གནམ་བསྐོས་གོང་མ་ཆེན་པོ་ཆན་ལུང་ནས་བོད་ཡིག་གཏིང་ཚུགས་པར་བསླབས་ཤིང་སྤེལ་བའི་ཚུལ་མདོ་ཙམ་བརྗོད་པ།
ཟམ་ཚ་ཚེ་རིང་དོན་གྲུབ།
གོང་མ་གནམ་སྐྱོང་ངམ་ཆན་ལུང་(1711---1799)ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་གོང་མ་ཚེ་ལོ་ཆེས་རིང་ཤོས་དང་། ཁྲི་འཛིན་གྱི་ཡུན་ཚད་ཆེས་རིང་བའི་གོང་མ་ཉག་གཅིག་པུ་དང་། དགུང་ལོ་གྱ་དྲུག་ཐོག་རྒས་ཡོལ་གྱི་ཚུལ་དུ་ཁྲི་ལས་བཤོལ་བ་ཡང་ལོ་རྒྱུས་ཐོག་མཐོང་དཀོན་པའི་གོང་མའི་མཛད་པ་ཞིག་ཏུ་བརྩི་ཐོག རྒྱ་བོད་སོག་པོ་མན་ཇུ་སོགས་མི་རིགས་ཆེ་ཁག་དུ་མའི་སྐད་དང་རིག་གནས་ལ་མཁྱེན་རྒྱ་ཡངས་པའི་གོང་མ་ཞིག་ཡིན་པར་ལོ་རྒྱུས་ཡིག་ཚང་མང་བོ་ཁ་མཐུན་ཞིང་ཕྱི་རབས་པའི་མིག་རྒྱན་དུ་གྱུར་ཡོད། པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་གི་རྣམ་ཐར་སྐྱབས་མཆོག་འཇིགས་མེད་དབང་བོས་མཛད་པའི་ནང་ཁོང་འཁོར་བཅས་ལྡང་ལར་འབྱོར་མཚམས་གོང་མའི་གསར་ཡིག་འབྱོར་བར། ལོ་རྗེས་མའི་ནང་པཎ་ཆེན་ཨར་ཏེ་ནི་ངེད་ཀྱི་སར་འབྱོར་བ་གདན་འདྲེན་ཞུ་རྒྱུ་ཡིན།
དེ་ཡང་ཏཱ་ལའི་བླ་མ་ལྔ་བ་ཆེན་པོ་ནང་ལྟར་གྱི་གདན་འདྲེན་ཞུ་རྒྱུ་ཡིན།དེ་སྐབས་དགོན་པ་ཆེན་པོ་ཞིག་བཞེངས་སྲོལ་འདུག་པ་ལྟར། འདི་ཡང་ངེད་ཀྱིས་བཀྲ་ཤིས་ལྷུན་པོ་ཇི་ལྟ་བ་བཞིན་གྱི་དགོན་པ་ཆེན་པོ་ཞིག་བཞེངས་ཏེ་ཡོད། ད་ཆ་ཡང་པཎ་ཆེན་ཨར་ཏེ་ནི་ལོ་རྗེས་མའི་སྟོན་དུས་སུ་ཕེབས་རྒྱུ་ལ་ངེད་ཀྱི་སེམས་བྲེལ་བར་ཡོད། ངེད་ད་ལྟ་ནས་བོད་སྐད་ཀྱང་སློབ་ཀྱིན་ཡོད་ཅེས་བཀའ་ལུང་བྱོན་པ་དང་། དེ་དང་མཐུན་པར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་དུ། སྲས་བཞི་བ་ད་ལྟའི་གོང་མ་བདག་པོ་ཆེན་པོ་འདི་ཉིད་ཀྱང་རྗེ་བླ་མ་དང་ལྷན་དུ་སློབ་གཉེར་མཛད་འཇུག་པ་གནང་། རྗེ་བླ་མ་མཆོག་ནས་རྒྱ་སོག་མན་ཇུ་རྣམས་ཀྱི་སྐད་རིགས་དང་ཡི་གེ་ཐམས་ཅད་ཞར་བྱུང་དུ་ཐུགས་སུ་ཚུད་པས། ཞེས་པ་ལྟར་བླ་མ་ལྕང་སྐྱས་གོང་མ་དང་ལྷན་སྐད་རིགས་མང་བོ་བསླབས་པ་གསལ།
