བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་གླེང་བ།༼༡༽
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 18 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» སྐད་ཡིག་དང་སློབ་གསོ། »བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་
བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་གླེང་བ།༼༡༽
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/10ལྟ་ཀློག (4824)རྩོམ་ཁུངས: པར་འདེབ།

 
 སྤྱིར་མི་ཕལ་ཆེ་བ་ཞིག་གིས“ཐོས་བསམ་སྒོམ་གསུམ”ནི་ཆོས་ལུགས་ཀྱི་བྱེད་སྒོ་མི་འདྲ་བ་གསུམ་ཙམ་ལ་གོ་བ་ལེན་བཞིན་ཡོད་མོད།དེང་རབས་སློབ་གསོའི་ཐད་ནས་བལྟས་ན་“ཐོས་བསམ་སྒོམ་གསུམ”ནི་བོད་གནའ་རབས་ཀྱི་རིག་གནས་སློབ་གསོ་ལས་བྱུང་བའི་སློབ་གསོ་བྱེད་ཐབས་མི་འདྲ་བ་རྣམ་པ་གསུམ་རེད།འདས་པའི་ལོ་རྒྱུས་ཀྱི་ནང་དུ་སློབ་གསོ་བྱེད་ཐབས་མི་འདྲ་གསུམ་རིག་པའི་གནས་བཅུ་འཆད་ཉན་ཐོས་བསམ་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་མ་ཟད།ཁྱད་པར་དུ་ནང་དོན་རིག་པའི་སློབ་གསོའི་བྱེད་ཐབས་ཆེས་གལ་ཆེ་བ་ཞིག་ཏུ་གྱུར་པ་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་རིག་པའི་གནས་བཅུའི་ཐད་ཀྱི་འཇོན་མི་འབོར་ཆེན་བྱུང་བ་རེད།བསམ་ཡུལ་ལས་འདས་པ་ཞིག་ནི་བོད་ཀྱི་སྤྱི་ཚོགས་སྟེང་འཇོན་མི་དེ་དག་ལ་གཙིགས་ཆེན་དང་གདེང་འཇོག་ཆེན་པོ་ཞིག་ཐོབ་ཡོད་ན་ཡང་འཇོན་མི་དང་མཁས་པ་དེ་དག་ཇི་ལྟར་བྱུང་ཚུལ་གྱི་སློབ་གསོའི་བྱེད་ཐབས་རིན་ཐང་ཅན་དེ་བས་མང་པོ་ཞིག་སྣང་མེད་དུ་ལུས་ཡོད་པས།དེའི་སྐོར་ཕྲན་ཙམ་གླེང་བ་ལ།
གཅིག ཐོས་པའི་སློབ་གསོ་བྱེད་ཐབས།
 སྤྱིར་ཐོས་བྱུང་གི་སློབ་གསོ་བྱེད་ཐབས་འད་ནི་ནང་དོན་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན་ནའང་།མཐར་གཏུགས་ནས་བཤད་ན།དགེ་སློབ་གཉིས་ཀྱི་ཐུན་མོང་གི་བྱ་འགུལ་ཙམ་ཞིག་རེད།དེ་ལྟ་བུའི་དགེ་སློབ་གཉིས་ཀྱི་བྱ་འགུལ་འདིར་མཚམས་མཚམས་ལ་“འཆད་པ”ཞེས་བརྗོད་བཞིན་ཡོད་ལ།མཚམས་མཚམས་ལ་“ཐོས་པ”དང་།“དཔེ་ཁྲིད”“འཆད་ཉན་”ཞེས་བརྗོད་སྟངས་མི་འདྲ་བ་སྣ་ཚོགས་པ་ཞིག་བྱུང་མྱོང་བ་རེད།བརྗོད་སྟངས་མི་འདྲ་བ་དེ་དག་བརྗོད་དོན་གྱི་ཟུར་མི་འདྲ་བ་རེ་རེའི་ཐད་ནས་བརྗོད་པ་ཡིན་ཏེ།“འཆད་པ”ཞེས་པ་གཙོ་བོ་དགེ་རྒན་གྱི་ཁྲིད་པའི་ཐད་ནས་བརྗོད་པ་རེད།“ཐོས་པ”ཞེས་པ་གཙོ་བོ་སློབ་མའི་སློབ་སྦྱོང་གི་ཐད་ནས་བརྗོད་པ་རེད།“དཔེ་ཁྲིད”ཅེས་པ་ཁྲིད་བྱའི་ནང་དོན་གྱི་ཆ་ནས་བརྗོད་པ་དང་།“འཆད་ཉན་”ཞེས་པ་དགེ་སློབ་གཉིས་ཀྱི་བྱ་འགུལ་གྱི་ཐད་ནས་བརྗོད་ཡོད་པས།དུས་རབས་མ་འདྲ་བ་རེ་རེའི་ནང་དུ་བརྗོད་སྟངས་མི་འདྲ་བ་རེ་རེ་བྱུང་ཡོད་པ་རེད།བརྗོད་སྟངས་མི་འདྲ་བ་དེ་དག་རེ་རེ་ལ་གཙིགས་ཆེན་བྱེད་སྟངས་ཀྱི་བརྗོད་བྱའི་ཟུར་མི་འདྲ་བ་རེ་རེ་ཡོད་པས།ཐ་སྙད་མི་འདྲ་བ་དེ་དག་གིས་དུས་རབས་རེ་རེའི་སློབ་གསོ་བྱེད་སྟངས་མི་འདྲ་བ་རེ་རེ་ཡོད་པས།ཐ་སྙད་མི་འདྲ་བ་དེ་དག་གིས་དུས་རབས་རེ་རེའི་སློབ་གསོ་བྱེད་སྟངས་མི་འདྲ་བ་རེ་རེ་མཚོན་ནུས་ལ།སློབ་གསོ་བྱེད་སྟངས་མི་འདྲ་བ་རེ་རེས་དུས་རབས་དེ་དང་འཚམ་པའི་འཇོན་ཐང་མི་སྣ་མི་འདྲ་བ་གང་མང་ཞིག་སྐྱེད་སྲིང་བྱས་ཡོད་པ་མཚོན་ཐུབ།ཐོས་པའི་སློབ་གསོ་བྱེད་ཐབས་འདིས་སློབ་ཁྲིད་ཀྱི་བྱ་འགུལ་ཧྲིལ་བོའི་ཁྲོད་ནས་སློབ་མའི་སློབ་སྦྱོང་དང་སློབ་མ་གཙོ་གཞིའི་ནང་དོན་དམིགས་གཞིར་བཟུང་ཡོད་པས།སློབ་མའི་འཕེལ་རྒྱས་ལ་བླ་ལྷག་གི་ནུས་པ་ཐོན་ཡོད་ངེས་རེད།དེ་ལྟ་བུའི་ཐོས་པའི་སློབ་གསོ་དེའི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་ཐོས་བྱུང་གི་ཤེས་རབ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རེད།དཔེར་ན།རྩིས་འཁོར་ལ་ཆ་རྒྱུས་མེད་པའི་སློབ་མ་ཞིག་ལ་རྩིས་འཁོར་མཚམས་སྦྱོར་བྱས་ཏེ།སློབ་མའི་བློ་ལ་རྩིས་འཁོར་གྱི་སྤྱིའི་ཤེས་བྱ་དང་བྱེ་བྲག་གི་རྩལ་ནུས་ངེས་པར་བྱས་ཚེ།སློབ་མ་དེ་ལ་རྩིས་འཁོར་གྱི་ཤེས་བྱ་ཐོས་པ་བྱས་པའི་ཕན་འབྲས་ཐོན་ཟིན་པ་རེད་ཅེས་བཤད་ཆོག་པ་རེད།འོན་ཀྱང“ཐོས་པ”ཞེས་པའི་སློབ་གསོའི་བྱེད་ཐབས་འདི་འདས