ཞྭ་སེར་སྐོར་ལ་ཅུང་ཟད་དཔྱད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »ཞྭ་སེར་སྐོར་ལ་ཅུང་ཟད་དཔྱད་པ།
ཞྭ་སེར་སྐོར་ལ་ཅུང་ཟད་དཔྱད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2024/1/7ལྟ་ཀློག (8179)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཞྭ་སེར་སྐོར་ལ་ཅུང་ཟད་དཔྱད་པ།

རྩོམ་པ་པོ།      ལེགས་བསྟུན།

 

 [ནང་དོན་གནད་བསྡུས།]

དཔྱད་རྩོམ་འདིའི་ནང་དུ་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་དེ་ལས་འཕྲོས་ནས་རྗེ་ཙོང་ཁ་པའི་དབུ་ཞྭ་དེ་དེང་གི་རྩེ་ཞྭར་སྐད་པ་འདི་དང་པཎ་ཞྭ་སྣེ་རིང་གང་ཡིན་བརྗོད་པ།  རྩེ་ཞྭའམ་པཎ་ཞྭའི་མཚོན་དོན་དང་དགོས་པ།    དགེ་ལྡན་པའི་ཞྭ་ཡི་རྣམ་གྲངས། ལོ་རྒྱུས་ཡིག་ཚང་ཁག་དང་མཁས་པའི་བཞེད་ཚུལ།   འབྲེལ་ཡོད་ཀྱི་ངག་རྒྱུན་ནམ་གཏམ་རྒྱུད་བཅས་ས་བཅད་བཞིར་བྱས་ནས་ཅུང་ཟད་དཔྱད་ཡོད།


[གནད་ཚིག]

 ཞྭ་སེར།  པཎ་ཞྭ།  རྩེ་ཞྭ།     

དང་པོ།   ཞྭ་སེར་གྱི་མིང་དང་འབྱུང་ཁུངས་བཤད་པ།

       ཞྭ་སེར་གྱི་ཁུངས་གླེང་སྐབས་སུ་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་གདོད་མའི་བོན་གྱི་ཞྭ་མོ་འོབས་ཞུ་ཞེས་པ་ཁ་དོག་སེར་པོར་བསྒྱུར་བ་དེ་རང་ཡིན་པ་ནི། བོད་ཀྱི་ཆོས་འབྱུང་ཁག་དང་དེང་གི་ལོ་རྒྱུས་སྨྲ་བ་པོ་དུ་མར་མཆིས་མོད།  རྗེ་ཙོང་ཁ་པའི་དབུ་ཞྭ་དེའི་དབྱིབས་གང་འདྲ་ཡིན་མིན་སོགས་ལ་དེ་ཙམ་གསལ་ཁ་མི་འདུག་པས་གཐའ་གཅིག་ཏུ་ཐག་ཆོད་བཀའ་ཡང་གཤམ་ནས་དེའི་སྐོར་ལ་དོགས་སློང་ཅུང་ཟད་བྱས་ན།  ཆ་རིས་སྐལ་བཟང་ཐོག་མེད་ཀྱིས་དྲངས་པའི་<སུམ་པའི་ཆོས་འབྱུང་སོགས་ལས། >བདེ་བ་ཅན་ནས་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལྟར།  དབུ་ཞྭ་པཎ་ཞྭ་གསེར་གྱི་མདོག་ཅན་དུ་བསྒྱུར་བར་མཛད།ཅེས་དང་།     <དགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོ།>ལས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཞིང་ཁམས་གཞན་དུ་གཤེགས་པར་ཉེ་བ་ན་རྒྱལ་ཚབ་རིན་པོ་ཆེར་དབུ་ཞྭ་པཎ་ཞྭ་དང་སྐུ་བེར་སོགས་གནང་བའི་དགོངས་པ་ལ་བརྟེན་འདུལ་འཛིན་པས་ཐོག་དྲངས་པའི་སློབ་འཁོར་རྣམས་ཀྱིས་གསེར་ཁྲིར་རྒྱལ་ཚབ་ཀྱི་དང་པོར་གསོལ་བའི་ཁྲི་ཐོག་གཉིས་པ། ཞེས་དང་། <གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ།>ཞེས་པ་ལས། ས་ཁྱི་༡༤༡༨བོད་ཟླ་དྲུག་པའི་ཚེས་བཟང་ཞིག་ལ།  རྗེ་བླ་མས་སྤོང་ཤོད་བླ་མ་བྱ་བ་ཞིག་ལ།  རྗེ་ཉིད་ནས་ཡུན་རིང་དུ་བཞེས་པའི་པཎ་ཞྭ་སེར་པོ་གཅིག་གནང་བ་དང་སྦྲགས།  ཞེས་དང་།  དེ་ཉིད་ལས།  རྒྱལ་ཚབ་རྗེས།  བདག་ཅག་རྣམས་ལ་ཞལ་ཏ་གཅིག་ཐུགས་རྗེས་བཟུང་འཚལ་ཞུ་ཡིན་འདུག་པ་ལ།  རྒྱལ་ཚབ་རྗེར་བསྟན་པའི་བྱ་བ་མཛད་དགོས་ཚུལ་སོགས་སྔར་རྗེ་བླ་མ་སྟོད་ལུང་གི་ཆུ་ཚན་ལ་མ་ཕེབས་གོང་ནས་གནང་ཚར་བས།   དེའི་ཚེ་གང་གཞན་གང་ཡང་མི་གསུང་བར།  དབུ་ཞྭ་པཎ་ཞྭ་དེའི་རྩེ་ནས་ཕྱག་གིས་བཟུང་སྟེ་རྒྱལ་ཚབ་རྗེའི་ཕྱག་ཏུ་རྒྱངས་ཏེ་འཕངས་ནས་གོས་བེར་གཅིག་ཀྱང་གནང་སྟེ།  ཚུལ་འདི་ཤེས་པར་གྱིས་ལ་བྱང་ཆུབ་ཀྱི་སེམས་སྒོམས་ཤིག ཅེས་གསུངས།