ཡང་རྣམ་ཐར་དེ་ཉིད་ལས། གོང་མ་ཆེན་པོ་ནས་གསང་སྟབས་ཀྱིས་བཀའ་ཆོས་ཅི་རིགས་གསན་རྒྱུའི་སྙན་གསན་ཕེབས་པ་བཞིན་ཞལ་གྱིས་བཞེས་ཏེ། བླ་མའི་བཀའ་བཞིན་ཐོག་མ་རང་དུ་སྐྱབས་འགྲོའི་ཁྲིད་མདོར་བསྡུས་ཙམ་ཕུལ་ནས་རེ་ཞིག་གི་བར་དེ་ཉིད་ཐུགས་འདྲིས་མཛད་ཅིང་། བོད་ཡིག་གཟབ་གཤར་འབྲི་ཀློག་དང་དག་ཡིག་སྐོར་སྙན་འབུལ་མཛད་པར་གོང་མ་ཆེན་པོ་ཉིད་ངེས་པའི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མེད་པར་མ་ཟད།དྲང་དོན་དུ་གདུལ་བྱའི་སྣང་ངོར་ཡང་མཁྱེན་དཔྱོད་གཞན་དྲིང་མི་འཇོག་པས་བརྡའ་གསོལ་བ་ཙམ་གྱིས་ཚིག་དོན་མཐའ་དག་བདེ་བླག་ཏུ་ཐུགས་སུ་ཚུད་པའི་ཚུལ་མཛད། ཅེས་བྱུང་པ་ལྟར་བོད་ཡིག་གི་འབྲི་ཀློག་བརྡ་སྤྲོད་དང་བཅས་པ་བླ་མ་ལྕང་སྐྱ་བ་བསྟེན་ནས་མཁས་པར་བསླབས་ཚུལ་དང་། ཡང་དེ་ཉིད་ལས། ཉིན་གཅིག་གོང་མའི་ཞལ་ནས་ངེད་ཀྱིས་བོད་ཀྱི་ཡི་གེ་འབྲི་ཀློག་ཚགས་སུ་ཆུད་པ་བྱུང་། ད་ནི་ཧུ་ཐོག་ཉིད་ནས་དམ་པའི་ཆོས་ཀྱི་ཉམས་སུ་ལེན་ཚུལ་སྟོན་པར་མཛོད་ཅེས་ལུང་བུད་པ་ལྟར་དང་། བོད་སྐད་དང་འབྲེལ་བའི་ཤེས་རིག་གི་མཁྱེན་རྒྱ་ཡང་ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་ནང་། དེ་ནས་སྐབས་ཤིག་རྗེ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་མང་བོ་ཞིག་བཀའ་འདྲི་གནང་བར་(གོང་མས)སོ་སོའི་ལན་ཕུལ་ཞིང་། མདོ་སྔགས་སྤྱི་དང་ཁྱད་པར་ཟབ་མོ་དབུ་མའི་ལྟ་བ་ཇི་བཞིན་དཔྱིས་ཕྱིན་པར་འཆད་པ་བོད་དུ་རྗེ་བླ་མ་ལྟ་བུ་བོད