རྔ་བའི་ལོ་སར་སྟོན་མོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» ཡུལ་སྲོལ་དང་རྒྱུན་ཤེས། »རྔ་བའི་ལོ་སར་སྟོན་མོ།
རྔ་བའི་ལོ་སར་སྟོན་མོ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/12ལྟ་ཀློག (4551)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྔ་བའི་ལོ་སར་སྟོན་མོ།

 


བོད་ཟླ་དང་བོའི་ཚེས་གཅིག་གི་ཉིན་བོད་སྤྱིའི་ལོ་སར་ཡིན་ཞིང་།  དེ་ནི་ལོ་གཅིག་གི་ནང་སྟོན་མོ་ཆེས་གལ་ཆེན་ཡིན་ལ་ལོ་མ་སར་གོང་གི་ཚེས་ཉེར་དགུའི་ཉིན་དགུ་སྤྲུག་ཅེས་ཁྱིམ་གད་བདར་བྱེད་པ་ལ་དུ་བ་ཕྱག་ཀྱང་ཟེར་ཞིང་དེ་ཉིན་ནི་ཁྱིམ་ལྷ་ཁང་བའི་གྲུ་མཆོག་ཏུ་གནས་ཤིང་དེ་ཉིན་ཁྱིམ་གཙང་སྦྲ་བྱས་ན་ཁྱིམ་ལྷར་མི་གནོད་པར་གྲགས། གཙང་སྦྲ་བྱས་པའི་གད་སྙིགས་རྣམས་ལམ་གྱི་སུམ་མདོ་རུ་ཕྱགས་མ་དང་བཅས་འཕེན་ཞིང་དེ་ནི་ལོ་རྙིང་བའི་མི་ལེགས་པའི་བྱ་བ་དང་ནད་གདོན་བགེགས་རིགས་གཞན་དུ་གཏོང་བར་འདོད་ཅིང་ལེགས་པའི་བྱ་བ་རྣམས་ཚུར་བསུ་བར་འདོད། 

 ས་ཆ་འགས་གད་སྙིགས་འདོར་ཡུལ་ནི་ལོ་ལྷ་གནས་ཡུལ་དུ་མི་འཕེན་ཟེར་སྲོལ་ཡོད།  དེའི་ནུབ་ཟས་སུ་དགུ་ཐུག་ཅེས་པའི་ཟས་སྣ་དགུ་འཛོམས་པའི་ཐུག་པ་བསྐོལ་ཞིང་བཟའ་མི་ལྷན་གྱིས་ལོངས་སུ་སྤྱོད་ཅིང་།  ལོ་སྔོན་མའི་ནང་གི་གཞན་གྱི་ཅ་ལག་སོགས་ཕྱིར་སྤྲོད་པ་དང་རང་གི་ཅ་ལག་སོགས་ཕྱིར་ལེན་སྲོལ་ཡོད།  

གནམ་གང་ནི་རྟེན་འབྲེལ་གྱི་ཕྱིར་དུ་ནག་པོ་ལ་དཀར་པོའི་མིང་བཏགས་པ་བཞིན་གནམ་སྟོང་ལ་གང་བའི་བརྡ་བཏགས་པ་ཡིན་སྙམ་ལ།  དེའི་ཉིན་ཕྱེ་དང་རྩམ་པ་སོགས་ཀྱིས་ཁྱིམ་གྱི་གྱང་ངོས་སུ་ལོ་སར་ཡག་ཅེས་པ་དང་བཀྲ་ཤིས་བདེ་ལེགས་ཞེས་པའི་རི་མོ་གཙག་ཁབ་ཀྱིས་འབྲི་ཞིང་དེའི་ཉིན་སྔོན་མར་སྣུམ་གོར་བཙོ་བའི་སྐབས་བཀྲ་མི་ཤིས་པའི་ཚིག་སྨྲ་བར་དོགས་ནས་བྱིས་པ་རྣམས་སྒོར་རྩེ་རུ་མངགས་ནས་གོ་རེའི་ཐོག་མ་ཁྱིམ་གྱི་མཆོད་ཁང་དུ་ཀ་ར་གོ་རེ་ཤིང་ཏོག་གང་ཞིམ་སོགས་མཆོད་བཤམས་བྱེད། 

ཚེས་གཅིག་གི་ནང་སྔ་མོར་ཚེས་ཆུ་ལེན་པར་བུད་མེད་རྣམས་ཀྱིས་སུས་སྔ་གང་སྔ་བྱེད་སྲོལ་ཡོད།  སྔོན་རྔ་བའི་ར་ཕྱུག་སང་གི་མནའ་མ་ཞིག་མི་སུ་ཡང་ཚེས་ཆུ་ལེན་དུ་མ་ཐོན་པའི་སྔོན་དུ་སླེབས་པར་ཆུ་གཉིད་པའི་སྐབས་དང་ཁེལ་བས་མར་ཁུ་ཟོམ་གང་བཅུ་རྒྱུ་བྱུང་བའི་བཤད་རྒྱུན་དེའི་མར་ཁུ་ཟོམ་གང་བོ་དུས་ངན་མ་བྱུང་བར་དུ་ཡོད་པར་གྲགས་པ་སོགས་རེ་རེ་ལ་ཤོད་རྒྱུན་མང་བོ་འདུག 

