་པ་ལས་དུས་རབས་སོ་སོའི་མཛེས་ཤིང་ཡིད་དུ་འོང་བའི་གླུ་སྟེ་སྙན་ཚིག་བྱུང་། སྔོན་གྱི་སྙན་ངག་མཁན་རྣམས་ཀྱི་དཀའ་ཚེགས་སྡུག་རུས་ཀྱིས་བྱུང་བའི་རིག་པའི་སྙིང་བཅུད་ལ་བརྟེན་ནས།  ངེད་ཅག་གི་ཉམས་དང་འགྱུར་བག་ལྡན་པའི་སྙན་ངག་གི་བདེན་འབྲེལ་རང་བཞིན་ཅི་དགར་མཚོན་ཐུབ་པ་བྱུང་བ་ཡིན།”ཞེས་དང་གསུངས་པ་བཞིན། ལར་སྙན་ངག་ནི་ད་ལྟའི་ཚོར་བ་དང་ཕྱིས་ཀྱི་ལོ་རྒྱུས་ཞེས་བརྗོད་པ་ལྟར།  ཁོང་གིས་སེམས་ནས་ཀྱང་རིན་ཐང་བླ་ན་མེད་པ་ཞིག་བཟུང་ནས་སྐབས་དེར་སྤོབས་པའི་གདེང་དང་བཅས་ཏེ་གཞན་རིགས་རྩོམ་པ་པོ་གྲས་ནས་རང་ཉིད་ཀྱང་མི་རིགས་ཤིག་གི་ཚབ་ཏུ་ལོངས་ཡོད་པས། ཅིས་ཀྱང་སྙན་ངག་གི་ལོངས་ཕྱོགས་དང་ཚབ་དོན་ཞིག་བསྒྲེང་དགོས་པ་ལ་ངེས་པར་དུ་མི་རིགས་རང་དང་ཐག་ཉེ་ཞིང་ཚིག་དོན་གྱིས་སྤུད་པའི་སྙན་ངག་གཅིག་ངོམ་དགོས་ཕྱིར“ཨ་མའི་སྙིང་ནས་གདམས་པའི་གླུ་”ཞེས་པ་དེ་ཉིད་ཉམ་ང་དང་བག་ཚ་མེད་པའི་སྒོ་ནས་ཡི་དམ་གྱིས་གྱེར་འདོན་བྱས་པ་གྲགས་ཤིང་། རྩོམ་ཡིག་དེའི་ཨ་ནི་ཡི་གེ་ཀུན་གྱི་གཞི་ཞེས་པ་ལྟར་རང་ཉིད་སུ་ཞིག་ཡིན་པ་དང་གང་ནས་འོང་བ།  མཇུག་མཐར་ཡང་གང་དུ་ལོག་དགོས་པ་བཅས་ར་སྤྲོད་བྱས་ཡོད་པ་གསལ་བཤད་ཀྱང་ཐུབ་ཡོད་ལ། ཨ་མ་ཞེས་པ་ནི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཤིག་དང་དེ་ལ་དུངས་བའི་བརྩེ་བ་ཞིག་ཀྱང་མཚོན་བཞིན་ཡོད། གཞན་ཡང་སྐབས་དེར་རྩོམ་པ་པོ་ཕན་ཚུན་ལ་སྙན་ངག་གི་གླེང་མོལ་དང་ཀློག་པའི་མྱོང་ཚོར་སོགས་དུ་མ་ཞིག་ཚོར་དྲུག་ཡིད་ཀྱི་སྣང་ངོ་རུ་འདོད་ཡོན་མཛེས་པ་བསམ་གྱིས་མི་ཁྱབ་པ་བཞིན། གོ་རིམ་རབས་དང་རིམ་པ་ཞིག་ལུས་ངག་ནས་ཡིད་དུ་བཞུར་རྗེས་འདས་དོན་གྱི་འཕེལ་འགྲིབ་རབ་རོབ་ཅིག་ཀྱང་ཡིད་དུ་སིམ་ཞིང་ད་ལྟའི་དཀའ་སྡུག་དང་བློ་ཕམ།  ཁྲག་དང་རྔུལ་ཆུ། འཁང་ར་དང་འགྱོད་པ། གྱེས་གདུང་དང་ཕམ་ཁ།  