་དུ་མ་བྱུང་བའི་ཚུལ་སྙན་སྒྲོན་ཞུས་པར་བརྟེན་རྗེ་བླ་མ་ཉིད་ནས་ཉེ་བར་བརྒྱུད་པའི་ལྟ་ཁྲིད་གཅིག་གསན་བཞེད་ནན་ཏན་ལྟ་བུ་མཛད་པས། རྗེ་བླ་མ་ཉིད་ནས་ལྟ་ཁྲིད་གཟབ་རྒྱས་ཞིག་ཐུགས་ཐོག་ནས་འཕུལ་མཛད་པར། དེ་ཉིད་ཡི་གེར་བཀོད་ནས་འབུལ་དགོས་ཚུལ་གནང་བ་བཞིན། ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་ཚུལ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་དེ་ཉིད་ལྗགས་རྩོམ་མཛད་ནས་ཕུལ་བས་(གོང་མ)ཐུགས་ཤིན་ཏུ་དགྱེས་པར་གྱུར་ཞེས་དང་།
ཡང་དེ་ཉིད་ལས། སྐབས་འདི་འདྲ་ཞིག་ཏུ་རྗེ་བླ་མའི་མཁྱེན་རབ་ཀྱི་ཀློང་ནས་ཟུང་ལྡན་དང་དབྱངས་ངེས་པའི་བྱ་དཀའ་བ་འབའ་ཞིག་གིས་བཅོམ་ལྡན་འདས་ལ་བསྟོད་ཅིང་བཀྲ་ཤིས་པའི་སྙན་ཚིག་དུ་མ་རེ་མིག་ཏུ་བཀོད་པའི་ཀུན་བཟང་འཁོར་ལོ་ཀླག་ཚུལ་ཡ་མཚན་ཅན། སྐད་གཉིས་ཤན་སྦྱར་གྱི་ཤིས་བརྗོད་སོགས་སྙན་ངག་གི་ཚིགས་བཅད་ཡིད་འཕྲོག་པ་དུ་མས་བརྒྱན་པ་ཆོས་སྲིད་དགེ་ལེགས་རབ་རྒྱས་ཞེས་བྱ་བ་ཞིག་མཛད་ནས། གོང་མ་ཆེན་པོར་ཕུལ་བས་གོང་མ་ཐུགས་ངོ་མཚར་བའི་སྔགས་བརྗོད་རྒྱ་ཆེར་གནང་ཞིང་། ཕྲལ་མར་པར་དུ་བསྐོས་ཏེ་བླ་དཔོན་དུ་མ་ལ་ཡ་མཚན་པའི་གནང་སྐྱེས་སུ་སྩོལ་བར་མཛད་དོ།། ཞེས་པ་ལྟར་གནམ་བསྐོས་གོང་མ་ཆན་ལུང་ནི་བོད་ཡིག་གི་འབྲི་ཀློག་ནས་སྙན་ངག་ཀུན་བཟང་འཁོར་དང་འཇམ་མགོན་བླ་མའི་བཞེད་དགོངས་བར་བསླབས་ཤིང་ཉམས་བཞེས་མཛད་མཁན་ཞིག་ཡིན་ལ། མཁས་དབང་སྨོན་ལམ་རྒྱ་མཚོས་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་མཇུག་གི་ཞུ་བ་བོའི་གཏམ་ཏུ། གོང་མ་ཆན་ལུང་མཆོག་ལ་བོད་ཀྱི་སྐད་ཡིག་སོགས་སློབ་ཁྲིད་གཏིང་ཚུགས་པ་ཞུས་ཞེས་པ་ནང་བཞིན་ནོ།།
གོང་མ་ཆེན་པོ་གནམ་སྐྱོང་ཉིད་ནས་བོད་ཡིག་ནང་བྱན་ཆུད་པ་མ་ཟད། སྲས་རྣམས་ཀྱིས་ཀྱང་བོད་ཡིག་ལེགས་པར་ཤེས་པའི་ཚུལ། པཎ་ཆེན་དཔལ་ལྡན་ཡེ་ཤེས་པེ་ཅིང་དང་ཐག་ཉེ་བར་ཕེབས་པའི་སྔོན་བསུ་ལ་གོང་མའི་སྲས་དྲུག་པ་དང་བླ་མ་ལྕང་སྐྱ་བ་གཉིས་ཕེབས་གདོང་། ལྷ་སྲས་དྲུག་པས་གོང་མའི་བཀའ་ཤོག་བོད་སྐད་དུ་ཀློག་པའི་ཚུལ་འཁོད་པ་ནི་ལྷ་སྲས་ནས་རྗེ་ཉིད་(པཎ་ཆེན་རིན་པོ་ཆེ)ཀྱི་ཕྱག་ནས་འཇུ་བ་གནང་སྟེ་ཞབས་པུས་འཛུགས་གནང་མི་དགོས་པ་སོགས་གོང་མ་ཆེན་པོའི་བཀའ་ཇི་ལྟར་བསྩལ་བ་ལྟར་བསྒྱུར། དེ་ནས་གསེར་ཡིག་བསྩལ་འདུག་པ་ལྷ་སྲས་ཆེན་པོས་བོད་སྐད་དུ་ཀློག་པ་མཛད་པ་ཞེས་པ་ལྟར་རོ།། གོང་མའི་ཕོ་བྲང་ནས་བོད་ཡིག་བཀོལ་སྤྱོད་ཐད། བླ་མ་ལྕང་སྐྱའི་རྣམ་ཐར་དུ། བར་སྐབས་ཤིག་གོང་མའི་བཀའ་ལས། ཕོ་བྲང་ཆེན་པོའི་ནང་དུ་རྒྱ་དང་ཧོར་གྱི་རྒྱལ་རབས་ནས་བཟུང་ད་ལྟ་ཡན་ཆད་དུ་རིམ་པར་བྱུང་བའི་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས་པ་རྣམས། སྐུ་རྒྱུ་དང་ལྷ་སོ་སོའི་ངོས་འཛིན་ཁུངས་དག་མི་དག་གི་དབྱེ་གསལ་དང་གོ་བ་བས་བསྒྲིག་ཆགས་མི་འདུག་པས་དེ་རྣམས་གསལ་བར་བྱས་ཏེ་སོ་སོར་རྒྱ་བོད་ཡིག་གི་ཡི་གེ་ཤན་སྦྱར་གྱི་ཁ་བྱང་ཡོད་པ་མཛོད་ཅེས་དང་། ཡང་དེ་ཉིད་ལས་དུས་མཚམས་ཞིབ་མོ་མ་ངེས་ཀྱང་སྐབས་འདི་འདྲ་ཞིག་ཏུ་གོང་མ་ཆེན་པོ་རང་གི་མཁྱེན་རབ་ཀྱི་རྩལ་གྱིས་འཁོར་ཡིག་གསར་བ་བཟོས་ཏེ།ཆབ་འོག་གི་བླ་དཔོན་ཕལ་ཆེ་བའི་ཐམ་ཀ་དང་། ཡཱ་མུན་ཆེ་ཆུང་གི་ལས་ཐམ་རྣམ་གྱི་ཡི་གེ་བསྒྱུར་བཀོད་གནང་བས་ཞེས་པ་ལྟར་ད་ལྟ་ཡིག་ཐམ་ལ་བཀོལ་རྒྱུའི་འཁོར་ཡིག་གི་སྲོལ་ཡང་གོང་མ་ཆན་ལུང་ལ་ཐུག་ཡོད།