      དང་པོ་སུམ་པའི་ཆོས་འབྱུང་ལ་དཔྱད་ན་རྗེ་ཙོང་ཁ་པའི་སྐུ་ཚེའི་སྟོད་ལ་པཎ་ཞྭ་ལས་གཞན་པའི་ཞྭ་ཞིག་མཆོད་ཀྱི་ཡོད་པར་དཔག་ཆོག་པ་དང་།   གཉིས་པ་བཻ་སེར་ལས་གསལ་བ་ལྟར།   རྗེ་རིན་པོ་ཆེས་སྐུ་ཚེའི་སྟོད་དང་ནམ་རྒྱུན་མནབས་པའི་དབུ་ཞྭ་དེ། པཎ་ཞྭ་རྩེ་རིང་ངམ་སྣེ་རིང་ཡིན་པ་བདེན་དཔང་ཐག་མི་ཆོད་མོད།   ཁོང་སྐུ་མྱ་ངན་ལས་འདའ་ཁར། རྒྱལ་ཚབ་རིན་པོ་ཆེ་ལ་པཎ་ཞྭ་དང་སྐུ་བེར་གནངས་ཏེ་དོན་ལ་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བར་གསུངས་པ་དང་། ད་ལྟའི་བར་དུ་དགའ་ལྡན་ཁྲི་རིན་པོ་ཆེ་རྒྱུན་མ་ཆད་པར་ན་རིམ་གྱིས་པཎ་ཞྭ་སྣེ་རིང་གསོལ་བ་དང་།   རྗེ་སྐུ་མྱ་ངན་ལས་འདས་ཁ་ལོ་གཅིག་༡༤༡༨གོང་སྤོང་ཤོད་བླ་མ་བྱ་བ་ཞིག་ལ།  རྗེ་ཉིད་ནས་ཡུན་རིང་དུ་བཞེས་པའི་པཎ་ཞྭ་སེར་པོ་གཅིག་གནང་ཅེས་པ་འདི་དག་ལ་གཞིགས་ན།   རྗེ་ཙོང་ཁ་པའི་སྐུ་ཚེའི་སྨད་ལ་པཎ་ཞྭ་སྣེ་རིང་གསེར་གྱི་མདོག་ཅན་བཞེས་པར་མངོན་ནོ། ། པཎ་ཞྭ་ཞེས་པ་ནི།   པཎྜི་ཏའི་ཞྭ་མོ་ཞེས་པ་བསྡུས་ནས་དེ་སྐད་བརྗོད་པ་ལོས་ཡིན་སྙམ་ལ།  ད་ལྟ་རྒྱ་གར་པཎ་གྲུབ་སྐོར་ཞིག་གི་འདྲ་སྐུ་དང་འདྲ་རིས་སོགས་ནས་མངོན་པའི་ཞྭ་དཔེ་ཁག་ལ་མཇལ་ན།   པཎ་ཞྭ་སྣེ་རིང་འདིའི་ཁ་དོག་ལས་གཞན་དབྱིབས་དང་རྩེ་མོའི་རྣོ་ཆ་རྩེ་མོ་མདུན་དུ་ཅུང་གུག་ཞེད་སོགས་གང་ལ་བལྟས་ཀྱང་རྒྱ་གར་པཎ་གྲུབ་ཀྱི་ཞྭ་མོ་ཡིན་པ་ཁོ་རང་གིས་ཁ་གྲག་པ་ལྟར་འདུག་ལ།    ཞྭ་མདོག་སེར་པོ་ནི་བསྟན་པ་ཕྱི་དར་སྐབས་བླ་ཆེན་དང་ཀླུ་མེས་དུས་ནས་འདུལ་བའི་བསྟན་པ་སླར་གསོའི་མགོ་ཚུགས་པས་རིམ་བཞིན་དར་བའང་གསལ་པོ་རེད་སྙམ།    

 

གཉིས་པ།  པཎ་ཞྭའི་བྱུང་བ་བཤད་པ།

      <རྒྱ་གར་ཆོས་འབྱུང་།>ལས་ནངས་པར་མུ་སྟེགས་ཀྱི་རྒོལ་བ་མང་པོ་དང་རྩོད་པ་བྱེད་པར་ཁས་བླངས།  ཐུབ་བམ་མི་ཐུབ་སྙམ་ནས་ཐེ་ཚོམ་མེ་ཡོད་པ་ལས་བུད་མེད་རྒན་མོ་ཞིག་བྱུང་ནས།   ཚེར་མ་ལྟ་བུའི་ཅོད་པན་མགོ་ལ་གྱོན་ཏེ་རྩོད་ཅིག་རྒྱལ་བར་འགྱུར་རོ་ཟེར།   དེ་བཞིན་དུ་བྱས་པས་དེ་རྒྱལ་ཞིང་།   གཞན་དུ་ཡང་དེ་ལྟར་བྱས་པས་རྒྱལ་བ་བྱུང་ནས།   དེ་ཕྱིན་ཆད་ནས་པཎྜི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་རིམ་གྱིས་དར་ཏེ།   རྒྱལ་པོ་པྭ་ལ་བདུན་བརྒྱུད་དང་།   སེ་ན་བཞི་བརྒྱུད་ཀྱི་རིང་ལ་ཐེག་ཆེན་པའི་པཎྜི་ཏ་ཐམས་ཅད་ཞྭ་རྩེ་རིང་གྱོན་པ་བྱུང་བ་ཡིན་གྱིས།   དེ་ཡན་ཆད་དུ་མེད་དོ། ཞེས་རྒྱ་གར་ན་སྔོན་བྱེ་བྲག་སྨྲ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མུ་སྟེགས་པ་རྣམས་དང་རྩོད་པ་བྱེད་པར་ཁས་བླངས་པའི་དུས་ཀྱི་གཏམ་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལས་གསལ།  པཱ་ལའི་རྒྱལ་རབས་དང་པོ་རྒྱལ་པོ་གཽ་པཱ་ལས། རྒྱལ་སྲིད་བཟུང་བའི་དུས་ནི། དུས་རབས་བདུན་པ་ནས་བརྒྱད་པའི་བར་ཡིན་ཞེས་འགའ་རེས་བཤད་པས། དེ་དང་གུང་སྒྲིག་ན་དུས་རབས་བརྒྱད་པའི་ནང་ཙམ་ལ་པཎ་ཞྭ་རྩེ་རིང་གྱོན་པའི་སྲོལ་དང་མིང་ཐོག་མར་བྱུང་བར་སྙམ་མོ།

    དེང་གི་རྩེ་ཞྭར་སྐད་པ་འདི་ནི་ཁྱབ་ཆེ་ལ་བོད་ཀྱི་ཆོས་རྒྱུད་སོ་སོའི་གྲྭ་པ་དམངས་ཀྱི་གྱོན་པའི་ཞྭ་དེ་ལ་གོ་ཚོད་འདུག་པས་དེའི་མིང་དང་དབྱིབས་སོགས་ཀྱི་ཐོག་མའི་འབྱུང་ཁུངས་མཐའ་གཅིག་ཏུ་བཤད་བཀའ་མོད།   པཎ་ཞྭ་རྩེ་རིང་དང་རྩེ་ཞྭ་གཉིས་ཀྱི་ཚིག་ཕྱི་མ་ནི་ཚིག་སྔོན་རྗེས་ཙམ་ཡིན་པས་རྒྱ་གར་སྐད་ནང་ཞྭ་རྩེ་རིང་ཞེས་པ་དེ་བོད་སྐད་ནང་རྩེ་ཞྭའང་འགྱུར་སོང་བ་མིན་ནམ་སྙམ་པའང་འདུག །རྩེ་ཞྭ་ཞེས་པའི་མིང་འདི་ནི་འདྲ་འབྲེལ་གཉིས་ལས་འདྲ་བ་རྒྱུ་མཚན་དུ་བྱས་པའི་ཞྭ་རྩེ་མོ་འབུར་དུ་ཐོན་པ་ཞིག་གི་མིང་ཡིན་སྙམ།

    འདིའི་སྐོར་ནས་འབྲི་སྟང་མི་འདྲ་བ་ཁ་ཤས་འདུག་ལ།  དཔེར་ན། ཞྭ་སྣེ་རིང་དང་། སྣ་རིང་། ཞྭ་རྩེ་རིང་བཅས་སོ། །སྣེ་ནི་འགོ་མའམ་ཐོག་མའི་མིང་སྟེ། ཚིག་གི་སྣེ་མོ། ཡོན་ཏན་གྱི་སྣེ་ཟིན། སྣེ་ཁྲིད་ཅེས་པ་ལྟ་བུ་ཡིན་པས་དོན་ལ་དེ་ཙམ་འགལ་བ་མི་འདུག་སྙམ་མོ། །