་པའི་སྤྱི་ཚོགས་ཀྱི་ནང་དུ་སངས་རྒྱས་ཆོས་ལུགས་རིག་གནས་ཕྱོགས་སུ་བཀོལ་ཁྱབ་ཆེ་བའི་དབང་གིས་ཆོས་ལུགས་ཀྱི་བྱེད་སྒོ་ལྟ་བུ་ཞིག་དང་ཡང་ན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཐོས་པ་བྱེད་ཐབས་ལྟ་བུ་ཙམ་ཞིག་ལ་གོ་བ་བླངས་པ་ལས་རིག་གཞུང་སྤྱིའི་སློབ་གསོ་བྱེད་ཐབས་ཞིག་དང་བོད་མི་རིགས་ཀྱི་བྱིས་པ་རྣམས་སྐྱེད་སྲིང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་གོ་བ་ལེན་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པའི་དབང་གིས་ད་ལྟ་ཕལ་ཆེར་“ཐོས་བསམ་སྒོམ་གསུམ་”གྱི་སློབ་ཁྲིད་བྱེད་ཐབས་འདི་བོད་ཀྱི་གནའ་རབས་རིག་གཞུང་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་སློབ་ཁྲིད་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་རྒྱུ་ལྟ་ཞོག་ཐ་ན་མི་མང་ཆེ་བར་ཆ་རྒྱུས་གཏན་ནས་མེད་པ་ལྟ་བུ་ཞིག་ཏུ་གྱུར་པའི་མཇུག་འབྲས་འདི་བྱུང་བ་རེད་སྙམ།

  དེ་བས།“ཐོས་བསམ་སྒོམ་གསུམ་”ལ་གོ་བ་ལེན་ཚུལ་མི་འདྲ་ན་ཡང་དོན་དངོས་སུ་“ཐོས་བསམ་སྒོམ་གསུམ”ནི་བོད་ཀྱི་སློབ་གསོ་ལག་ལེན་ལས་བྱུང་བའི་སློབ་གསོ་བྱེད་ཐབས་མི་འདྲ་བ་གསུམ་ཡིན་ལ།འདས་པའི་སྤྱི་ཚོགས་ཀྱི་ནང་དུ་བྱེད་ཐབས་འདི་དག་གིས་འདས་པའི་མི་རྣམས་ཀྱི་རིག་གཞུང་ཤེས་བྱའི་སྤུས་ཚད་འཕེལ་རྒྱས་ལ་ཕན་ནུས་ངེས་ཅན་ཞིག་ཐོན་ཡོད་ནའང་ཐོས་པའི་སློབ་གསོ་འདི་ལ་མཚོན་ན།ཐོས་པ་བྱེད་མཁན་གྱི་སློབ་མ་དང་འཆད་མཁན་གྱི་དགེ་རྒན་གཉིས་ཀྱིས་“འཆད་”དང་ “ཉན་”གྱི་བྱ་འགུལ་དེ་ལེགས་འགྲུབ་བྱུང་ཡོད་མེད་ཀྱང་མཐར་གཏུགས་ནས་བཤད་ན།ཐོས་པ་བྱེད་མཁན་གྱི་སློབ་མའི་བློ་ལ་ངེས་ཡོད་མེད་དང་ཐོས་པ་བྱེད་མཁན་ལ་ཕན་ནུས་ཐོན་ཡོད་མེད་ཉག་གཅིག་རེད།
དེ་བས།དགེ་རྒན་བཟང་བོ་ཞིག་ཡིན་མིན་ནི་དགེ་རྒན་དེའི་སློབ་མ་ལ་བལྟས་ན་ཤེས་ཐུབ་ལ།སློབ་མའི་ཡོན་ཏན་གྱིས་དགེ་རྒན་ལ་སློབ་ཁྲིད་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཡོད་མེད་ཤེས་ཐུབ་སྟེ།དགེ་རྒན་ནི་སློབ་མར་ཤེས་བྱ་ཁྲིད་མཁན་ཞིག་ཡིན་པ་མ་ཟད།དེ་བས་ཀྱང་སློབ་སྦྱོང་བྱེད་ཐབས་ཁྲིད་མཁན་ཞིག་དང་མི་ཇི་ལྟར་བྱེད་ཚུལ་ཁྲིད་མཁན་ཞིག་རེད།འདིའི་ཐད་ནས་བཤད་ན་དགེ་རྒན་ལ་སློབ་ཁྲིད་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཡོད་མེད་ནི་སློབ་མའི་འཚོ་གནས་དང་མདུན་ལམ་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་།སློབ་མའི་མདུན་ལམ་བརླག་མཁན་གྱི་དགེ་རྒན་ནི་དགེ་རྒན་ངན་པར་བརྩི་ལ།དགེ་རྒན་ངན་པ་ལ་སྔོན་གྱི་བཤད་རྒྱུན་ལས།སློབ་དཔོན་ངན་པ་རོ་ལངས་འདྲ།རོ་ལངས་ངན་པས་རྒྱལ་ཁམས་རྫོད།ཅེས་པ་ནི་ངོ་མ་དོན་ལ་གནས་པ་ཞིག་ཡིན་པས།དགེ་རྒན་ཞིག་ལ་མཚོན་ན།རང་ཉིད་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དགེ་རྒན་ཞིག་བྱེད་རྒྱུ་ཡིན་ནམ་འབྱུང་བོ་རོ་ལངས་ལྟ་བུའི་དགེ་རྒན་ཞིག་བྱེད་རྒྱུ་ཡིན།རང་ཉིད་ཀུན་ལ་ཕན་པའི་དགེ་རྒན་ཞིག་བྱེད་རྒྱུ་ཡིན་ནམ།རྒྱལ་ཁམས་རྫོད་མཁན་གྱི་དགེ་རྒན་ཞིག་བྱེད་རྒྱུ་ཡིན་པ་བཅས་ཀྱི་གཞི་འཛིན་ས་ཉག་གཅིག་ནི་རང་ཉིད་ཀྱི་སློབ་ཁྲིད་བྱེད་ཐབས་སློབ་མ་དང་འཚམ་མིན་ནམ་སློབ་མ་ཡོད་ཚད་དང་འཚམ་མིན།སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་དང་འཚམ་མིན།ཐོས་པའི་སློབ་གསོའི་སྐབས་སུ་གཙོ་བོ་དགེ་རྒན་རང་ཉིད་ལ་ཤེས་བྱའི་སྤུས་ཚད་དང་།འཆད་ཐབས་ཀྱི་སྤུས་ཚད།སློབ་ཐབས་ཀྱི་སྤུས་ཚད་སོགས་འཛོམས་རྒྱུ་ཤིན་ཏུ་གལ་ཆེ་བ་རེད། སྤྱིར་དགེ་རྒན་གྱི་འཆད་ཐབས་རབ་འབྲིང་ཐ་གསུམ་ལས་སློབ་མའི་བློ་ལ་ངེས་ཚད་རབ་འབྲིང་ཐ་གསུམ་འབྱུང་བཞིན་ཡོད་ན་ཡང་།དོན་དངོས་ལག་ལེན་གྱི་སྟེང་ནས་འཆད་མཁན་གྱི་ཐབས་རབ་འབྲིང་ཐ་གསུམ་ལས་བྱུང་བའི་འབྲས་བུ་དེ་སློབ་མའི་བློ་རིག་རབ་འབྲིང་ཐ་གསུམ་གྱི་སྟེང་དུ་བཙན་འཇོག་བྱེད་བཞིན་ཡོད་ལ།ཁྱད་པར་དུ་དགེ་རྒན་སུ་ཞིག་ཡིན་ན་ཡང་སློབ་འབྲས་བཟང་བའི་སློབ་མ་དེ་དགེ་རྒན་རང་གི་སློབ་ཁྲིད་ཀྱི་འབྲས་བུ་ཡིན་པ་དང་།སློབ་འབྲས་ཞན་པའི་སློབ་མ་དེ་སློབ་མ་རང་ཉིད་རིག་རྟུལ་དང་།ལེ་ལོ་རྣམ་གཡེང་ཅན་ཡིན་པའི་འབྲས་བུ་རེད་ཅེས་སྡོམ་ཚིག་བཟོ་བཞིན་ཡོད་པས།ཕྱོགས་རེ་བའི་ལྟ་ཚུལ་འདི་དག་གིས་དགེ་རྒན་རང་ཉིད་ཀྱི་ཡར་ཐོན་ལ་ཤན་ཤུགས་འབྱུང་ངེས་ཡིན་པ་མ་ཟད།སློབ་གྲོགས་མང་བོ་ཞིག་གི་འཚོ་གནས་དང་མདུན་ལམ་ལ་ཤན་ཤུགས་ཐེབས་བཞིན་ཡོད།འདིའི་ཐད་ནས་གཞིགས་ན།བཤད་རྒྱུན་དུ་“མི་དགུ་བསད་པའི་ལག་དམར་ཞིག་གི་ལག་པ་མཁོ་ཚེ་སྨན་པ་གང་རུང་ཞིག་གི་ལག་པས་ཆོག”པར་བཤད་ཡོད་ལ།དེ་བཞིན་དུ་འབྱུང་འགྱུར་བྱིས་པ་བརྒྱའི་མདུན་ལམ་བརླག་མཁན་གྱི་མི་ཞིག་གི་ལག་པ་མཁོ་ཚེ་དགེ་རྒན་གྱི་ལག་པས་ཆོག་པའི་ཉེན་ཁ་འབྱུང་ཉེན་ཡོད་པས།དགེ་རྒན་རྣམས་ཀྱིས་བསམ་གཞིགས་དང་གཙིགས་ཆེན་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད་སྙམ།   དེ་བས།དགེ་རྒན་གྱིས་རྒྱུན་དུ་རང་གི་སློབ་ཁྲིད་བྱེད་ཐབས་དེ་སློབ་མ་གང་དག་གི་བློ་དང་འཚམ་པ་དང་སློབ་མ་གང་དག་གི་བློ་དང་ད་དུང་མི་འཚམ་པར་མཉམ་འཇོག་བྱེད་དགོས་པ་མ་ཟད།ཁྱད་པར་དུ་སློབ་འབྲས་ཞན་པ་དང་།བསླབ་བྱ་དེ་ལ་དགའ་སྣང་མེད་མཁན་གྱི་སློབ་གྲོགས་རྣམས་ཀྱི་བློ་དང་འཚམ་མིན་ལ་མཉམ་འཇོག་བྱེད་དགོས།ནང་སྒོས་སུ་སློབ་གྲོགས་དེ་དག་གི་སྤུས་ཚད་ཀྱི་ཕྱོགས་སོ་སོ་དང་འཚམ་མིན་ལ་མཉམ་འཇོག་བྱེད་རྒྱུ་ནི་སློབ་མའི་མདུན་ལམ་ལ་རག་ལས་ཡོད་པ་དང་།དགེ་རྒན་རང་ཉིད་ཀྱི་མདུན་ལམ་ལ་ཡང་རག་ལས་པའི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་དེ།ཤེས་ཡོན་དཔལ་འབྱོར་དུས་རབས་སུ་བྱ་བའི་བཟང་ངན་ནི་ཐོན་འབྲས(效益)མཐོ་དམན་ཐག་གཅོད་བཞིན་ཡོད་པ་ལྟར།དགེ་རྒན་བཟང་ངན་ཡང་སློབ་མ་སྐྱེད་སྲིང་བྱས་པའི་མཇུག་འབྲས་ཀྱིས་ཐག་གཅོད་པ་དང་།ཐ་ན་དགེ་རྒན་གྱི་ལས་འབྱོར་དེ་སློབ་མས་འདེམ་དགོས་པའི་དུས་སྐབས་གསར་བ་ཞིག་ལ་མྱུར་དུ་ཐོན་ངེས་རེད།དཔེར་ན།དགེ་རྒན་བཀྲ་ཤིས་ཀྱི་ས་རྒྱུས་སློབ་ཁྲིད་དེ་སློབ་མ་སྐོར་ཞིག་དང་འཚམ་ན་ཡང་སློབ་མ་སྐོར་ཞིག་དང་མ་འཚམ་ན་ས་རྒྱུས་སློབ་ཁྲིད་ལ་དགའ་སྣང་མེད་པར་གྱུར་ཚེ།བློ་ལ་ངེས་རྒྱུ་ལྟ་ཞོལ་ཐ་ན་ས་རྒྱུས་སློབ་ཁྲིད་ལ་དགའ་སྣང་མེད་པར་གྱུར་ཚེ།བློ་ལ་ངེས་རྒྱུ་ཅི་ཡང་མེད་པའི་སློབ་མ་དེ་དག་“རིག་རྟུལ”ཡིན་ནམ།དགེ་རྒན་རང་ཉིད་ཁྲིད་ཐབས་ལ་མི་མཁས་པའི་དགེ་རྟུལ་ཡིན།སློབ་མ་ཚོས་དགེ་རྟུལ་དེ་དག་ལ་དགའ་བསུ་ཐོབ་རྒྱུ་རེད་དམ་མ་རེད།མ་མཐའ་ཡང་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་དང་མི་འཚམ་པའི་སློབ་མ་ཚོས་དགའ་བསུ་བྱེད་རྒྱུ་ཨེ་རེད།གལ་ཏེ་སློབ་གྲོགས་ཕལ་ཆེ་བའི་འཕེལ་རྒྱས་དང་མི་འཚམ་པའམ་སློབ་མ་སྐོར་ཞིག་གིས་དགའ་བསུ་མི་ཐོབ་པའི་དགེ་རྒན་དེ་དག་ལ་སྤྱི་ཚོགས་དང་ཁྱིམ་བདག་ཕལ་ཆེ་བས་ཀྱང་དགའ་བསུ་ཐོབ་དཀའ་བས།དགེ་རྒན་གྱི་ཤེས་བྱའི་སྤུས་ཚད་དང་།བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད།ཆེད་ལས་རྩལ་ནུས་ཀྱི་སྤུས་ཚད་སོགས་ནི་སློབ་མ་རེ་རེའི་འཚོ་གནས་དང་མདུན་ལམ་ལ་རག་ལས་ཡོད་ལ།དགེ་རྒན་རང་ཉིད་ཀྱི་“ཁ་ཕོར་”ལའང་རག་ལས་པའི་བྱ་བ་གལ་ཆེན་ཞིག་ཡིན་པས།སྤྱི་ཚོགས་ཧྲིལ་བོས་གཙིགས་ཆེན་བྱེད་དགོས་པ་ཞིག་རེད་སྙམ། དགེ་རྒན་ཚད་ལྡན་ཞིག་ཡིན་མིན་གྱི་ཐད་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་འདི་ལྟར་བཤད་ཡོད་དེ།“①ཀུན་སྤྱོད་མི་གཙང་བ་དང་②ཐོས་པ་ཉུང་བ།③གཞུང་ལུགས་ལ་མི་མཁས་པ།④སློབ་མ་ལ་ཕན་སེམས་མེད་པ།⑤ང་རྒྱལ་ཆེ་བ།⑥དུས་སུ་མི་འདོམས་པ།⑦ཡང་ཡང་འཆད་པར་སུན་སྣང་ཅན།⑧སློབ་མའི་རྒྱུད་ཚོད་དང་མཐུན་པར་འཆད་མི་མཁས་པ་བཅས་འཆད་མཁན་གྱི་སྐྱོན་བརྒྱད་” 

ཅན་གྱི་དགེ་རྒན་ནི་ངོ་མ་ཕྱིས་པའི་མདུན་ལམ་བརླག་མཁན་ཤ་སྟག་ཡིན་ལ།དེ་ལས་ཀྱང་གཙོ་བོ་སློབ་མའི་རྒྱུད་ཚོད་དང་མཐུན་པར་འཆད་མཁནས་མིན་ནི་དགེ་རྒན་གྱི་ཚད་གཞི་གལ་ཆེན་ཞིག་ཡིན་པས།གལ་ཏེ་སློབ་མའི་རྒྱུད་ཚོད་དང་མཐུན་པར་འཆད་མི་མཁས་ཚེ་དགེ་རྒན་དེ་ཐོས་པ་ཇི་འདྲ་ཆེ་ཡང་ཁྱི་ལ་བལ་ཡོད་པ་ལྟར་སློབ་མར་ཕན་ཐོགས་དཀའ་བས།འཆད་ལ་མཁས་མིན་ནི་དགེ་རྒན་གྱི་སྐྱོན་བརྒྱད་པོ་དེ་ལས་ལྡོག་ན་དགེ་རྒན་གྱི་ཡོན་ཏན་བརྒྱད་ཡིན་པས།རང་ཉིད་ལ་ཡོན་ཏན་བརྒྱད་པོ་དེ་དག་ཚང་མིན་དང་གལ་ཏེ་མི་ཚང་ན་ཇི་ལྟར་ཚང་བའི་ཐབས་ལ་འབད་པ།ཡོན་ཏན་དེ་དག་ཚང་བའི་དགེ་རྒན་ལ་སློབ་སྦྱོང་བྱེད་རྒྱུ་བཅས་ནི་དགེ་རྒན་རང་ཉིད་འཐུས་ཚང་དང་གོང་འཕེལ་དུ་འགྲོ་བའི་མན་ངག་ཧ་ཅང་གལ་ཆེ་བ་ཞིག་རེད།  