རྒྱ་བོད་མན་སོག་གི་རིག་གནས་འབྲེལ་ལམ་ངོས་ནས་བོད་ཀྱི་ཤེས་རིག་དར་སྤེལ་མཛད་པའི་སྐོར་ལ་རྣམ་ཐར་དེ་ཉིད་དུ། གོང་མ་ཆེན་པོའི་བཀའ་ལས། དེང་དུས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་དར་ཞིང་། གོང་མ་ཤིང་ཅི་བདེ་སྐྱིད་རྒྱལ་བོའི་བཀས་བཀའ་འགྱུར་ཡོངས་རྫོགས་སོག་ཡིག་ཏུ་བསྒྱུར་བ་དཔར་དུ་སྒྲུབ་པ་མཛད་འདུག་ཀྱང་། བསྟན་འགྱུར་ཡོངས་རྫོགས་སོག་ཡིག་ཏུ་བསྒྱུར་བ་སྔ་ཕན་མེད་འདུག་པས། ལྕང་སྐྱ་ཧུ་ཐོག་ཐུ་ཁྱོད་ཀྱིས་ཐུགས་ཁུར་མཛད་ནས་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་རྣམས་ཧོར་གྱི་སྐད་དུ་བསྒྱུར་བ་མཛོད་ཅེས་ཕེབས་ཞེས་པ་དང་།བླ་མ་ལྕང་སྐྱ་མཆོག་གིས་ཆེན་པོ་ཧོར་གྱི་ཡུལ་གྲུ་སོ་སོའི་སྐད་ཀྱི་བྱིངས་འདྲ་ཡང་ཟུར་ཅུང་ཟད་རེ་མི་འདྲ་བ་མང་ཞིང་། ཁྱད་པར་དུ་ཆོས་བསྒྱུར་བའི་མིང་བརྡའི་འདོགས་ཚུལ་བཀས་བཅད་འདྲ་བ་ཞིག་མི་འདུག་པས། ལོ་ཙཱ་བ་དུ་མས་སོ་སོར་རང་རང་གི་འདོད་པས་ཐ་སྙད་མི་མཐུན་པ་སྣ་ཚོགས་སྦྱར་ཚེ་ཐོས་བསམ་བྱེད་པ་རྣམས་ཀྱིས་རྟོགས་དཀའ་བ་སོགས་ཉེས་པ་དུ་མའི་གཞིར་གྱུར་བས། གསུང་རབ་ཀྱི་མིང་བརྡའི་ཐ་སྙད་འདོགས་ལུགས་རགས་བསྡུས་ཤིག་སྦྱར་ནས་སྤར་དུ་བསྒྲུབས་ཏེ་ཀུན་ལ་ཁྱབ་པར་བྱས་ན་ལེགས་ཚུལ་གོང་མ་ཆེན་པོར་སྙན་སྒྲོན་ཕུལ་བར་དགྱེས་པ་ཆེན་པོས་དེ་ལྟར་གྱིས་ཤིག་པའི་བཀའ་བསྩལ་ཞེས་པ་ལྟར། བོད་སོག་གི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་མཁས་པའི་འབྱུང་གནས་སྔོན་མེད་པའི་ལེགས་བཤད་ཀྱི་བསྟན་བཅོས་གསར་རྩོམ་མཛད་པ་དང་།
པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་གི་རྣམ་ཐར་ནང་། ཚེས་བདུན་ལ་པའི་ཅིང་མི་སྣ་རབ་འབྱམས་པ་ཡེ་ཤེས་མཐའ་ཡས་འབྱོར་གདོང་གོང་མ་ཆེན་པོའི་སྐུའི་མཚམས་ཞུ་མཛད། གསེར་ཡིག་གནང་སྐྱེས་གྱ་ནོམ་པ་དང་བཅས་བསྩལ་བ་གུས་པ་ཆེན་པོས་བཞེས། ཁྱད་