ཚེས་ཆུ་ལེན་པའི་སྐབས་སུ་ཆུ་ཁར་འབྲས་གཏོར་ཞིང་སྤོས་སྒྲོན་པ་དང་སྤྱིར་བཏང་གིས་ཆུ་བཅུ་སྲོལ་ལྟར་དུ་མཆོད་གསུམ་འཕེན་རྗེས་ཆུ་ཟོམ་དུ་བཅུ་བ་ཡིན།  མནའ་མའམ་བུ་མོས་ཚེས་ཆུ་བླངས་ཏེ་ཇ་ཁོལ་བ་དང་བཟའ་མི་རྣམས་ལངས་ནས་ཕོ་རྣམས་ཀྱིས་ཁང་ཐོག་ནས་ལྷ་བསང་བཏང་སྟེ་ནང་ཕུ་ནུ་མིང་སྲིང་ལྷན་འཛོམས་ཀྱི་དགོད་སྒྲའི་ཁྲོད་ནང་ཇ་ལ་ཇོ་འབྲས་སོགས་དཀར་ཟས་མཆོད་དེ་བཀྲ་ཤིས་པའི་ཁ་གཡང་བརྗོད་སྲོལ་ཡོད།  

ནང་ཇ་བཏུང་ཚར་རྗེས་ས་ཆ་འགར་སྐྱེས་ལྷར་བསང་གཏོང་དུ་སོང་ནས་ཕྱིར་རང་དགོན་གྱི་ལྷ་ཚེས་ལ་མཇལ་དུ་འགྲོ་སྲོལ་ཡོད།

 

དེ་ནས་རིམ་བཞིན་ཁྱིམ་མཚེས་གཡས་གཡོན་རྣམས་ཀྱིས་འབོད་རེས་ཀྱི་མགོ་བརྩམས་ཤིང་བྱིས་པ་རྣམས་ནི་སྡེ་བའི་ཁྱིམ་རེ་རེ་བཞིན།

ལོ་སར་ཡག   ལོ་གཅིག་གི་སྟོན་མོ་དེ་རིང་རེད།

ལོ་སར་ཡག    རྟེན་འབྲེལ་ཡག

ཅེས་ཁ་གཡང་འབོད་ཀྱིན་ལོ་སར་གྱི་ཀ་ར་སློང་གི་འགྲོ་བ་ཡིན།  ས་ཆ་འགར་ཕོ་སར་རྣམས་མཉམ་དུ་འདུས་ནས་ཁྱིམ་ཚང་རེ་རེའི་སྒོར་བྲོ་འཁྲབ་སྟེ་ཁྱིམ་དུ་གླུ་ལེན་གར་རྩེད་བྱེད་ཞོར་ཤ་མར་ཐུད་ཆང་ལ་རོལ་བ་ཡོད།  མ་སྲི་ཚོ་ཡང་དེ་བཞིན་འགྲོ་སྲོལ་འདུག 

ཚེས་གཅིག་གི་ཉིན་འདི་ནི་རྒན་གཞོན་དར་རྣམས་ཧ་ཅང་སྐྱིད་པའི་དུས་ཡིན་ཞིང་ལྷག་ཏུ་བྱིས་པ་རྣམས་ཀྱིས་ལོ་སར་སླེབས་ལ་ཉེ་བའི་ཉི་མ་རྣམས་མཛུབ་མོས་རྩེར་བརྩིས་བརྩིས་པའི་ཉིན་དེ་དངོས་སུ་སླེབས་པ་ཡིན་པས་ཡིད་དགའ་སྤྲོས་ཁེངས། 

ས་ཆ་འགར་དགོད་སྤྲོ་བ་ཞིག་ལ་གནའ་དུས་ནི་བྱིས་པ་རྣམས་ཀྱིས་སྡེ་བའི་མི་སུ་དང་འཕྲད་ན་ངེད་ཚང་ལ་འགྲོ་ཞེས་འདྲུད་ཅིང་ཐག་འཐེན་བྱེད་པ་ལྟར་བྱེད་སྲོལ་ཡོད། ཉིན་འདིར་མི་སུ་དང་འཕྲད་ན་བཀྲ་ཤིས་ཁ་གཡང་བརྗོད་སྲོལ་ཡོད། འོན་ཀྱང་ཁྱིམ་ཚང་ལ་ཤི་འདུག་བྱུང་བ་སོགས་བཀྲ་མ་ཤིས་པའི་དོན་དག་ཡོད་ན་ཁང་བར་དཀར་རྩི་མི་བྱུག་པ་དང་ལོ་སར་སྟོན་མོ་ལ་མི་རོལ་བ་སོགས་དམངས་སྲོལ་ད་དུང་ཉམས་པ་མེད་དོ། །

      སྲིད་པ་རྒན་པོའི་གཏམ་ལས་བཏུས་སོ། ། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/2/16
དམངས་ཁྲོད་རིག་གནས་རྒྱུན་འཛིན་ཐུབ་ན་མི་རིགས་ཤིག་གི་ཚེ་སྲོག་ཡུན་དུ་བརྟན་ངེས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41613733
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1