གོང་དུ་བཤད་པའི་ཡོན་ཏན་དེ་དག་ལས་ཀྱང་ཆེས་གལ་ཆེ་བ་ནི་འཆད་ཚུལ་ཡིན་པས།སྔོན་བྱོན་མཁས་པ་རྣམས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་སྤྱི་སྡོམ་བྱས་ཡོད་པ་འདི་ལྟར།འཆད་པའི་སྐད་ཀྱི་ངག་སྒྲ་གདངས་ཀྱི་མཐོ་དམའ་དང་འཇམ་རྩུབ་ཇི་ལྟར་བྱ་བ།སློབ་ཁྲིད་ཀྱི་སྔོན་འགྲོར་དགོས་དོན་དང་དམིགས་ཡུལ་བཤད་ནས་སློབ་མ་ལ་སྤྲོ་བ་དང་ཡིད་ཆེས་བསྐྱེད་པ།འཆད་བྱའི་གཞུང་དང་སློབ་ཚན་དེའི་སྤྱིའི་དོན་བཤད་ན་གཞུང་དོན་རགས་ཙམ་ཁོང་དུ་ཆུད་པར་བྱེད་པ།གཞུང་དོན་དངོས་གཞི་འཆད་པའི་སྐབས་འགྲེལ་བཤད་རྒྱས་བསྡུས་སློབ་མ་དང་འཚམ་ལ་དོན་འདུས་ཤིང་།ཚིག་ཉུང་བ།དོན་གསལ་བ།བརྗོད་བདེ་བ།འཛིན་སླ་བ།གོ་བདེ་བ་བཅས་ཀྱི་ཁྱད་ཆོས་དང་ལྡན་པ།སློབ་མའི་བློ་ཚོད་དང་འཚམ་པའི་སྒོ་ནས་མིང་དང་རྣམ་དབྱེ་ཚིག་ཕྲད་ཀྱི་འབྲེལ་བ་འོས་མཚམ་རེ་མཚམས་སྦྱོར་བྱེད་དགོས་ལ།གལ་ཏེ་ལོ་ན་མ་སོན་པའི་བྱིས་པ་ལ་ཁྲིད་པའི་དབང་དུ་བཏང་ན་ཐོག་མར་བརྡ་སྤྲོད་གཞུང་ལུགས་ཀྱི་ཆོས་ཉིད་ལྟར་ཁྲིད་པ་ལས།རྒྱུན་བཀོལ་གྱི་སྐད་ཆ་ཤོད་སྟངས་ཀྱི་སྣང་ཚུལ་ནས་མགོ་བརྩམས་ཏེ་སློབ་ཁྲིད་བྱས་ན་ཕན་འབྲས་འབྱུང་སླ་བ་ཉམས་མྱོང་ཚད་མ་ལགས་པས།མདོར་ན།ཐོག་མར་གཞུང་ལུགས་ལྟར་སྐད་ཆ་བཤད་སྟངས་སྦྱང་བ་ལས།སྐད་ཆ་བཤད་སྟངས་ཀྱི་སྣང་ཚུལ་ནས་མགོ་བརྩམས་ཏེ་སྐད་ཆའི་ནུས་པ་སྐྱེད་སྲིང་བྱས་ན་ཕན་འབྲས་འབྱུང་བ་གསལ་བཤད་བྱས་ཡོད།དེ་ཡང་འཆད་ཚུལ་གྱི་སྐྱོན་བཅོ་བརྒྱད་སྤངས་ཏེ།སྐབས་སུ་བབས་པའི་དོན་འཆད་དགོས་པ།མ་བབས་པའི་དོན་མི་འཆད་པ།གསལ་བར་འཆད་པ།དཀའ་གནད་གསལ་བོར་བཀྲོལ་བ།རྒྱས་བསྡུས་འཚམ་པ།གོ་རིམ་མ་འཁྲུགས་པ།སྒྲ་དག་ཅིང་ཚིག་གསལ་བ།སློབ་ཁྲིད་ཧ་ཅང་མགྱོགས་དྲགས་པ་དང་དལ་དྲགས་པ་མ་ཡིན་པར་མགྱོགས་དལ་རན་པ།སློབ་ཐུན་རེ་རེའི་སྔ་ཕྱི་མཚམས་ལེགས་པར་སྦྱར་བ།དཔེ་དོན་སྦྱར་ནག་གོ་བ་སྐྱེ་སླ་བ།སློབ་ཁྲིད་ལ་སྤྲོ་བ་རྒྱས་པའི་ཕྱིར་སྐབས་སྐབས་སུ་འབྲེལ་ཡོད་ཀྱི་གཏམ་རྒྱུད་སྦྱོར་མཁས་པ།དོགས་སློང་དང་དྲི་བ་ཅི་རིགས་ཀྱི་སྒོ་ནས་སློབ་མའི་བློ་སྒོ་འབྱེད་མཁས་པ་སོགས་ཀྱི་བྱེད་ཐབས་འདི་དག་ནི་བོད་ཀྱི་སློབ་གསོ་ལག་ལེན་ལས་བྱུང་བའི་ཉམས་མྱོང་རིན་ཐང་ལྡན་པ་རྣམས་ཡིན་ལ།བྱེད་ཐབས་འདི་དག་ལ་ཕྱི་ནས་བལྟས་མ་ཐག་ཏུ་དཔེ་ངོས་ཤེས་བྱ་སློབ་མ་ཇི་ལྟར་འཆད་ཐབས་ཙམ་གཙོ་བོར་འཆད་པའི་སྣང་ཚུལ་ཞིག་མངོན་སྲིད་ཀྱང་།དོན་ངོ་མའི་སྟེང་ནས་བཤད་ན་བོད་གནའ་རབས་ཀྱི་ཐོས་བྱུང་གི་སློབ་གསོ་བྱེད་ཐབས་འདིས་གཙོ་བོ་ཐོས་པར་བྱ་བའི་ཤེས་བྱ་དེ་སློབ་མའི་བློ་ལ་ངེས་པར་བྱེད་རྒྱུ་དེ་ཡིན་ནའང་།དེ་དང་མཉམ་དུ་སློབ་ཐུན་རེ་རེར་བསམ་བློའི་སྤུས་ཚད་དང་།ཡིད་ཆེས་ཀྱི་སྤུས་ཚད།ཀུན་སྤྱོད་ཀྱི་སྤུས་ཚད།རྩལ་ནུས་ཀྱི་སྤུས་ཚད་སོགས་ལ་ཡང་གཙིགས་ཆེན་བྱས་ཡོད་ཚུལ་སློབ་གསོ་དེའི་ལག་ལེན་གྱིས་ར་འཕྲོད་གསལ་བོ་བྱེད་ཐུབ།
 གཉིས།བསམ་བྱུང་གི་སློབ་གསོ་བྱེད་ཐབས།
བསམ་བྱུང་གི་སློབ་གསོ་བྱེད་ཐབས་ནི་སློབ་མའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པའི་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད(研究性教学)བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ།མི་ཆེས་མང་བོ་ཞིག་གིས་བསམ་བྱུང་སློབ་གསོ་བྱེད་ཐབས་དེ་མཐོ་འབྲིང་ཡན་ཆད་ཀྱི་བྱ་བ་ཞིག་ཡིན་པར་འདོད་དེ།སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྲོད་དུ་བསམ་བྱུང་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་དེ་སྣང་མེད་དུ་འཇོག་བཞིན་ཡོད།
ངས་བལྟས་ན།བསམ་བྱུང་གི་སློབ་གསོ་བྱེད་ཐབས་སམ་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་ཀྱི་དམིགས་ཚད་གཙོ་བོ་ནི་སློབ་མའི་བསམ་གཞིགས་ནུས་པ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་ལ།མིའི་བསམ་གཞིགས་ནུས་པ་དེ་ཡང་བྱིས་པ་ཆུང་དུས་ནས་ནར་སོན་པའི་གོ་རིམ་གྱི་ཁྲོད་ནས་ཆགས་དགོས་ཏེ།ཨེ་ཏི་སིན(爱迪生)གྱིས་“གལ་ཏེ་ལོ་ན་ཕྲ་དུས་བསམ་གཞིགས་གཏོང་རྒྱུ་མ་བསླབ་ན།མི་ཚེ་གང་བོར་བསམ་བློ་གཏོང་མི་ཤེས་པ་ཡིན།”ཞེས་བཤད་པ་ནི་བསམ་བྱུང་སློབ་གསོའི་ཐད་ཀྱི་ལེགས་བཤད་ཅིག་རེད་སྙམ།