པར་དུ་བོད་དུ་སྔོན་ཆད་མ་འགྱུར་བའི་སངས་རྒྱས་གཙུག་ཏོར་དང་དཔའ་བར་འགྲོ་བའི་མདོ་རྒྱ་ནག་གི་བཀའ་འགྱུར་ཁྲོད་དུ་བཞུགས་པ་གོང་མ་ཆེན་པོས་བོད་ཀྱི་སྐད་དུ་བསྒྱུར་བ་དེ་གནང་ནས། མདོ་སྡེ་དེ་ཉིད་སྔོན་བོད་དུ་མ་འགྱུར་སྟབས་ངེད་ནས་བསྟན་པའི་ཞབས་ཏོག་ཏུ་བོད་སྐད་དུ་བསྒྱུར་ནས་གླེགས་བམ་འདི་ཉིད་པཎ་ཆེན་ཨེར་ཏི་ནི་ལ་བསྐུར་བ་ཡིན་པཎ་ཆེན་ཨེར་ཏི་ནི་ཞྭ་སེར་གྱི་བསྟན་པའི་བདག་པོ་གཙོ་བོ་ཡིན་གཤིས་འདིའི་དོན་དགེ་འདུན་གྱི་སྡེ་བ་མང་པོར་སྤེལ་ཞིག དེ་ལྟར་ན་ངེད་ཀྱི་བསམ་པ་རྫོགས་པ་ཡིན།ཞེས་པ་ལྟར།རྒྱ་བོད་སོག་མན་བཅས་མི་རིགས་ཕན་ཚུན་གང་ལ་ཡོད་པ་དེས་གང་ལ་ཆད་པར་གསབ་ཏེ་མི་རིགས་དུ་མའི་ཤེས་རིག་གི་འབྲེལ་ལམ་རྒྱ་ཆེ་ཞིང་གཏིང་ཟབ་པར་སྤེལ།
གཞན་ཡང་བླ་མ་ལྕང་སྐྱ་མཆོག་གི་རྣམ་ཐར་ལས། དེར་མ་ཟད་སྲིད་སྐྱོང་གི་བྱ་བ་བྱེད་པའི་ཡཱ་མུན་གྱི་ཁྲོད་དུ་ཡང་བོད་ཀྱི་སློབ་གྲྭ་བཙུགས་ཏེ་དཔོན་རྒྱུད་གཞོན་པ་མང་བོ་དེར་བོད་ཆོས་ལ་སློབ་གཉེར་བྱེད་པ་དང་། དེ་དག་གི་ཁྲོད་ནས་བློ་རིག་བཟང་གྲས་འགའ་ཞིག་དབུས་དང་མདོ་ཁམས་སུ་བོད་ཆོས་སློབ་པར་གཏོང་བ་དང་། ཡཱ་མུན་དེར་ཆོས་བསྒྱུར་བ་དང་བོད་ཀྱི་ཡི་གེ་འབྲི་བ་སོགས་རྒྱུན་ལྡན་བྱེད་ཅིང་། དེ་རྣམས་ཀྱི་མགོ་ཤེས་མཁན་རྗེ་བླ་མ་མཆོག་དང་ཨམ་པཎ་གཅིག་གིས་བྱེད་པའི་སྲོལ་ཡང་འཛུགས་པ་མཛད་ཅེས་དང་། པེ་ཅིང་དུ་དགའ་ལྡན་བྱིན་ཆགས་གླིང་གོང་མའི་བཀའ་ལུང་བཞིན་གསར་དུ་བཏབ་པར། སོག་པོའི་ཚོ་ཆེན་བཞི་བཅུ་ཞེ་དགུ། ཁལ་ཁ་ཚོ་བ་བདུན་སོགས་དང་། གཞན་ཡང་རྒྱ་བོད་ཀྱི་བཙུན་གསར་བློ་རིག་བཟང་བ་ལྔ་བརྒྱ་བསྡུས་ཏེ་མཚན་ཉིད་ཀྱི་པོ་ཏི་ལྔ་ལ་སློབ་གཉེར་བྱེད་པའི་གྲྭ་ཚང་། རྒྱུད་པ་གྲྭ་ཚང་། རིག་གནས་སྣ་ཚོགས་ཀྱི་གྲྭ་ཚང་། སྨན་པ་གྲྭ་ཚང་དང་བཅས་གྲྭ་ཚང་བཞི་བཙུགས་ཞེས་དང་།