འགྲན་རྩོད་སོགས་སླར་ཡང་བྱང་ཁོག་ཏུ་ལྡང་ཞིང་འབྱུང་འགྱུར་གྱི་རེ་ལྟོས་དང་རྨི་ལམ། རླབས་ཆེན་གྱི་མིག་རྒྱང་དང་ཆོད་སེམས་ཀྱི་སྒལ་ཚིགས་སོགས་ལྷུ་ལག་སྤྲད་དེ་མི་རིགས་རང་གི་ཕྱི་རབས་པའི་བློ་ངོགས་སུ་སྔར་སོང་གི་ལོ་རྒྱུས་ཀྱི་ལང་ཚོ་དག་པུར་རིས་ལྟར་མ་འདྲེས་པ་སྣང་བརྙན་གསོན་པོ་ཞིག་བཞེངས་པའི་འདུན་པ་དང་རེ་ལྟོས་ཆེས་ཆེར་འཕེལ་སྟབས།   ཁོང་གིས་ཚིག་རྐང་མཐའ་མའི་ནང་དུ་འདི་ལྟར་བྲིས་ཡོད་དེ། “དཔལ་གྱི་ཡོན་ཏན་བླ་ན་འཕར་བའི་”ཞེས་འདས་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་ནས་མེས་དབོན་དམ་པའི་སྐུ་ཚེའི་མཛད་འཕྲིན་ལྟ་བུ་གོ་ཞིང་ད་ལྟའི་དབང་དུ་བྱས་ནས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་དཔལ་ཡོན་ཅན་གྱི་སྤྱི་ཚོགས་ལམ་དུ་ཆས་དང་ཆས་བཞིན་པའི་དུས་སྐབས་ཤིག་ཡིན་པ་མ་ཟད། འབྱུང་འགྱུར་གྱི་དབང་དུ་བཏང་ན་འདས་པའི་ལོ་རྒྱུས་སམ་ཡང་ན་ད་ལྟའི་“རྒྱལ་ཁབ་གཅིག་གི་མཛེས་པའི་སྣང་བརྙན་”ཞེས་སྙན་ཚིག་གི་མེ་དཔུང་དང་ཁྲག་དྲོན་གྱིས་མ་འོངས་པར་“ཕྱི་རབས་པའི་དྲན་ངོགས་སུ་ཕབ་”ཅེས་བསྐྱར་དུ་བསྐྲུན་པའམ་དབབ་པའི་སླད་དུ་སྙན་ངག་གཅིག་གི་ཚ་རླབས་ལས་བསྟོད་བསྔགས་ཡང་ཡང་གཏོར་ཞིང་།  འབྱུང་འགྱུར་གྱི་ཕྱི་རབས་པ་ཚོ་ལ་སྙན་ངག་གིས་གསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་གཡུང་དྲུང་རི་མོ་ཞིག་ཡང་ནས་ཡང་དུ་དབབ་འཐུབ་པའི་སྨོན་པ་བྱས་ཡོད།


བདུན། སྙན་ངག་དང་བདེན་སྟོབས་ཀྱི་གཟུངས་གཞུག


      སྙན་ངག་པ་སོ་སོའི་རྟོག་པའི་ཤོང་ཚད་དང་བསམ་ཕྱོགས་ཀྱི་འཁྱེར་ཚུལ་གྱི་དབང་གིས་བརྗོད་བྱ་ཡང་ཉེ་ནས་རིང་དུ་འགྲོ་བ་དང་རིང་ནས་ཉེ་རུ་སྡུད་ཚུལ། ཕྲ་བ་ནས་རགས་པར་གྱེས་པ་དང་རགས་པ་ནས་ཕྲ་བར་དུ་སྡུད་ཚུལ་ནི་འཕྲོས་རྟོག་དང་བརྗོད་སྙིང་གི་སྒྲོམ་གཞི་ཞིག་ཡིན་ཕྱིར། འདི་ནི་རིང་ནས་ཉེ་རུ་བླངས་པ་བཞིན་སྐབས་དུས་ཀྱི་ཡིད་འགྱུར་སྙན་ངག་གཅིག་སྟེ།  