བསམ་བྱུང་གི་སློབ་གསོ་བྱེད་ཐབས་ཀྱིས་བསམ་བྱའི་དོན་དེ་ཐག་ཆོད་པའི་གོ་རྟོགས་རྙེད་པ་དང་མཉམ་དུ་མིའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་དང་།འཆད་མཁན་དགེ་རྒན་གྱིས་དངོས་པོ་གང་ཞིག་མཚམས་སྦྱོར་བྱེད་པའི་གོ་རིམ་གྱི་ཁྲོད་ནས་གཙོ་བོ་སློབ་མའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱས་ཏེ།དྲི་བ་མང་བོ་འདོན་པ་དང་དྲི་བ་དེ་དག་སློབ་མ་རང་གིས་ཐག་གཅོད་པའི་ཁྲོད་དུ་ཐེ་ཚོམ་སྣ་ཚོགས་སེལ་ཏེ་ཕུ་ཐག་ཆོད་པའི་བསམ་བློ་ཆགས་རྒྱུ་དེ་རེད།སློབ་གྲོགས་མང་བོ་ཞིག་གི་ལྟ་ཚུལ་ལ་ངེས་བརྟན་མེད་པ་དང་རང་ཚུགས་མི་ཐུབ་པ།རང་ཉིད་ལ་ཡིད་ཆེས་མེད་པ་སོགས་ནི་གཙོ་བོ་བསམ་བྱུང་གི་སློབ་གསོ་བྱེད་ཐབས་འདིར་གཙིགས་ཆེན་མ་བྱས་པའི་མཇུག་འབྲས་ཤ་སྟག་རེད།དཔེར་ན།དགེ་རྒན་གྱིས་སློབ་ཆུང་སློབ་མར་རང་རྒྱལ་ལ་མི་རིགས་དུ་ཡོད་ཅེས་དྲིས་ཚེ།སློབ་གྲོགས་མང་བོ་ཞིག་གི་རང་རྒྱལ་ལ་མི་རིགས་ང་དྲུག་ཡོད་ཅེས་དྲིས་ཚེ།སློབ་གྲོགས་མང་བོ་ཞིག་གིས་རང་རྒྱལ་ལ་མི་རིགས་ང་དྲུག་ཡོད་ཅེས་བཤད་ངེས་རེད།དེ་ནས་དགེ་རྒན་གྱིས་ཡ་མཚར་བའི་ཚུལ་གྱིས“ཨ་མི་རིགས་ང་དྲུག་ཡོད་དམ་”ཞེས་དྲིས་ཚེ་སློབ་མ་ཁ་ཅིག་གིས་ང་ལྔ་ཡོད།ལྔ་བཞི་ཡོད……སོགས་མང་བོ་བཤད་པ་ལྟ་བུ་རེད།དེ་ནི་གཙོ་བོ་བསམ་བྱུང་གི་སློབ་གསོ་ལ་གཙིགས་ཆེན་མ་བྱས་པས།ཐེ་ཚོམ་ཆོད་པའམ་ཐག་ཆོད་པའི་སློབ་གསོ་ལ་བརྟེན་ནས་ཐོབ་པའི་བསམ་བྱུང་གི་ཤེས་ནུས་སྤུས་ཚད་སྐྱེས་སྲིང་བྱས་པ་མི་འདང་བའི་མཚོན་རྟགས་གསལ་བོ་ཞིག་རེད།  ངས་བལྟས་ན་བསམ་བྱུང་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་
བྱེད་ཐབས་འདི་ནི་བོད་ཀྱི་བཤད་གྲྭ་ཁག་ན་དར་རྒྱས་ཤིན་ཏུ་ཆེ་ན་ཡང་ཆེས་ཕུལ་ཏུ་བྱུང་བའི་སློབ་གསོ་བྱེད་ཐབས་འདི་བསམ་གཞིགས་དང་ཞིབ་འཇུག སྤྱི་སྡོམ་བྱས་ཏེ་བོད་ཀྱི་རིག་གནས་སློབ་གསོ་དང་ཁྱད་པར་དུ་བོད་སྤྱི་ཚོགས་འཕེལ་རྒྱས་དང་།ནང་སྒོས་སུ་བོད་རིགས་ཀྱི་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་འཕེལ་རྒྱས་དང་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་འཕེལ་རྒྱས་ཀྱི་ཐད་ལ་བཀོལ་ཚད་ཤིན་ཏུ་མི་འདང་བ་རེད་སྙམ།
བསམ་བྱུང་གི་སློབ་གསོ་བྱེད་ཐབས་ཀྱིས་བསམ་བྱའི་དོན་དེ་ཐག་ཆོད་པའི་གོ་རྟོགས་རྙེད་པ་དང་མཉམ་དུ་མིའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་དང་།འཆད་མཁན་དགེ་རྒན་གྱིས་དངོས་པོ་གང་ཞིག་མཚམས་སྦྱོར་བྱེད་པའི་གོ་རིམ་གྱི་ཁྲོད་ནས་གཙོ་བོ་སློབ་མའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱས་ཏེ།དྲི་བ་མང་བོ་འདོན་པ་དང་དྲི་བ་དེ་དག་སློབ་མ་རང་གིས་ཐག་གཅོད་པའི་ཁྲོད་དུ་ཐེ་ཚོམ་སྣ་ཚོགས་སེལ་ཏེ་ཕུ་ཐག་ཆོད་པའི་བསམ་བློ་ཆགས་རྒྱུ་དེ་རེད།སློབ་གྲོགས་མང་བོ་ཞིག་གི་ལྟ་ཚུལ་ལ་ངེས་བརྟན་མེད་པ་དང་རང་ཚུགས་མི་ཐུབ་པ།རང་ཉིད་ལ་ཡིད་ཆེས་མེད་པ་སོགས་ནི་གཙོ་བོ་བསམ་བྱུང་གི་སློབ་གསོ་བྱེད་ཐབས་འདིར་གཙིགས་ཆེན་མ་བྱས་པའི་མཇུག་འབྲས་ཤ་སྟག་རེད།དཔེར་ན།དགེ་རྒན་གྱིས་སློབ་ཆུང་སློབ་མར་རང་རྒྱལ་ལ་མི་རིགས་དུ་ཡོད་ཅེས་དྲིས་ཚེ།སློབ་གྲོགས་མང་བོ་ཞིག་གིས་རང་རྒྱལ་ལ་མི་རིགས་དུ་ཡོད་ཅེས་དྲིས་ཚེ།སློབ་གྲོགས་མང་བོ་ཞིག་གིས་རང་རྒྱལ་ལ་མི་རིགས་ང་དྲུག་ཡོད་ཅེས་བཤད་ངེས་རེད།དེ་ནས་དགེ་རྒན་གྱིས་ཡ་མཚར་བའི་ཚུལ་གྱིས“ཨ་མི་རིགས་ང་དྲུག་ཡོད་དམ་”ཞེས་དྲིས་ཚེ་སློབ་མ་ཁ་ཅིག་གིས་ང་ལྔ་ཡོད།ལྔ་བཞི་ཡོད…སོགས་མང་པོ་བཤད་པ་ལྟ་བུ་རེད།དེ་ནི་གཙོ་བོ་བསམ་བྱུང་གི་སློབ་གསོ་ལ་གཙིགས་ཆེན་མ་བྱས་པས།ཐེ་ཚོམ་ཆོད་པའམ་ཐག་ཆོད་པའི་སློབ་གསོ་ལ་བརྟེན་ནས་ཐོབ་པའི་བསམ་བྱུང་གི་ཤེས་ནུས་སྤུས་ཚད་སྐྱེད་སྲིང་བྱས་པ་མི་འདང་བའི་མཚོན་རྟགས་གསལ་བོ་ཞིག་རེད། སློབ་གསོ་བྱེད་ཐབས་འདིར་གཙིགས་ཆེན་མ་བྱས་ན།མིའི་བསམ་གཞིགས་ཀྱི་ནུས་པ་དང་།རང་ཚུགས་ཀྱི་ནུས་པ།ཁེར་རྐྱང་གིས་བསམ་གཞིགས་གཏོང་བའི་ནུས་པ།གསར་བཏོད་ནུས་པ་སོགས་ཀྱིས་མཚོན་ཏེ་མི་ཚེའི་ནུས་པ་གལ་ཆེན་མང་པོ་ཞིག་ཤོར་དང་ཤོར་བཞིན་ཡོད་པ་རེད།  