     མདོར་ན།  པཎ་ཞྭའི་དབྱིབས་དང་མིང་ནི་རྒྱ་གར་རང་ནས་བྱུང་བ་དང་།   རྩེ་ཞྭ་འམ་བཙུན་ཞྭའི་དབྱིབས་ནི་བོད་རང་ས་ནས་བྱུང་བ་དང་བླ་ཆེན་དགོངས་པ་རབ་གསལ་སྐབས་སུ་དེ་ལ་བཙུན་ཞྭ་ཞེས་འབོད་ཀྱི་ཡོད་པ་ཡིག་ཚང་ལས་གསལ།   རྩེ་ཞྭའི་མིང་ནི་བླ་ཆེན་ཡར་སྔོན་དུ་ཡོད་རུང་དེང་སང་ནང་བཞིན་ཡོང་གྲགས་སུ་མེད་པ་མ་ཡིན་ནམ་སྙམ།

     ཁ་ཅིག་གིས་པཎ་ཞྭ་སྣ་རིང་ནི་བླ་ཆེན་དང་ཀླུ་མེས་བར་གྱི་བཙུན་ཞྭ་དེ་དར་ནས་རིམ་གྱིས་དབུས་གཙང་གི་རབ་བྱུང་པའི་སྡེ་སོ་སོས་བརྒྱུད་འཛིན་བྱས་པས་ཅུང་ཟད་མ་འདྲ་བའི་ཞྭ་སྣ་ཚོགས་ཕྱིས་སུ་བྱུང་བར་མངོན་ལ། པཎ་ཞྭ་སྣ་རིང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པར་བཤད་པ་ནི་མ་བརྟག་པ་ཆེན་པོ་སྟེ། གོང་ཞུས་རྒྱ་གར་ཆོས་འབྱུང་དུ་སོང་།  

     ཡང་ཁ་ཅིག་གིས་དེང་གིས་རྩེ་ཞྭར་སྐད་པ་འདི་རོམ་དམག་གི་རྨོག་ཞྭའམ་དམག་ཞྭ་ལས་བྱུང་བར་བཤད་པ་ནི་དབྱིབས་འདྲ་བ་རྒྱུ་མཚན་བྱས་པ་ཙམ་ལས་འདྲ་འབྲེལ་གང་ཡང་མེད་དེ།  ཆོས་དེ་དང་དེ་མཚུངས་མིན་བཤད་སྐབས་ཁྱད་པར་འབྱེད་བྱེད་གཙོ་གནད་རྣམས་གཞི་ལ་བཞག་དགོས་པ་ལས།   ཟུར་ཙམ་འདྲ་བ་ཙམ་གྱིས་དེ་ཉིད་འདྲ་བར་བཤད་ན།    མི་འདྲ་བའི་དངོས་པོ་ཞིག་འཇོག་དཀའ་སྟེ།   རྐང་ལག་བཞི་བཙུགས་པ་འདྲ་བས་རྟ་དང་ར་འདྲ་བ་དང་།    ཁ་དང་མིག་ཡོད་པ་འདྲ་བས་གང་ཟག་ཚང་མ་འདྲ་བར་འགྱུར་བའི་ཐལ་བ་མང་ངོ་། །བོད་ཀྱི་ཆོས་ལུགས་པ་མ་ཚད་བོད་པ་བྱིངས་ཀྱི་གཞན་པའི་ལུགས་སྲོལ་དང་ལེན་བྱས་པ་འགའ་ནི་ཁྱིམ་མཚེས་རྒྱལ་ཁབ།  དཔེར་ན།  ཆོས་དེ་རྒྱ་གར།  ཁྲིམས་དེ་རྒྱ་ནག །གོས་དེ་སོག་པོ་ཟེར་ནས་བོད་རང་ལ་གང་ཡང་མེད་པ་ལྟ་བུར་བཤད་ན་ཡང་།  ལྡོག་སྟེ་ས་མཚམས་ཆུ་མཚམས་ཆོས་ལུགས་སོགས་མི་གཅིག་པའི་རོམ་གྱི་དམག་ཞྭ་ཡིན་པའི་རྒྱུ་མཚན་མེད་ལ། ཡིན་པའི་དབང་དུ་བཏང་ན། དང་ཐོག་བོད་དམག་གི་སྡེ་ལ་དར་སྲིད་རུང་།        བོད་ཀྱི་དམག་ཆས་ད་ལྟ་གང་སར་མཐོང་དུ་ཡོད་པས་རྩེ་ཞྭ་དང་ནོར་ཉེས་ཡོད་པར་མ་སྣང་ལ། ཐད་ཀར་དམག་ཞྭ་ཞིག་བན་བོན་སུས་ཀྱང་དང་ལེན་བྱེད་མི་སྲིད་སྙམ་མོ།།

      ཞྭ་བཤད་ཅིག་ཏུ།ཨོཾ་སྭ་སྟི།  ཞྭ་འདི་ཐུབ་པའི་དུས་སུ་མ་མཆིས་ཀྱང་།།ཞྭ་མཆོག་པཎ་ཞྭ་འཕགས་པའི་ཡུལ་ནས་དར།།དེ་ཕྱིར་ཞྭ་འདི་འབྱུང་ལུགས་འདི་ལྟར་ཡིན།།སོགས་ཞྭ་བཤད་ཤོ་ལོ་ཀ་དུ་མ་ཞིག་མཛོད་ཚང་བརྩོན་འགྲུས་ལགས་ཀྱིས་སྐྱབས་ཁྲིད་སྐོར་གྱི་དེབ་ནང་འདུག་ཀྱང་དཔེ་རྟགས་མེད་པ་དང་ཁོང་གིས་ཀྱང་གཞན་ཞིག་ནས་དྲངས་ཡོང་བར་སྣང་བས་དེ་ཙམ་ལས་མ་བཤུས།  

ད་ལྟ་ང་ཚོ་ཐུན་མོང་གི་རྩེ་ཞྭར་སྐད་པ་འདིའི་མིང་དང་དབྱིབས་ལོ་རྒྱུས་སོགས་ལ་རེ་རེ་བཞིན་རྒྱུ་མཚན་བཙལ་དགོས་པ་ལས།  བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་དེ།  ཁ་ཅིག་གིས་རྩེ་ཞྭའི་ཡར་མཐའ་བཞག་པ་ནི་ནོངས་བའི་རྒྱུ་ཙམ་མ་ཡིན་ནམ་སྙམ་མོ།།

      ཚིག་མཛོད་ཆེན་མོ་ལས།  ཞྭ་སེར་ནི། བུ་སྟོན་རིན་ཆེན་གྲུབ་ཀྱིས་གྱོན་སྲོལ་བཏོད་ནས་ཙོང་ཁ་པ་བློ་བཟང་གྲགས་པའི་རྗེས་སུ་དར་རྒྱས་ཆེ་བར་གྱུར་པའི་དགེ་ལུགས་པའི་བཙུན་ཞྭ་ཞིག ཞེས་དང་། 

       དུང་དཀར་ཚིག་མཛོད་ལས།  རྗེ་ཙོང་ཁ་པ་རང་ཉིད་དང་སློབ་མ་བགྲེས་པ་རྣམས་ཀྱི་དགོངས་པར་ཞྭ་མོ་དང་ཆས་སོགས་ཆོས་ལུགས་བྱིངས་དང་མི་འདྲ་བ་ཞིག་བྱུང་ཚེ་གྲུབ་མཐའ་གཞན་དག་གིས་ཕྲག་དོག་དང་ངན་སྨྲས་སོགས་ཡོང་ཉེན་ཆེ་བས་རང་རང་གི་ལྟ་གྲུབ་གཙང་མར་སྐྱོང་ཞིང་། ཆས་གོས། ཞྭ་སོགས་ཆོས་ལུགས་སྤྱི་དང་མཐུན་ན་ལེགས་པ་དགོངས་ཀྱང་། སློབ་མ་ཕལ་ཆེ་བའི་འདོད་པ་ལྟར་ཞྭ་མོ་མདོག་སེར་པོ་དབྱིབས་ཀྱང་གཞན་དང་མི་འདྲ་བ་སྒེར་འཛིན་བྱེད་དུ་འཇུག་པ་གནང་། ཞེས་གསལ་ཡང་། འདི་འདྲ་མིན་པ་ནི་བླ་ཆེན་དགོངས་པ་རབ་གསལ་དང་། དབུས་གཙང་གི་མཁས་པ་མི་བཅུ་མཚོ་སྔོན་ནས་དབུས་སུ་ཕེབས་ཏེ་སངས་རྒྱས་ཆོས་ལུགས་དང་འདུལ་བའི་བསླབ་ཁྲིམས་བསྐྱར་གསོ་གནང་སྐབས་དབུ་ཞྭ་སེར་པོ་བཞེས་པ་འདིས་སངས་རྒྱས་ཆོས་ལུགས་སྔར་ལས་ལྷག་པས་དར་རྒྱས་བྱུང་བ་ལྟར་དེ་ལ་མིག་དཔེ་གནང་ནས་རྗེ་ཙོང་ཁ་པས་ཀྱང་དབུ་ཞྭ་སེར་པོ་བཞེས་པ་ཡིན་ཞེས་ཟང་ཟང་ནེ་རིང་པ་བདེ་ལེགས་རབ་རྒྱས་ཀྱིས་བརྩམས་པའི{{རྗེ་ཙོང་ཁ་པའི་རྣམ་ཐར་གསེར་གྱི་མཆོད་སྡོང}}ནང་གསལ་བ་ལྟར་ཡིན།ཞེས་དང་།

      སངས་རྒྱས་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་ང་ལྔ་སོང་བ། བུ་སྟོན་རང་ཉིད་དགུང་ལོ་སུམ་ཅུ་རྩ་གསུམ་ལ་སླེབས་པའི་རབ་བྱུང་ལྔ་པའི་ཆུ་ཁྱི(༡༣༢༢)ལོར་བརྩམས་པར་སྐད་པའི་<བུ་སྟོན་ཆོས་འབྱུང་།>ལས་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས་བོན་པོའི་ཞྭ་འོབ་ཞུ་ཕོག་ནས་ས་སེར་བཏབ་པ་ཞིག་གསོལ་འཕྲོ་ལ་གནང་སྟེ། འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས།ཞེས་དང་། 

     <ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད།>ལས།   ཡར་བྱོན་ཁར་མཁན་པོ་ལ་མོས་པའི་རྟེན་དུ་ན་བཟའ་གཅིག་དང་མཆོད་གནས་ཞུས་པས། ཁོང་རང་གི་དབུ་ལ་གསོལ་འཕྲོ་བོན་པོའི་ཞྭ་འོབ་དང་གྲུ་བཞི་སེར་པོ་བཏབ་པ་གཅིག་གནང་། དེ་ཀླུ་མེས་ཀྱིས་གསོལ་བས་མོ་བྱིས་གཅིག་ན་རེ། སྐྲ་ལོ་འདུག་ཟེར་བས། ཀླུ་མེས་ཀྱི་བཙུན་ཞེས་གྲགས་སོ།། སྡེ་པའི་གཙུག་ལག་ཁང་ཀུན་ན་ཡོད་དོ།།ཞེས་གསུངས།  ཆོས་འབྱུང་འདིའི་བླ་ཆེན་དང་ཀླུ་མེས་བར་གྱི་གཏམ་རྒྱུད་དེ་ཞྭ་མདོག་ཙམ་ལས་བརྒལ་ནས་ཞྭ་ཚུགས་སམ་ཞྭ་དབྱིབས་གསལ་པོ་བསྟན་ཡོད་དེ།    དཔེར་ན།  གྲུ་བཞི་སེར་པོ་ཟེར་བ་དེས་ཞྭ་མདོག་དང་ཞྭ་དབྱིབས་བསྟན།  དེ་ཀླུ་མེས་ཀྱིས་གསོལ་བས་མོ་བྱིས་གཅིག་ན་རེ། སྐྲ་ལོ་འདུག་ཟེར་བས། ཀླུ་མེས་ཀྱི་བཙུན་ཞེས་གྲགས་སོ།། ཞེས་ཞྭ་དེ་ཀླུ་མེས་ཀྱིས་སྒྲོན་པར་བུ་མོ་ལོ་ཆུང་ཞིག་གིས་སྐྲ་ལོ་ལྟ་བུ་འདུག་ཅེས་བརྗོད་ཡོད་པ་དང་།  ཀླུ་མེས་ཀྱི་བཙུན་ཞྭ་ཞེས་སུ་གྲགས་ཡོད་ལ།   སྡེ་པའི་གཙུག་ལག་ཁང་ཀུན་ན་ཡོད་དོ་ཞེས་ཞྭ་དེ་རབ་བྱུང་གི་སྡེ་ཀུན་ལ་ཁྱབ་ཡོད་པར་གསལ།   ལར་གྲུ་བཞི་རང་མེད་ནའང་གྲུ་བཞི་ལ་ཉེ་བ་དེང་གི་བཀྲ་ཤིས་ལྷུན་པོ་དགོན་གྱི་ཞྭ་ཚུགས་ལྟ་བུར་ཞིག་མེད་དམ་སྙམ།    

       མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།  <གྲུབ་མཐའི་སྐོར་གྱི་རྣམ་བཤད།>ལསསྔར་བསྟན་པ་ཕྱི་དར་གྱི་དུས་སུ་དབུས་ཀྱི་མཁས་པ་མི་ལྔ་དང་གཙང་གི་མཁས་པ་མི་ལྔ་སྟེ་མཁས་པ་མི་བཅུ་མཚོ་སྔོན་ནས་བོད་ལ་ཕྱིར་ལོག་ཕེབས་དུས་ཁོང་རྣམ་པའི་བླ་མ་བླ་ཆེན་དགོངས་པ་རབ་གསལ་གྱི་དབུ་ཞྭ་(བླ་ཆེན་དགོངས་པ་རབ་གསལ་ནི་ཐོག་མ་བོན་པོ་ཡིན་པ་དང་རྗེས་སུ་སངས་རྒྱས་ཆོས་ལུགས་གནང་བ་རེད།)བོན་གྱི་ཞྭ་མོ་སྔོན་པོ་ཞིག་ཡོད་པ་དེ་ཕྱི་ནང་སློག་ནས་(བོན་པོའི་ཞྭ་མོ་ནི་ཕྱི་སྔོན་པོ་དང་ནང་ཤ་དཀར་པོ་ཡིན།)ཕྱི་དཀར་པོ་དེར་ཚོས་སེར་པོར་བྱུགས་ཏེ་ཁྱོད་ཚོ་ཞྭ་མོ་འདི་གྱོན་ནས་བོད་ལ་ཕྱིན་ཏེ་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་དགོས་ཞེས་བསླབ་བྱ་གནང་བས་དེ་ནས་བཟུང་སངས་རྒྱས་ཆོས་ལུགས་སྔར་བས་དར་འཕེལ་ཡོང་བའི་རྟེན་འབྲེལ་མཚོན་བྱེད་དུ་དབུས་གཙང་གི་མཁས་པ་མི་བཅུ་ཚང་མས་དབུ་ཞྭ་སེར་པོ་བཞེས་པ་མ་ཟད།   རྗེས་སུ་རྗེ་ཙོང་ཁ་པས་ཀྱང་དབུ་ཞྭ་སེར་པོ་བཞེས་པའི་རྒྱུ་མཚན་དེ་འདྲ་ཡིན།①⓪ཞེས་དང་།