གོང་མ་བདག་པོ་ཆེན་པོ་ཚོགས་དབུར་ཕེབས་ཐོག་རྗེ་བླ་མ་ཉིད་དང་དགའ་ལྡན་ཤྲི་རེ་ཐུ་སྤྲུལ་སྐུ་རྣམ་གཉིས་ལ་ཆོས་ཀྱི་བགྲོ་གླེང་དང་། དགོན་པ་གསར་བའི་གྲྭ་སྐོར་བ་གཉིས་ཀྱི་དམ་བཅའ་བཞག་པར་དགེ་བཤེས་མང་བོས་བགྲོ་གླེང་བཏང་སྟེ་ལྷ་ལྡན་སྨོན་ལམ་བཞིན་མིང་བཏགས་ཀྱི་སྲོལ་འཛུགས་པ་གནང་། ཞེས་པ་ལྟར་ཆོས་དང་རིག་གནས་སྣ་ཚོགས་པའི་གྲྭ་ཚང་དང་སློབ་གསོའི་ལམ་ལུགས་གསེར་གྱི་རྒྱལ་ཁབ་ཆེན་པོའི་ཕོ་བྲང་ནས་སྲོལ་ཕྱེས་པ་སོགས། གནམ་བསྐོས་གོང་མ་ཁཱང་ཞིས་དང་ཆན་ལུང་གཉིས་ཀྱི་སྐབས་ཆོས་སྲིད་རིག་གནས་སྣ་སྒོར་མོ་ནས་དར་ཞིང་རྒྱས་པར་ལོ་རྒྱུས་ཐོག་ཁཱང་ཆན་རྫོགས་ལྡན་གྱི་དུས་ཞེས་བསྔགས་ཤིང་། སྐབས་དེ་ཤེད་ལ་མི་རིགས་མང་བོའི་རིག་གནས་གཅིག་གྲོགས་སུ་གཅིག་དར་ཞིང་རྒྱས་པས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བཅས་ལ་རྒྱུན་རིང་ཞིང་གཏིང་ཟབ་པའི་ཕན་རླབས་ཅི་བས་ཀྱང་ཆེ་བ་བྱུང་འདུག་པའི་མྱོང་ཚོར་འདི་ག་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་གཉིས་ཀྱི་རྣམ་ཐར་ལ་གཞི་བཅོལ་ནས་སུག་བྲིས་སུ་སྦྱར་བ་ལགས།ཆེན་པོ་གནམ་སྐོས་གོང་མས་ཀྱང་།།བསླབས་ཤིང་སྤེལ་ན་རང་ལྟ་ཅི།། སྣ་མང་ཤེས་རིག་ཆུ་བོའི་རྒྱུན།།ཞི་བདེ་རྒྱ་མཚོའི་གསོས་སུ་འབབ།།ཇུས་ལེགས་དབྱར་གྱི་དུས་སྟོན་ལ།།སྣ་ཚོགས་ལྗོན་པའི་སྐྱེས་སྟོབས་ཀྱིས།།འགྲན་བཞིན་མཛེས་སྡུག་བསྐྲུན་པ་ལྟར།།ནོར་འཛིན་ཡངས་པའི་རྒྱན་དུ་ཆེ།།ཤེས་རིག་སྐྱེས་ཁམས་འབྱུང་ལྡོག་གི།།མ་གོལ་ལམ་བཟང་ཕྱག་བདར་བ།།ས་འབུ་ནས་བཟུང་ས་སྤྱོད་བར།།བཀྲ་ཤིས་བདེ་ལེགས་བྱུང་དང་ཤོག།
ཟམ་ཚ་ཚེ་རིང་དོན་གྲུབ་ཀྱིས་༢༠༢༢. ༩. ༧་ལ།
|