ངས་བལྟས་ན་བསམ་བྱུང་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་འདི་ནི་བོད་ཀྱི་བཤད་གྲྭ་ཁག་ན་དར་རྒྱས་ཤིན་ཏུ་ཆེ་ན་ཡང་ཆེས་ཕུལ་ཏུ་བྱུང་བའི་སློབ་གསོ་བྱེད་ཐབས་འདི་བསམ་གཞིགས་དང་ཞིབ་འཇུག སྤྱི་སྡོམ་བྱས་ཏེ་བོད་ཀྱི་རིག་གནས་སློབ་གསོ་དང་ཁྱད་པར་དུ་བོད་སྤྱི་ཚོགས་འཕེལ་རྒྱས་དང་།ནང་སྒོས་སུ་བོད་རིགས་ཀྱི་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་འཕེལ་རྒྱས་དང་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་འཕེལ་རྒྱས་ཀྱི་ཐད་ལ་བཀོལ་ཚད་ཤིན་ཏུ་མི་འདང་བ་རེད་སྙམ། བསམ་བྱུང་གི་སློབ་གསོ་བྱེད་ཐབས་ཀྱིས་བསམ་བྱའི་ཕྱོགས་ཀྱི་ཐེ་ཚོམ་མང་པོ་ཞིག་བྱ་དངོས་ཕན་ཚུན་བསྡུར་བ་དང་།ཕན་ཚུན་དབྱེ་ཞིབ།ཚོད་ལྟ།བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་གང་མང་བརྒྱུད་དེ་བྱ་དངོས་དེ་དག་གི་ཐུན་མོང་གི་ཁྱད་ཆོས་དང་།ཐུན་མོང་མ་ཡིན་པའི་ཁྱད་པར་སོགས་ཀྱི་དབྱེ་ཐག་ཆོད་པར་བྱེད་ན་ཡིན་ལ།ཁྱད་པར་དུ་བསམ་བྱུང་གི་སློབ་གསོ་བྱེད་ཐབས་ལ་སློབ་མའི་གཙོ་གཞིའི་ནུས་པ་འབུར་དུ་ཐོན་པའི་ཁྱད་ཆོས་ཡོད་པས།དགེ་རྒན་གྱིས་སྣེ་ཁྲིད་དང་ཕྱོགས་སྟོན་གྱི་ནུས་པ་འདོན་པ་ལས་གཞན་བསམ་བྱུང་ཞིབ་འཇུག་གི་འགན་ཁུར་ཡོད་ཚད་སློབ་མ་ཁུར་དགོས་ལ།སློབ་མ་ཁེར་རྐྱང་གི་ཞིབ་འཇུག་དང་རེ་གཉིས་ཀྱི་ཞིབ་འཇུག ཐུན་མོང་གི་ཞིབ་འཇུག་སོགས་སྣ་ཚོགས་ཡོད་ལ།བོད་སྲོལ་རྒྱུན་རིག་གནས་ཀྱི་རྩོད་གྲྭའི་སྔ་རྒོལ་ཕྱི་རྒོལ་རྩོད་པ་བྱེད་པའི་སློབ་གསོ་བྱེད་ཐབས་འདི་ནི་གཙོ་བོ་ཐེ་ཚོམ་གྱི་སྒྲོ་འདོགས་གཅོད་པའི་བསམ་བྱུང་གི་སློབ་གསོ་བྱེད་ཐབས་ཀྱི་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཡིན་པས།སློབ་གསོ་བྱེད་ཐབས་འདིས་སློབ་མའི་བསམ་བྱུང་གི་ཤེས་རབ་མཐོར་འདེགས་གཏོང་བཞིན་ཡོད་པ་མ་ཟད།ཆུང་དུས་ནས་མིའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་ནུས་ཁྱད་པར་ཅན་ཞིག་འདོན་བཞིན་ཡོད་པས།སློབ་ཁྲིད་བྱེད་ཐབས་འདི་ལ་སྔོན་གྱི་མཁས་པས་“དམ་ཆོས་འོད་ཟེར་མ”ཞེས་བརྗོད་པ་ནི་ངོ་མ་དོན་ལ་གནས་པ་ཞིག་ཡིན་མོད།ཡིན་ནའང་ད་ལྟ་གནའ་རབས་སུ་ཡོད་པའི་བསམ་བྱུང་ཞིབ་འཇུག་རང་བཞིན་གྱི་སློབ་གསོ་བྱེད་ཐབས་སྣང་མེད་དུ་འཇོག་པ་དང་འཛམ་གླིང་རང་བཞིན་དུ་སོ་མ་དར་བཞིན་པའི་ཞིབ་འཇུག་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས(研究性教学)ལ་ཡང་གཙིགས་ཆེན་མི་བྱེད་པ་ནི“གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད”ཅེས་པའི་དགོངས་དོན་ལག་བསྟར་མཐིལ་ཕྱིན་བྱས་པ་མི་འདང་བའི་མཚོན་རྟགས་ཡིན་ལ།ཁྱད་པར་དུ་མི་སྐོར་ཞིག་གི་གང་ཞིག“གནའ་བཟང”ཡིན་པ་ངོས་ཟིན་མེད་ལ།མི་སྐོར་ཞིག་གི་གང་ཞིག“དེང་སྤྱོད”བྱེད་རྒྱུའི་ཐད་ལ་ངོས་ཟིན་ཆེས་ཞན་པ་འདིས་ཀྱང་མི་རིགས་ཀྱི་འཕེལ་རྒྱས་དང་བྱིས་པའི་སྤུས་ཚད་ལ་ཤན་ཤུགས་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད་པ་རེད་སྙམ།
གསུམ།སྒོམ་བྱུང་གི་སློབ་གསོ་བྱེད་ཐབས།
སྒོམ་བྱུང་གི་སློབ་གསོ་བྱེད་ཐབས་ནི་ཐོས་བྱུང་དང་བསམ་བྱུང་གི་སློབ་གསོ་བྱེད་ཐབས་ལ་བརྟེན་ནས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་ཅིང་ངེས་པ་རྙེད་པའི་དོན་དེ་ཉིད་རིགས་པས་དཔྱད་པ་དང་འཇོག་པ་ཅི་རིགས་ཀྱི་སྒོ་ནས་ཡང་ཡང་འདྲིས་པའམ་གོམས་པར་བྱེད་པའི་སློབ་གསོ་བྱེད་ཐབས་ཐུན་མོང་མ་ཡིན་པ་ཞིག་རེད།སློབ་གསོ་བྱེད་ཐབས་འདིའི་ཁྱད་ཆོས་གཙོ་བོ་ནི་དཔེར་ན།སློབ་མའི་བསམ་བློ་དཔྱད་གཞི་གཅིག་གི་སྟེང་དུ་བསྡུ་བའམ་བློ་སེམས་རྩེ་གཅིག་གི་བསམ་བློ་སྦྱོང་བརྡར་བྱེད་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པར་མ་ཟད།བློ་ཁ་ནང་དུ་ཕྱོགས་ནས་རང་གི་བསམ་བློ་དང་ཀུན་སྤྱོད་དག་ཐེར་གྱི་ནུས་པ་སྐྱེད་སྲིང་བྱེད་པའི་སློབ་གསོ་བྱེད་ཐབས་ཁྱད་པར་ཅན་ཞིག་ཀྱང་ཡིན་པས།བསམ་བློ་བདེ་ཐང་སློབ་གསོའི་མ་ལག་གལ་ཆེན་ཞིག་ཀྱང་རེད།ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་ནང་དུ་སེམས་ཁམས་བདེ་ཐང་སློབ་གསོ་ནི་སློབ་གསོའི་རྩ་བ་ཡིན་པར་མ་ཟད།བདེ་ཐང་གི་འབྱུང