       <གཏམ་རྒྱུད་གསེར་གྱི་ཐང་མ།>ལས་བུ་སྟོན་ཆོས་འབྱུང་དུ་བླ་ཆེན་གྱིས་ཀླུ་མེས་འགྲོ་ཁར་བོན་པོའི་ཞྭ་འོབ་ཞུ་ཁོག་ནས་ས་སེར་བཏབ་པ་ཞིག་གནང་ནས་འདི་རྟག་ཏུ་གྱོན་གསུངས་པར་བྲིས།   དེས་ན་ཞྭ་དེ་བོན་ཞུ་རྣ་ལེབ་བཅད་པ་ལ་ཚོས་སེར་བསྒྱུར་བ་ཞིག་ཡིན་པར་གསལ་ལ།   འབྲུག་པད་དཀར་གྱིས།  བླ་ཆེན་གྱིས་ཞྭ་གནང་པ་དེ་ནས་བཟུང་ཞྭ་སེར་གྱོན་པའི་སྲོལ་བྱུང་གསུངས།①①ཞེས་དང་།  

དེ་ཉིད་ལས་རང་རེ་རྣམས་ཀྱི་སྔོན་ཞྭ་སྣེ་རིང་དམར་སྨུག་སེར་པོ་སོགས་ཅི་རིགས་པར་གྱོན་པ་ལ།   བུ་སྟོན་ཡབ་སྲས་རྣམས་ཀྱི་ཆེད་དུ་ཞྭ་སེར་མེད་ཅིང་ཕྱིས་སུ་རྗེ་བླ་མ་སློབ་བརྒྱུད་དང་བཅས་པ་རྣམས་ཀྱང་ཞྭ་སེར་ངེས་ཅན་དུ་མཛད་པས་དགེ་ལྡན་པ་ལ་ཞྭ་སེར་པར་གྲགས།①①ཞེས་གསུང་། 

      དང་པོ། དུང་དཀར་རིན་པོ་ཆེས་རྗེ་ཙོང་ཁ་པས་ཀྱང་དབུ་ཞྭ་སེར་པོ་བཞེས་པའི་རྒྱུ་མཚན་ནི་སངས་རྒྱས་ཆོས་ལུགས་སྔར་བས་དར་འཕེལ་ཡོང་བའི་རྟེན་འབྲེལ་མཚོན་བྱེད་དུ་དབུས་གཙང་གི་མཁས་པ་མི་བཅུ་ཚང་མས་དབུ་ཞྭ་སེར་པོ་བཞེས་པས་ཡིན་གསུངས་པ་ལས་ཞྭ་དབྱིབས་སོགས་ལ་གང་ཡང་དཔྱད་བརྗོད་གནང་མེད།  གཉིས་པ།  མཁས་དབང་དགེ་ཆོས་ཀྱིས་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་དེ་བོན་གྱི་ཞྭ་རྣ་ལེབ་བཅད་པ་ཟེར་བ་དེ་ཡིན་པ་དང་།   ཞྭ་སེར་གྱོན་པའི་སྲོལ་དེ་ནས་བྱུང་བ།  རྗེ་ཙོང་ཁ་པའི་ཞྭ་སྣེ་རིང་སྒྲོན་གྱི་ཡོད་པ་མ་ཚད་ཞྭ་སེར་ངེས་ཅན་མཛད་པས་དགེ་ལྡན་པ་ལ་ཞྭ་སེར་པར་གྲགས་ཟེར་བ་ལས་མ་གསལ།

       <ཆོས་འབྱུང་མཁས་པའི་དགའ་སྟོན།>ལས།   ཕྱི་ལོ་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས་བོན་པོའི་ཞྭ་འོབས་ཞུ་ཕོག་ནས་ས་སེར་བཏབ་པ་གསོལ་འཕྲོ་ཞིག་གནང་ནས་འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་ཏེ་གསོལ་ནས་ཕྱིས་དབུས་སུ་ཚད་པ་ཚབས་རྒྱབ་བལྟབ་སྟེ་གསོལ་བས་ཞྭ་སྣ་རིངས་སུ་གྲགས་པ་བྱུང་ལ་དབུས་གཙང་མི་བཅུ་ལས་མཆེད་པ་ཕལ་ཆེར་གྱི་ཞྭ་ཡིན།   ཕྱིས་བཀའ་གདམས་ཀྱི་གཞུང་མན་ངག་པ་གཉིས་ལའང་འདི་ལས་གྱེས་པའི་ཞྭ་ཅུང་ཟད་མི་འདྲ་བ་རེ་ཡོད་ཅིང་དྭགས་པོ་སྒོམ་ཚུལ་གྱིས་འདིའི་རྒྱབ་བལྟབ་སྟེ་གསོལ་བས་སློབ་དཔོན་སྒོམ་ཚུལ་གྱི་ཞྭ་ཞེས་སྒོམ་ཞྭར་ཡང་གྲགས་སོ།  ①②ཞེས་གསུངས།    ཆོས་འབྱུང་མཁས་པའི་དགའ་སྟོན་མཛད་པ་པོ་དཔའ་བོ་གཙུག་ལག་ཕྲེང་བ་ནི་དཔལ་དོན་གྲུབ་རྒྱལ་གྱིས་གསུངས་པ་ལྟར་ལོ་རྒྱུས་ཡིག་ཚང་གཞན་ན་མེད་པ་ཞིག་ཁོང་ལ་ཡོད་པར་འདུག་ཟེར་བ་ལྟ་བུ་སྙན་པའི་གྲགས་པ་ཆེ་མོད།  བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་སེར་དེ་ཡིན་ན་གྲུ་བཞི་སེར་པོ་སྐྲ་ལོ་ཡོད་པ་ཞིན་ཡིན་དགོས་པས།  ཞྭ་སྣ་རིང་བར་ལ་ཁྱད་པར་ཧ་ཅང་ཆེ་བ་མ་ཡིན་ནམ་སྙམ།   ད་དུང་ཁོང་གིས་དབུས་གཙང་མི་བཅུ་ལས་མཆེད་པ་ཕལ་ཆེར་གྱི་ཞྭ་ཡིན་གསུངས།  འོ་ན་ཀླུ་མེས་ནི་མི་བཅུ་ནང་གི་གཅིག་ཡིན་པས་ཞྭ་དེའང་སྣ་རིང་ཡིན་ནམ།   ས་གནས་ཀྱི་གནམ་གཤིས། ཚད་པ་ཆེ་ཆུང་ཟེར་བའང་འདུག་པས་ཞྭ་རྩེ་རིང་ཐུང་གིས་ཚ་དྲོད་ལ་ཁྱད་པར་འགྲོ་བ་ཡོད་དམ།  མ་གཞི་ཁོང་གིས་ཞྭ་སྣ་རིང་ལས་ཞྭ་སྣེ་རིང་གསུང་མི་འདུག་པས་དཔྱད་གལ་ཆེ།