སྙན་ངག་གིས་ཕྱི་ནང་གནས་བབས་མཚོན་པ་དང་། དེའང་རྒྱ་ཆེ་ས་ཞིག་ནས་སྙན་ངག་པའི་འགན་འཁྲིའི་འདུ་ཤེས་དང་ཁ་སེམས་ཀྱི་དུངས་བ་དཀར་པོ། མི་རིགས་ཤིག་གི་ལས་དོན་ལ་དགའ་བ་དང་བྲེལ་བའི་དབུགས་རིང་ཞིག་སྟེ། སེམས་ཀྱི་ཟབ་ས་ཞིག་ནས་གླེང་ཡོང་བའི་སྙན་ངག་གཅིག་ཀྱང་ཡིན་པར་ངེས་ཤེས་ཐོབ་སྲིད།  ལར་འགའ་ཞིག་ནི་ཚོར་བ་ཐན་ཐུན་གྱིས་སྦྲིད་པའི་སྨྱོ་ལབ་དང་། སྒེར་དོན་འབའ་ཞིག་གིས་རུལ་བའི་རྩོམ་ཚུལ་མང་ན་ཡང་འདི་དང་འདི་ལྟ་བུ་སྙན་ངག་བར་གྱི་ཡང་ལྗིད་གཅིག་འདེགས་ཚེ། དོན་དུ་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ཕུགས་བསམ་ལ་སུ་ཞིག་བློ་ཉེ་མིན་དང་གང་ཞིག་ཚོར་བ་ཟབ་མིན་དེ་ད་གཟོད་རྟོགས་ཡོང་བ་ཞིག་ཡིན་ལ། དེའང་ཁོང་གིས“སྙན་ངག་ནི་སེམས་གཏིང་ནས་ཐོན་པའི་དུངས་སྐད་ཅིག་ཡིན་པས། སེམས་ལྡན་གྱི་ལྐུགས་པ་ཡིན་ཡང་ཡིད་འོང་འཕྲོག་པའི་སྐད་སྙན་སྒྲོག་ཐུབ་”ཅེས་གསུངས་པ་བཞིན། འདི་ལྟ་བུ་བརྗོད་དོན་གྱིས་ཕྱུག་ཅིང་ཚིག་སྦྱོར་གྱིས་རྒྱན་པའི་སྙན་ངག་མང་བོ་མེད་ལ་ཡོད་པ་རེ་ཟུང་ཡང་འདུ་ཤེས་ཟབ་ས་ཞིག་དང་རྨ་ཁ་ཆེ་ས་ཞིག་ནས་བརྡོལ་ཡོང་བ་ཤ་སྟག་ཡིན་པས། དེ་བས་རེ་ཞིག་འདི་ལྟ་བུ་སྙན་ངག་ཅིག་འཁྱོངས་དགོས་ན་ཅི་ནས་ཀྱང་སེམས་ཀྱི་ཟབ་ས་ཞིག་ནས་འབྱུང་དགོས་པ་ལས། སྤྱི་ཚོགས་ཀྱི་དབང་ཤུགས་དང་སྙན་གྲགས་ཙམ་གྱི་ཆེད་དུ་བྲིས་པ་ཡིན་ན་དེང་གི་ཡག་བཙོག་མི་ཤེས་པའི་མཛེས་བཟོ་བྱེད་མཁན་གྱི་བུད་མེད་དག་དང་འདྲ་བ་རེ་ཞིག་བསྟོད་བསྔགས་དང་འཐོབ་བྱ་རེ་མཆིས་ཀྱང་། ཕུགས་སུ་འདེད་ན་རིམ་གྱིས་ཆུ་དང་ཆར་བས་བརླན་ཞིང་ཉི་འོད་དང་ལྷགས་པས་གཙུབ་ཚེ་ལྷག་པར་ཇེ་བཙོག་ལ་སོང་སྟེ་མཐའ་མི་ཚོགས་ཀྱི་མཐའ་རུ་ལྟུང་སྲིད་པ་བཞིན། འུ་ཅག་སྙན་ངག་མི་དགོས་པ་གཏན་ནས་མ་ཡིན་ཞིང་དགོས་པ་དག་ནི་མཐར་ཐུག་གི་བདེན་པའི་རི་མོ་དང་རྨ་ཁ་ཞིག་མཚོན་ཐུབ་པ། ཚོར་བ་ཤུགས་དྲག་ས་ཞིག་ནས་སླད་མ་འདྲེས་པ་རང་བྱུང་གི་ཚུ་ཚན་བརྡོལ་བ་བཞིན་འགོག་མེད་དུ་ཚ་ཁོལ་ཁོལ་དུ་འཕྱུར་བའི་རེ་བ་ཆེ་ལ། དེ་བས་ཀྱང་དྲི་དང་བྲོ་བ་མ་ཡལ་པ་ཞིག་དགོས་པས་ཨ་ཁུ་ཡི་དམ་གྱིས། “རང་རིགས་སྙན་ངག་གི་གྲུབ་རྒྱུ་མི་ལྡན་པར། མི་རིགས་གཞན་གྱི་སྙན་ངག་གི་ལེགས་ཆ་ཇི་ལྟར་ལེན། ཕོ་བའི་འཇུ་སྟོབས་མ་འཛོམས་པའི་སེམས་ཅན་ཞིག་གིས་ཟས་ཀྱི་སྙིགས་དོར་བཅུད་ལེན་ཐུབ་པར་ཕར་ཞོག