་རྩ་ཉག་གཅིག་རེད།ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན།སེམས་ཁམས་ཀྱི་ནད་རིགས་ནི་དུས་རབས་ཉེར་གཅིག་པའི་ན་ཚ་རེད་ཅེས་བཤད་ཆོག་ཆོག་རེད་ལ།དུས་རབས་ཉེར་གཅིག་པའི་སེམས་ཀྱི་ན་ཚ་དེ་གློ་བུར་དུ་ཕྱིར་མངོན་པ་ལྟ་བུ་ཞིག་ཡིན་ན་ཡང་།དོན་ངོ་མས་བཤད་ན་སེམས་ཀྱི་ན་ཚ་དེ་ཡང་མི་ཞིག་གི་ཚེ་སྲོག་དང་གཅིག་ཏུ་འབྲེལ་ཡོད་པ་ཞིག་ཡིན་ཏེ།མི་ཞིག་སྐྱེས་མ་ཐག་པ་ནས་ན་ཚ་དེ་ཡང་མགོ་བརྩམས་པ་ཡིན་ལ།མི་ཞིག་ནང་སོན་པའི་གོ་རིམ་ནི་ན་ཚ་དེ་རྒྱས་པའི་གོ་རིམ་ཡིན་པས།གལ་ཏེ་བདེ་ཐང་གི་མི་ཞིག་ཆགས་དགོས་ན་བྱིས་པ་ཆུང་དུས་ནས་བདེ་ཐང་སློབ་གསོ་ལ་གཙིགས་ཆེན་དང་སེམས་ཀྱི་ན་ཚ་དེ་སྔོན་འགོག་བྱེད་དགོས། ཐུན་མོང་མ་ཡིན་པའི་སློབ་གསོ་བྱེད་ཐབས་འདིས་རང་གི་བསམ་བློར་རང་གིས་གཙང་སྦྲ་དང་རང་གི་བསམ་བློ་རང་གིས་དག་ཐེར།རང་གི་བསམ་བློ་རང་གིས་བཅིངས་འགྲོལ་བཅས་བྱེད་པའི་ཁྱད་ཆོས་ཡོད་པ་མ་ཟད།རང་གི་བསམ་བློ་རང་གིས་བདེ་ཐང་གི་ཕྱོགས་དང་།ཆེད་ལས་ཀྱི་ཕྱོགས་ལ་གང་འདོད་འདོད་དུ་བསྒྱུར་བའམ་གནས་ཐུབ་པའི་བསམ་བློའི་སྤུས་ཚད་འཕེལ་རྒྱས་ལ་ཐུན་མིན་གྱི་ནུས་པ་འདོན་ཐུབ།དེ་བས།ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་ཤེས་རབ་དེ་རང་གི་བསམ་བློ་ཞིག་དང་རང་གི་རྩལ་ནུས་ཞིག་ཏུ་སྒྱུར་བྱེད་ཀྱི་སློབ་གསོ་བྱེད་ཐབས་ཐུན་མོང་མ་ཡིན་པ་ཞིག་རེད་ཅེས་བཤད་ཆོག
བཞི། ཐོས་བསམ་སྒོ་གསུམ་ཡ་མ་བྲལ་བའི་སློབ་གསོ་བྱེད་ཐབས།
སྤྱིར་ཐོས་བསམ་སྒོ་གསུམ་གྱི་སློབ་གསོ་བྱེད་ཐབས་ལ་བརྟེན་ནས་རིམ་བཞིན་ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ།སྒོམ་བྱུང་གི་ཤེས་རབ་གསུམ་སྐྱེད་སྲིང་བྱེད་ཐུབ་པར་མ་ཟད།ཤེས་རབ་དེ་དག་ཐོབ་པའི་གོ་རིམ་གྱི་ཁྲོད་ནས་མིའི་ཤེས་བྱའི་སྤུས་ཚད་དང་།རྩལ་ནུས་ཀྱི་སྤུས་ཚད།བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་སོགས་སྐྱེད་སྲིང་བྱེད་ཐུབ་ལ།སློབ་གསོ་བྱེད་ཐབས་དེ་དག་ཀྱང་ཐོག་མར་ཐོས་པ་དང་།དེ་ལ་བརྟེན་ནས་བསམ་པ།བསམ་པ་ལ་བརྟེན་ནས་སྒོམ་པའི་སློབ་གསོ་བྱེད་ཐབས་བེད་སྤྱོད་བྱེད་པའི་གོམས་སྲོལ་ཡོད་ནའང་བྱེ་བྲག་གི་ཤེས་བྱའི་གནས་གཞན་དང་གཞན་གྱི་ཕྱོགས་སུ་བེད་སྤྱད་ཚེ།ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་ཡ་མ་བྲལ་བར་བེད་སྤྱོད་བྱེད་དགོས་ཏེ།དཔེར་ན།བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ལྟ་བུ་ལ་མཚོན་ན།ཐོག་མར་ཐོས་པ་ལ་བརྟེན་ནས་བསམ་བློ་ཀུན་སྤྱོད་ཕྱོགས་ཀྱི་ཤེས་བྱ་བློ་ལ་ངེས་པ་དང་།བློ་ལ་ངེས་པའི་ཀུན་སྤྱོད་ཀྱི་ཤེས་རབ་དེའི་རྨང་གཞིའི་སྟེང་དུ་ཀུན་སྤྱོད་དེ་དག་གི་ངོ་བོ་དང་།དབྱེ་བ།ཀུན་སྤྱོད་བསམ་བློ་གོམས་པར་བྱས་པ་ལ་བརྟེན་ནས་རང་གི་བསམ་བློ་ཞིག་དང་རང་གི་ཀུན་སྤྱོད་ཅིག་ཏུ་གྱུར་ཚེ་ཀུན་སྤྱོད་སློབ་གསོ་དེའི་དམིགས་ཚད་ལ་ཐོན་པ་ཡིན་པས།མིག་སྔར་ཐོས་པའི་སློབ་ཁྲིད་བྱེད་ཐབས་གཙོ་ལ་བསམ་པའི་སློབ་ཁྲིད་བྱེད་ཐབས་སྣང་མེད་དུ་འཇོག་པ་དང་།བསམ་པའི་སློབ་ཁྲིད་བྱེད་ཐབས་གཙོ་ལ་ཐོས་པའི་སློབ་ཁྲིད་བྱེད་ཐབས་སྣང་མེད་དུ་འཇོག་པ།ཐོས་པའི་སློབ་ཁྲིད་བྱེད་ཐབས་གཙོ་ལ་སྒོམ་པའི་སློབ་ཁྲིད་བྱེད་ཐབས་སྣང་མེད་དུ་འཇོག་པ།སྒོམ་པའི་སློབ་ཁྲིད་བྱེད་ཐབས་གཙོ་བལ་ཐོས་པའི་སློབ་ཁྲིད་བྱེད་ཐབས་སྣང་མེད་དུ་འཇོག་པ།བསམ་པའི་སློབ་ཁྲིད་བྱེད་ཐབས་གཙོ་ལ་སློབ་ཁྲིད་བྱེད་ཐབས་སྣང་མེད་དུ་ལུས་པ།སྒོམ་པའི་སློབ་ཁྲིད་བྱེད་ཐབས་གཙོ་ལ་བསམ་པའི་སློབ་ཁྲིད་བྱེད་ཐབས་སྣང་མེད་དུ་འཇོག་པ་སོགས་ཀྱི་དབང་གིས་དཔེ་ངོས་ཤེས་བྱ་ཡོད་ལ་བློ་ཐག་ཆོད་པའི་གོ་རྟོགས་མེད་པ་དང་།ཐག་ཆོད་པའི་གོ་རྟོགས་ཙམ་ཡོད་ཀྱང་དོན་རང་གི་བློ་ངོར་གོམས་འདྲིས་མེད་པའི་དབང་གིས་ཤེས་བྱ་ཡོད་ལ་ནུས་པ་མེད་པ་དང་།ཤེས་བྱ་ཡོད་ལ་ཀུན་སྤྱོད་མི་ལེགས་པ།ཀུན་སྤྱོད་ལེགས་ཀྱང་ཤེས་བྱ་མེད་པ།ཀུན་སྤྱོད་ལེགས་ཀྱང་ནུས་པ་མེད་པ།ནུས་པ་ཡོད་ཀྱང་ཤེས་བྱ་མེད་པ།ནུས་པ་ཡོད་ཀྱང་ཀུན་སྤྱོད་མི་ལེགས་པ་སོགས་ཀྱི་མཇུག་འབྲས་ངན་པ་འདི་དག་བྱུང་དང་འབྱུང་བཞིན་ཡོད་པ་རེད་སྙམ།