       <ཆོས་སྣ་ཚོགས་ཀྱི་ཁུངས་བརྗོད་པ་>ཞེས་པ་ལས་སྔོན་བླ་ཆེན་པོ་དགོངས་པ་རབ་གསལ་གྱི་མཁན་བུ་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་བླ་ཆེན་ལ་ཁོ་བོ་དབུས་གཙང་དུ་ཕྱིར་བཞུད་པས།   རྟེན་སྐལ་ཞིག་ཞུ་རོགས་བྱས་པར་བརྟེན།  ཁོང་གིས་བོན་པོའི་འོབ་ཞུ་ལ་ས་སེར་བསྐུས་པ་གསོལ་འཕྲོ་ཞིག་ཡོད་པ་གནང་སྟེ།   འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས།  དེ་ནས་ཕྱིར་ལོག་པར་དབུས་ཕྱོགས་ཚད་པ་ཚ་བས་ཀླུ་མེས་ཀྱིས་རྒྱབ་ལྟེབ་པ་གསོལ་བས་ཞྭ་སྣེ་རིང་དུ་གྲགས་པ་བྱུང་ལ།  དབུས་གཙང་གི་མི་བཅུ་ལས་མཆེད་པའི་ཞྭ་ཕལ་མོ་ཆེའི་ཞྭ་ཚུགས་འདི་འདྲ་ཡིན་པར་བཤད།  ཕྱིས་སུ་བཀའ་གདམས་གཞུང་བ་དང་བཀའ་གདམས་གདམ་ངག་པ་གཉིས་ལའང་འདི་ལས་གྱེས་པའི་ཞྭ་ཚུགས་ཅུང་མི་འདྲ་བ་དར་ཞིང་།   དྭགས་པོ་སྒོམ་ཚུལ་གྱིས་འདིའི་རྒྱབ་ལྟེབ་གསོལ་བ་ནས་བཟུང་སྒོས་ཞྭ་རུ་གྲགས་ཞེས་དཔའ་བོ་གཙུག་ལག་ཕྲེང་བས་གསུངས།  གང་ལྟར་དེ་ལྟར་ཡིན་པ་སུམ་པའི་ཆོས་འབྱུང་སོགས་ལས།   བདེ་བ་ཅན་ནས་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལྟར།  དབུ་ཞྭ་པཎ་ཞྭ་གསེར་གྱི་མདོག་ཅན་དུ་བསྒྱུར་བར་མཛད།  ཅེས་དང་།   འབྲུག་རྒྱལ་དབང་ཆོས་རྗེའི་རྗེ་རིན་པོ་ཆེའི་རྣམ་ཐར་ཆེན་མོར།   འདི་དག་གི་སྔ་ཕྱི་ནས་ཀླུ་མེས་ཆེན་པོ་སོགས་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱི་རྣམ་ཐར་དང་མཐུན་པར་དབུ་ཞྭ་གསེར་གྱི་མདོག་ཅན་མནབས་ཞེས་གསུངས་པ་ལྟར།   ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཉམ་མེད་ཙོང་ཁ་བ་ཆེན་པོས་ཀྱང་དེ་འདྲའི་ཀླུ་མེས་ནས་བརྒྱུད་པའི་དབུ་ཞྭ་དེ་ཐུགས་བ་བབས་ནས་དབུ་ཞྭ་སེར་པོ་མནབས་པར་བརྟེན་ཕྱིས་ཀྱི་རྗེས་འཇུག་པ་རྣམས་ཀྱིས་ཀྱང་ཞྭ་སེར་གྱོན་པའི་སྲོལ་རིམ་གྱིས་བྱུང་བར་ཡོངས་སུ་གྲགས་སོ།།ཞེས་གསུངས།   འགོས་ལོ་ཙཱ་བ།   སྟག་ཚང་ལོ་ཙཱ་བ།  ཟང་ཟང་ནེ་རིང་པ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།   ཐུའུ་བཀྭན་ཆོས་ཉི།  སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག་སོགས་མཁས་པ་མང་ཆེ་བའི་<བུ་སྟོན་ཆོས་འབྱུང་། >ལས་བླ་ཆེན་དང་ཀླུ་མེས་བར་གྱི་ཚིག་དུམ་ལྟར་འདུག་པས་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བཀོད་དོ།

 

གསུམ་པ།      དགེ་ལྡན་པའི་ཞྭ་རིགས་སྤྱིར་བཤད་པ།

པཎ་ཞྭ་སྣེ་རིང་དང་སྣེ་ཐུང།   བྱང་ཆུབ་སེམས་ཞྭ།   སྒོམ་ཞྭ།     རྩེ་ཞྭ་ལ་སྒྲོ་བཙེམས་མ་དང་སྒྲོ་ལྷུག་མའམ་ཟླུམ་ཞྭ།

     གཅིག །པཎ་ཞྭ་སྣེ་རིང་ནི་པཎྜི་ཏའི་ཞྭ་ཡིན་ལ།   ཁ་དོག་དམར་སེར་གཉིས་དང་། ཞྭའི་རྩེ་མོ་རྣོ་ཞིང་མཐོ་བས་ལྟ་བ་རྟོགས་ཤིང་ས་མཐོན་པོར་གནས་པ་དང་།   ཁ་དོག་གསེར་མདོག་གིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་གསུམ་གྱིས་དག་པའི་རང་ལུགས་འཁྲུལ་བ་དང་བྲལ་བ།   རྩེ་མོ་ནང་དུ་ཅུང་ཟད་གུག་པས་ཁེངས་པའི་དྲི་མ་མེད་པ་སོགས་མཚོན།   སྤྱིར་ཞྭ་ལག་ཇི་ཙམ་རིང་བ་དེ་ཙམ་གྱིས་ཡོན་ཏན་ནམ་མཁྱེན་རྒྱ་ཟབ་པར་མཚོན་པ་སྟེ།  པཎ་ཞྭ་སྣེ་རིང་ནི་རྒྱ་གར་པཎ་གྲུབ་ཁག་ཅིག་དང་རྒྱལ་པཎ་གཉིས་དང་དགའ་ལྡན་ཁྲི་པ་སོགས་ཀྱིས་གསོལ་བ་དང་། སྣེ་ཐུང་ནི་གཙོ་བོ་ལམ་རིམ་པའི་གསོལ་སྲོལ་འདུག

     གཉིས། བྱང་ཆུབ་སེམས་ཞྭའམ་རྣ་ཐུང་ནི་རི་བོ་དགེ་ལྡན་པའི་རི་ཁྲོད་པའམ་ལམ་རིམ་པ་ཁག་ཅིག་གིས་མནབས་པ་དང་།  རང་རྒྱུད་འདུལ་ཐབས་གཙོ་བོར་བྱས་པའི་ཆ་ནས།   ཞྭ་རྩེ་རྣོ་པོ་མིན་པར་ཅུང་ཟླུམ་ཙམ་དང་།  ང་རྒྱལ་གྱི་གཉེན་པོ་མཚོན་བྱེད་ཞྭ་ལག་ཀྱང་ནར་མོ་མ་ཡིན་པར་ཐུང་ཐུང་ཡར་བཀུགས་ཡོད།  ལོགས་སུ་ཞྭ་རིས་དམར་པོ་གསུམ་གྱིས་བརྒྱན་པ་དེ་དག་སྡེ་སྣོད་གསུམ་ལ་བྱང་ཆུབ་པའི་དོན་མཚོན་ཞིང་།    ཞྭ་རྣ་ཐུང་བ་དེས་ང་རྒྱལ་གྱི་གཉེན་པོ་མཚོན་ཟེར།  

     གསུམ།   དེང་སང་ལ་ལར་པཎ་ཆེན་སྒོམ་ཞྭའམ་སྒོམ་ཞུ་ཞེས་སུ་གྲགས།   དེ་ནི་རྩེ་མོ་རིམ་པ་ལོག་དང་འགྲམ་ནས་གཉིས་གཉིས་ཐོད་ཐད་དུ་དཔྱངས་པའི་བཟོ་འདྲ་རིགས་མང་།