དེ་ལ་བཟའ་བཏུང་རེ་བའི་དང་གའང་མི་བདེ་བས། དེ་དག་དྭངས་མ་བླངས་པའི་བཅུད་གཅིག་གང་ན་ཡོད། ”ཅེས་པ་ལྟར།  མ་འོངས་པར་འུ་ཅག་བོད་ཀྱི་རྩོམ་པ་པོ་དག་ཀྱང་ཕྱོགས་རེ་བའི་བསམ་བློའི་སྣེ་ཞིག་ན་མི་སྡོད་པར་སྔོན་བྱོན་གོང་མས་བཞག་པའི་རིག་གཞུང་ལ་བླ་ལྷག་གི་ཐོས་པ་དང་བསམ་པ་རྒྱ་ཆེ་དགོས་པ་མ་ཟད། གཞན་ལུགས་ཤེས་བྱ་དག་ཀྱང་དབུ་ལ་ཏོག་ལྟར་རྒྱན་དུ་ལེན་པའི་མཁྱེན་ཡངས་དང་སྤོབས་སེམས་བསྐྱེད་དགོས་ལ།ང་ཚོས་དེ་དག་ཉག་ཉོག་གི་དབྱེ་འབྱེད་ཐུབ་དགོས་པ་དང་དྭངས་སྙིགས་ཚགས་ཤེས་པ་ནི་དེ་བས་ཀྱང་གལ་ཆེན་ཡིན་པས།  འགན་འཁྲི་རང་བཞིན་གྱི་རིག་གནས་དང་དགོས་མཁོ་རང་བཞིན་གྱི་རིག་གནས་གཉིས་ནི་ང་ཚོ་དང་གཏན་དུ་ཁ་བྲལ་མི་རུང་བས་གང་ཞིག་རྩ་བ་དང་ཡལ་གའི་དབྱེ་འབྱེད་ཀྱི་དོན་སྙིང་དེ་ཡང་རྟོགས་པ་ཤིན་ཏུ་གལ་ཆེ་བ་བཅས། མཐར་སྙན་ངག་གི་ཡབ་ཆེན་ཞིག་གིས་ཕྱི་རབས་པའི་ས་ཆེན་གྱི་ཨ་མའི་མངལ་སྣོད་དུ་གཅེས་པའི་ཚེ་སྲོག་གཅིག་བལྟམས་པ་ལྟ་བུ་རྔ་ཆེན་རོལ་དབྱངས་ཀྱི་བརྗོད་སྙིང་གླེང་བའི་ཆ་འདི་ཉིད།དུས་ཀྱི་མཚམས་ནས་ལྷག་པར་རྩོམ་རིག་གི་དཀྱིལ་སྙིང་ནས་སླར་ཡང་གད་རྒྱངས་ཀྱི་ཚུལ་དུ་སྒྲོག་ཐུབ་པའི་རེ་སྨོན་དང་ལྷག་བསམ་ཟོལ་མེད་ཀྱི་བདེན་སྟོབས་ངག་ལ་དྲངས་པ་འདི་ཉིད་རེ་ཞིག་མཇུག་བསྡུས་པ་ཡིན་ནོ། །

      ཞེས་ཀྱང་༢༠༢༣ལོར་གུས་པ་ལྡོང་རོང་བས་རྔ་ཆེན་རོལ་དབྱངས་ཀྱི་ཡང་སྙིང་གང་ཞིག་ཡིན་ནམ་ཞེས་པའི་ལན་གྱི་ཚུལ་དུ་བརྗོད་སྙིང་གཙོ་བོ་སྔོག་འདོན་གཞིར་བཟུང་ནས་སྙན་ངག་པ་ཡི་དམ་ཚེ་རིང་གི་བརྩམས་ཆོས་དང་དཔྱད་འགྲེལ་སྐོར་ཞིག་གི་དགོངས་ཚུལ་དང་བསྟུན་ནས་རྒྱས་ཙམ་བྲིས་པའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46320093
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1