དེ་བས།མི་ཞིག་གི་ཤེས་བྱའི་སྤུས་ཚད་དང་།ངལ་རྩོལ་རྩལ་ནུས་ཀྱི་སྤུས་ཚད།བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་ཚེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་གསོ་ལ་གཙིགས་ཆེན་བྱེད་དགོས།
གནའ་རབས་དགོན་པའི་སློབ་གསོ་ལ་མཚོན་ན་ཡང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་གསོ་ལ་གཙིགས་ཆེན་བྱས་མིན་གྱི་དབང་གིས་དགོན་པ་དེ་དག་ནས་ཐོན་པའི་འཇོན་ཐང་མི་སྣའི་ཁྱད་པར་མི་འདྲ་སྟེ།དཔེར་ན།ཐོས་བསམ་གྱི་སློབ་གསོ་གཙོ་བོ་བྱེད་པའི་རྩོད་གྲྭ་དང་།སྒོམ་བྱུང་ཤེས་རབ་ཀྱི་སློབ་གསོ་གཙོ་བོར་བྱེད་པའི་སྒོམ་གྲྭ།ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་གསུམ་ག་གཙོ་བོར་བྱེད་པའི་གྲྭ་ཚང་སོགས་ནས་ཐོན་པའི་འཇོན་ཐང་མི་སྣའི་ཁྱད་པར་མི་འདྲ་ལ།ཚད་མི་འདྲ་བའི་འཇོན་ཐང་མི་སྣ་དེ་དག་གིས་སྤྱི་ཚོགས་ལ་ཤན་ཤུགས་ཐེབས་ཚད་གཏན་ནས་མི་འདྲ་བ་དང་།སློབ་གསོ་དེ་དག་མྱངས་པའི་ཐུན་མོང་མ་ཡིན་པའི་འཇོན་ཐང་མི་སྣ་དེ་དག་གི་བསམ་བློ་དང་ལྟ་ཚུལ་ཡང་གཏན་ནས་མི་འདྲ་སྟེ།ཐོས་བསམ་སློབ་གསོ་གཙོ་བོར་བྱེད་པའི་འཇོན་མིས་བལྟས་ན་སྒོམ་བྱུང་སློབ་གསོ་གཙོ་བོར་བྱེད་མཁན་ནི་རྨང་གཞི་མེད་པ་ལྟ་བུ་ཞིག་དང་།སྒོམ་བྱུང་སློབ་གསོ་གཙོ་བར་བྱེད་མཁན་གྱིས་བལྟས་ན་ཐོས་བསམ་སློབ་གསོ་ནི་ཁ་བཤད་རྐྱང་རྐྱང་གི་སློབ་གསོ་ལྟ་བུ་ཞིག་ཡིན་པར་བསྟན་ཡོད་དེ།སྔོན་གྱི་ཐོས་བསམ་པས།“ཐོས་པ་མེད་པའི་སྒོམ་པ་ནི།།ལག་ལྡུམ་བྲག་ལ་འཛེག་པ་འདྲ།།”ཞེས་སྒོམ་པ་བ་ལ་འཛེར་བ་དང་།སྒོམ་ཆེན་པས།“ཁ་བཤད་སྟོང་བའི་འཕྱོར་འགྲོ་དེས།རྐྱེན་ཉོན་མོངས་ཐུབ་པ་དཀའ་མོར་གདའ།།”
ཞེས་ཐོས་བས་པ་ལ་བཤད་ཡོད་མོད།ངས་བལྟས་ན།སྤྱིར་ཐོས་བསམ་སྒོམ་གསུམ་གྱི་བྱེ་བྲག་གི་སློབ་གསོ་བྱེད་ཐབས་གང་ཞིག་ཡིན་ཀྱང་།གང་ཞིག་གཙོ་གཞི་དང་གང་ཞིག་ཟུར་རྒྱན་ཡིན་མིན་གྱི་ཆ་ནས་མི་འདྲ་བ་ཙམ་ལས་ཐོས་པའི་སློབ་གསོ་ཡིན་ལ་བསམ་པའི་སློབ་གསོ་གཏན་ནས་མ་འདྲེས་པ་ཞིག་མེད་པས།བྱེ་བྲག་གི་ཤེས་བྱའི་གནས་མི་འདྲ་བ་དང་།སློབ་གསོ་བྱེད་ཡུལ་མི་འདྲ་བའི་དབང་གིས་སློབ་གསོ་བྱེད་ཐབས་མི་འདྲ་བ་བེད་སྤྱོད་དགོས་ལ།སློབ་གསོ་བྱེད་ཐབས་མི་འདྲ་བ་དེ་དག་ཇི་ལྟར་བེད་སྤྱོད་བྱེད་རྒྱུ་ནི་སློབ་གསོ་བྱ་ཡུལ་གྱི་སློབ་མའི་ཁྱད་ཆོས་དང་སྤྱི་ཚོགས་ལ་ཇི་ལྟ་བུའི་འཇོན་མི་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་དག་གིས་ཐག་གཅོད་དགོས་པ་རེད།འོན་ཀྱང་གནའ་རབས་ཀྱི་སློབ་གསོ་དེ་དག་མྱང་བར་ལ་བརྟེན་ནས“མཁས་པ”ཆེ་འབྲིང་ཆུང་སགུམ་དང་།“གྲུབ་པ་བ”ཆེ་འབྲིང་ཆུང་གསུམ།སྤྱོད་པ་རྣམ་པ་སྣ་ཚོགས་ཀྱི་འཇོན་མི་བྱུང་ཡོད་ན་ཡང་།འདས་པའི་སྤྱི་ཚོགས་ལ་ཤན་ཤུགས་ཆེས་ཆེ་བ་ནི“མཁས་བཙུན་བཟང་གསུམ”དང་“མཁས་གྲུབ་ཉིས་འཛོམས་”ཀྱི་འཇོན་མི་དེ་དག་རེད།དོན་ངོ་མས་བཤད་ན་འཇོན་མི་དེ་དག་ལ་རིག་གནས་ཀྱི་སྤུས་ཚད་འཛོམས་པ་ཡོད་པ་མ་ཟད།ད་དུང་རིག་གནས་དེ་དག་རང་གི་བསམ་བློ་ཞིག་དང་རང་གི་ནུས་པ་ཞིག་རང་གི་ཀུན་སྤྱོད་ཅིག་ཏུ་གྲུབ་པས།ཤེས་ནུས་རྩལ་གསུམ་དང་ཤེས་ནུས་སྤྱོད་གསུམ་འཛོམས་པའི་འཇོན་མི་ཕུན་སུམ་ཚོགས་པ་ཞིག་ཆགས་ལ།འཇོན་མི་དེ་དག་གིས་སྤྱི་ཚོགས་ལ་དངོས་དང་བརྒྱུད་དེ་ཤན་ཤུགས་ཐེབས་ཚད་མཐོ་བས།འཇོན་མི་དེ་དག་ལ་ཚང་མས་གདེང་འཇོག་ཚད་མཐོན་པོ་བྱས་མྱོང་ཡོད་ན་ཡང་།ཆེས་ཡིད་ཕངས་པ་ཞིག་ནི“མཁས་བཙུན་བཟང་གསུམ”སྐྱེད་སྲིང་བྱེད་པའི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་ལ་གཙིགས་ཆེན་མ་བྱས་པའི་དབང་གིས“མཁས་བཙུན་བཟང་གསུམ”གྱི་འཇོན་མི་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པ་རེད་སྙམ།འཇོན་མི་དེ་དག་ནི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་གསོ་ལས་ཐོན་པ་ཤ་སྟག་ཡིན་པས།སློབ་གསོ་བྱེད་ཐབས་འདི་དག་ལ་བསམ་གཞིགས་དང་ཞིབ་འཇུག་བྱེད་རྒྱུ་ནི་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་གསར་བ་ཞིག་རེད་སྙམ་མོ།།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urkx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15352385
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号