     བཞི།  རྩེ་ཞྭ་སྒྲོ་བཙེམས་མ་ནི་སྒྲོ་ལྷུག་མ་ལས་དབང་ཐང་ཆེ་བས་དབུ་མཛད་དགེ་སྐོས་བཅས་ཀྱི་སྒྲོན་པ་དང་རྩེ་ཞྭ་གང་ཐད་ནས་རྩེ་ཞྭ་སྒྲོ་ལྷུག་མ་དང་བར་ཐག་ཉེ། དབྱིབས་མགོ་ནས་ཐུར་དུ་ཅུང་ཟད་མནར་མར་འཕྱངས་པ། ས་ངོར་གཉིས་ཀྱང་རྩ་བ་དབྱིབས་དང་ཁ་དོག་འདྲ་ལ།   ས་ཞྭ་ལ་གི་གུ་དབྱིབས་ཅན་ཏེ་རྩེ་མོ་མདུན་དུ་སྐུམ་ཆེ་བས་གི་གུའི་དབྱིབས་དང་།  ངོར་ལ་འགྲེང་བུའི་དབྱིབས་ཅན་ཏེ་རྩེ་མོ་བསྐུམ་ཆུང་བས་འགྲེངས་བུའི་དབྱིབས་ཞེས་ཀྱང་ཞུ།  རྩ་བའི་ཞྭ་གཞི་དམར་སེར་ལ་རྩེ་སྒྲོ་སྐུད་པ་སེར་པོ་གོང་སྒྲིག་པའམ་གཤིབ་ནས་ཞྭ་སྨད་དཀྱུས་འོག་ཏུ་རིང་ཙམ་འཕྱངས་ཤིང་ཞྭ་ལག་གཉིས་པོ་མཛུག་གང་ཙམ་ཡོད།    ཞྭ་སྤང་གི་ནང་ཤ་དཀར་པོ་དང་། ཞྭ་ལག་ནང་ཤ་སྔོན་པོ།  ཕྱི་ཤ་དམར་པོ། ཞྭ་ལག་གི་གོང་ལ་ཚེམ་བུ་བཅུ་གཉིས།   ཞྭ་ལག་གི་སྟེང་དུ་འཕན་སྔོན་པོ་གསུམ་བཅས་སོ།།

     ཟླུམ་ཞྭ་ནི་ཨ་མདོའི་ཁུལ་གྱི་དགེ་འདུན་པ་ཁག་ཅིག་གིས་ཟླུམ་ཞྭ་ཟེར་སྲོལ་ཡོད་པ་འདྲ་ཞིག་སྣང་ལ།   དབུ་ཞྭ་དེ་ནི་རྩེ་ཞྭ་སྒྲོ་ལྷུག་མའི་རིགས་ཤིག་ཡིན་ཡང་།   སྒྲོ་རྩེ་རྣམས་རྩེ་ཞྭ་ཀུན་ལས་ཅུང་ཟད་ཐུང་བའམ་ཟླུམ་པོ་ཡོད་པས་ཟླུམ་ཞྭ་ཞེས་འབོད་པར་གྲགས་པ་མིན་ནམ་སྙམ།  


བཞི་པ།    རྩེ་ཞྭའི་མཚོན་དོན་དང་གྱོན་སྟངས།

     རྩེ་ཞྭའི་མཚོན་དོན་ལ་ཆོས་བརྒྱུད་སོ་སོས་འགྲེལ་བཤད་རེ་ཡོད་པ་སྨོས་ག་ལ་དགོས་ཏེ།   དཔེར་ན།   <སེ་ར་ཐེག་ཆེན་གླིང་གི་ཆོས་འབྱུང་།>ལས།དེ་ཡང་དབུ་ཞྭ་ལྟ་བུར་མཚོན་ན་ཁ་གང་སེར་སེར་དགོས་པ་ལས་ནག་པོ་ཕོ་རོག་ལྟ་བུ་གནང་མི་ཆོག་ཅིང་། དེ་ཡང་ཞྭ་སྤང་ལ་སངས་རྒྱས་ཀྱི་ཞིང་ཁམས་ནང་།   ཞྭ་སྒྲོ་སངས་རྒྱས་སྟོང་གི་མཚོན་དོན། ཞྭ་སྤང་གི་ནང་ཤ་དཀར་པོ་དང་། ཞྭ་ལག་ནང་ཤ་སྔོན་པོ།  ཕྱི་ཤ་དམར་པོ་བཅས་རིགས་གསུམ་མགོན་པོའི་མཚོན་དོན། ཞྭ་ལག་གི་གོང་ལ་ཚེམ་བུ་བཅུ་གཉིས་ཡོད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མཚོན་དོན་དང་།   ཞྭ་ལག་གི་སྟེང་དུ་འཕན་སྔོན་པོ་གསུམ་ཡོད་པ་ནི་སྡེ་སྣོད་གསུམ་གྱི་མཚོན་དོན། སོ་སོ་གྲྭ་པ་གྲྭ་རྐྱང་ལ་སྐུ་གསུང་ཐུགས་རྟེན་སོགས་གཞན་མེད་ཀྱང་དབུ་ཞྭ་མཆོད་ཡུལ་དུ་བྱས་ནས་དེ་ལ་མཆོད་པ་ཕུལ་ན་དེ་གས་འཐུས་པ་དེ་ལས་ལྷག་དགོས་པ་མ་རེད①③ཞེས་གསུངས།  ཞྭ་སེར་གྱོན་མཁན་ནི་དགེ་ལུགས་པ་ཁོ་ན་མ་ཡིན་སྟེ་དེང་དུས་བརྙན་དང་ཡུལ་དངོས་སོགས་ནས་བན་བོན་གྱི་དགེ་འདུན་པའི་ཁྲོད་ནས་དུ་མར་མངོན་རྒྱུ་ཡོད་པ་བཞིན་ནོ།།   

     རྗེ་ཙོང་ཁ་པ་ཉིད་ཀྱི་རྗེས་འཇུག་ཡིན་ཕྱིན་ཆད་ཞྭ་སེར་ལས་གཞན་གཏན་ནས་མི་བཞེས་པའང་མ་ཡིན་ཏེ།  དཔེར་ན།  བྱམས་ཆེན་ཆོས་རྗེས་རྒྱ་ནག་གོང་མས་གནང་བའི་དབུ་ཞྭ་ནག་པོ་མནབས་པ་ལོ་རྒྱུས་ཁག་ཏུ་བྱུང་ཞིང་། མ་ཟད་དབུ་ཞྭ་ནག་པོ་བཞེས་པའི་སྐུ་འདྲ་ད་ལྟ་སེ་ར་ཐེག་ཆེན་གླིང་དུ་བཞུགས་པ་དང་། སྐུ་ཐང་དུ་ཡང་དེ་ལྟར་བྲིས་ཡོད་པ་སེར་རའི་བཞི་མཆོད་སྐབས་སོགས་ནས་མཐོང་བ་དེ་བཞིན་ནོ།  །

     གྱོན་སྟངས་དང་གྱོན་མཚམས་གཉིས་ལས་དང་པོ།   གྱོན་སྟངས་ནི་ཞྭ་ལག་ནང་དུ་བཅུག་ནས་ལག་གཡས་ཀྱིས་ཐོད་པའི་ཐད་ནས་ཡར་གྱོན་པ་ལས་ལག་གཉིས་པོའི་རྨོག་གྱོན་སྟངས་མི་རུང་བ་ཡིན་ལ།    གྱོས་སའི་ས་མཚམས་ནི་མང་ཆེ་བའི་སེར་སྦྲེངས་དང་ནངས་དགོང་གཉིས་དང་གྲོལ་མཚམས་ཤིས་བརྗོད་མཛད་སྐབས་གྱོན་པས་བསྟན་པ་དར་བའི་རྟེན་འབྲེལ་གཙི་ཡི་ཡོད་འདུག །པཎ་ཞྭ་སྣེ་རིང་ནི་མཚན་ཉིད་དགེ་བཤེས་མཁན་པོ་བཅས་ཀྱི་སྒྲོན་པ་དང་།  པཎ་ཞྭ་སྣེ་ཐུང་ནི་རི་ཁྲོད་པའམ་ལམ་རིམ་བླ་མ་ལྟ་བུའི་སྒྲོན།

    སྒྲོ་བཙེམས་མ་ནི་དབུ་མཛད་དགེ་སྐོས་བཅས་ཀྱི་སྒྲོན་པ་དང་སྒྲོ་ལྷུག་མ་ནི་གྲྭ་པ་དམངས་ཀྱི་སྒྲོན་སྲོལ་འདུག །ཚོགས་སུ་རང་རང་གི་ལག་གཡོན་པའི་ཕྲག་སྟེང་དུ་འཇོག་དགོས་པ་དང་།  ཚོགས་སུ་གྲྭ་མང་བཞུགས་ཟིན་པའི་ཚེ།  མཁན་པོ་ཚོགས་དབུས་སུ་ཕེབས་ཚེ་ཐམས་ཅད་ཀྱིས་ཕྲག་ནས་ཕབ་སྟེ་ལག་གཉིས་ཀྱིས་ཞྭ་མོ་ས་ལ་བཏིང་བ་ལྟ་བུས་བླ་མའི་ཞབས་སྤྱི་བོར་ལེན་པའི་ཚུལ་དང་། བླ་མ་ཁྲི་ཐོག་ཏུ་བཞུགས་ཟིན་པ་དང་ཞྭ་ལག་མདུན་དུ་དཔྱངས་ནས་རང་རང་གི་ཕྲག་ཏུ་འཇོག་དགོས།  དམིགས་བསལ་དགེ་སྐོས་ཀྱིས་སྐྱབས་ཐོ་ཞུ་སྐབས་སོགས་ལ་འཇོག་སྟངས་མ་འདྲ་བ་འགའ་འདུག་ལ་དུས་ཆེན་སྐབས་རྡོབ་རྡོབ་རྣམས་ཀྱིས་རྩེ་ཞྭ་འཕྲེད་གྱོན་དང་ལྡོག་གྱོན་བྱེད་པའི་སྲོལ་ཡང་འདུག

     གཞན་ཆོས་རྒྱུད་སོ་སོ་ལ་ཞྭ་མོའི་ལོ་རྒྱུས་དང་ཞྭ་བཤད་མཐའ་ཡས་པ་ཡོད་མོད། ཁོ་བོར་དེ་ཚོའི་ལོ་རྒྱུས་རྒྱུ་ཆ་དེ་ཙམ་མ་འཛོམས་པས་མི་ཤེས་བཞིན་དུ་གང་བྱུང་དུ་བྲིས་ན་མི་ལེགས་པར་སྙམ་ནས་ཆོས་རྒྱུད་འདིའི་ཞྭ་མོའི་སྐོར་ལ་གོང་བཀོད་ཆོས་འབྱུང་ཁག་ལ་དཔྱད་ཁུལ་བྱས་པ་དང་ཁག་ཅིག་བཏང་སྙོམས་སུ་རེ་ཞིག་མོད་ད་དུང་ལོ་རྒྱུས་ཁ་གསལ་འདྲ་བྱུང་ན་ཁ་སྣོན་བྱ་ངེས། མཐར། ༧པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཞལ་ནས།   སྤྱིར་ཐུབ་བསྟན་ཡུན་རིང་གནས་པ་དང་། །སྒོས་ཞྭ་སེར་ཅོད་པན་འཆང་བ་ཡི། །དཔལ་མཉམ་མེད་རི་བོ་དགེ་ལྡན་པ། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །།

ཕྱི་ལོ་༢༠༢༤ལོའི་ཟླ་༡པའི་ཚེས་༥ཉིན། རྩོམ་པོའི་སྐད་འཕྲིན། ANU12_23

 

ལུང་འདྲེན་དཔྱད་ཡིག

ཆོས་སྣ་ཚོགས་ཀྱི་ཁུངས་བརྗོད་པ། ཆ་རིས་སྐལ་བཟང་ཐོགས་མེད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ11པར་། ཤོག་ངོས།   P198

དགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2022ལོའི་ཟླ་5པར། ཤོག་ངོས།P090

རྗེ་ཙོང་ཁ་ཆེན་པོའི་རྣམ་ཐར་གསར་བསྒྲིགས་གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ།   གླང་རི་བ་ལྷ་རམས་ཐུབ་བསྟན་སྦྱིན་པ།  ཤོག་ངོས།  418_

རྒྱ་གར་ཆོས་འབྱུང་།  ཇོ་ནང་ཏཱ་ར་ན་ཐས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2020ལོའི་ཟླ་6པར། ཤོག་ངོས།P117

སྐྱབས་ཁྲིད་དང་འབྲེལ་བའི་མན་ངག་གསེར་གྱི་ལྡེ་མིག      མཛོད་ཚང་བརྩོན་འགྲུས།  1999ལོར།  ཤོག་ངོས།  p215

སྨོན་མལ་ཚིག་མཛོད་ཆེན་མོ།    དྲྭ་བ།

དུང་དཀར་ཚིག་མཛོད།   དྲྭ་བ།

བུ་སྟོན་ཆོས་འབྱུང་།       བུ་སྟོན་རིན་པོ་ཆེ།      བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   2021ལོའི་ཟླ་7པར། ཤོག་ངོས།   P256

ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། 2012ལོའི་ཟླ་3པར། ཤོག་ངོས། P416

①⓪གྲུབ་མཐའི་སྐོར་གྱི་རྣམ་བཤད།   དུང་དཀར་བློ་བཟང་འཕྲིན་ལས།    མི་རིགས་དཔེ་སྐྲུན་ཁང་།2022ལོའི་ཟླ་11པར།  ཤོག་ངོས།  P500

①①གཏམ་རྒྱུད་གསེར་གྱི་ཐང་མའི་སྟོད་ཆ། དགེ་འདུན་ཆོས་འཕེལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། 2008ལོའི་ཟླ་12པར། ཤོག་ངོས། P80

①①གཏམ་རྒྱུད་གསེར་གྱི་ཐང་མའི་སྟོད་ཆ། དགེ་འདུན་ཆོས་འཕེལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། 2008ལོའི་ཟླ་12པར། ཤོག་ངོས། P80

①②ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 2017ལོའི་ཟླ་4པར་། ཤོག་ངོས།  

P246

ཆོས་སྣ་ཚོགས་ཀྱི་ཁུངས་བརྗོད་པ། ཆ་རིས་སྐལ་བཟང་ཐོགས་མེད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ11པར་། ཤོག་ངོས།   P198

①③སེ་ར་ཐེག་ཆེན་གླིང་གི་གདན་རབས། ཟུ་རེ་བ་བློ་བཟང་ཆོས་འབྱོར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི་ཟླ་7པར། ཤོག་ངོས། P936

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsly བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41134086
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1