ཁོར་ཡུག་སྲུང་སྐྱོབ་བྱེད་པ་རང་དོན་ཡིན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »ཁོར་ཡུག་སྲུང་སྐྱོབ་བྱེད་པ་རང་དོན་ཡིན།
ཁོར་ཡུག་སྲུང་སྐྱོབ་བྱེད་པ་རང་དོན་ཡིན།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/13ལྟ་ཀློག (3075)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ཁོར་ཡུག་སྲུང་སྐྱོབ་བྱེད་པ་རང་དོན་ཡིན།
ནགས་ཚང་ནུས་བློ།                                 ཡོང་ཁུངས། ཁམས་པའི་དྲ་བ།

གཤམ་དུ་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་བཞག་ཡོད་པ་ནི། དཀར་མཛེས་རྫོང་རོང་པ་ཚྭ་ཡི་ཁོངས་སུ་ཡོད་པའི་ལྕག་དཀར་ཚྭ་ཆུ་རེད། སྔོན་ནས་ད་བར་ཚྭ་ཆུ་འདི་ནི་ས་ཕྱོགས་དེའི་དམངས་ཡོངས་ལ་དབང་བ་ཡིན་ལ། ཚྭ་ཆུ་ཡོད་གནས་ཀྱི་རི་ཐང་ཆུ་གསུམ་གྱི་ཁོར་ཡུག་སྲུང་སྐྱོབ་བྱས་པ་ཧ་ཅང་བཟང་། ཁོར་ཡུག་གཙང་མ། ས་གཙང་མ། ཆུ་གཙང་མ། ཉིན་རེ་བཞིན་སེར་སྐྱ་ཕོ་མོ་བཅུ་ཕྲག་མང་པོས་ཚྭ་ནང་ཉལ་བ་དང་། ལུས་ཕུང་གཙང་ཁྲུས་བྱེད་བཞིན་ཡོད། མཛེས་ལྗོངས་དྭངས་གཙང་འདི་འདྲ་ཞིག་ད་བར་ཡག་པོ་བྱས་ཏེ་གནས་ཐུབ་པ་ནི་ས་ཕྱོགས་འདིའི་དགོན་སྡེ་གྲོང་གསུམ་ཁྱིམ་ཚང་སྟོང་ཕྲག་ཙམ་ཡོད་པའི་བླ་དཔོན་དམངས་གསུམ་ཁ་ཞེ་མཐུན་པའི་ངང་ནས་རང་སའི་མཛེས་ལྗོངས་དང་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་པའི་ཕན་འབྲས་རེད།

P1010403.JPG
ཚྭ་ནང་དུ་སྤྲོ་རྩེད་བྱེད་བཞིན་པའི་བྱིས་པ་རྣམས།
 

        ང་ཚོའི་བོད་གངས་ཅན་གྱི་ས་ཕྱོགས་ཀུན་ཏུ་བརྗིད་རྔམ་ཆེ་བའི་ཡུལ་ལྷ་གཞི་བདག་དང་། མཛེས་སྡུག་ལྡན་པའི་ལྷ་མཚོ་ཀླུ་ཆུ། སྣ་མང་འཛོམས་པའི་ནགས་ཤིང་ཤུག་གསུམ། དྭངས་གཙང་གི་གངས་རི་དང་ཆུ་མགོ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། མདོར་ན། རང་བྱུང་ཁམས་ཀྱི་མཛེས་ལྗོངས་མང་བ། འཛམ་གླིང་ས་ཡི་གཙུག་རྒྱན། འཇིག་རྟེན་མི་ཡི་གཡང་ས། གཏེར་སྣ་བརྒྱ་ཡི་སྤས་གནས། ཆུ་མགོ་སྟོང་གི་འབྱུང་ཁུངས། སྲོག་ཆགས་ཁྲི་ཡི་འཚོ་གནས། གངས་ལྗོངས་ཀྱི་མཛེས་ལྗོངས་ཁྱད་པར་ཅན་འདི་ཚོར་བཤད་པའི་གཏམ་ནི་མཚམས་ཤིག་དང་བསྟོད་པའི་ཚིག་ལ་མཐའ་ཞིག་ཆེ་ཡོད། འོན་ཀྱང་། དེ་རིང་ཁ་སང་མདོ་ཁམས་སྟོད་སྨད་བར་གསུམ་གང་དུ་སོང་ཡང་། བོད་ཡུལ་གྱི་མཛེས་ལྗོངས་འདི་དག་ལ་ཆག་རྒུད་ཚབས་ཆེན་ཐེབས་དང་ཐེབས་བཞིན་པའི་རྣམ་པ་མཐོང་ན་སེམས་ཕམ་པ་ཞིག་དང་། དྲན་ན་ཡིད་སྐྱོ་བ་མང་ཙམ་མཐོང་ཐོས་བྱུང་བས་ད་ནི་བཤད་བསམས་ཀྱང་གཏམ་བཟང་ཞིག་ནི་མི་འཁོར་ཞིང་། བསྟོད་འདོད་ཀྱང་ཚིག་བཟང་ཡིད་ལ་མི་འཆར་གི ཟས་ཀྱི་ཕོ་བ་རྒྱགས་ཀྱང་ལྟོགས་སྣང་ཞིག་དང་། གོས་ཀྱི་རྒྱབ་དྲོས་ན་འཁྱག་སྣང་ཞིག བདེ་སྐྱིད་ལྡན་ཟེར་ན་སེམས་སུ་སྡུག་སྣང་ཞིག་འཆར་འདུག
         ས་ཕྱོགས་མང་ཙམ་ནས་རི་སྐྱེས་སྲོག་ཆགས་ཕར་ཆེར་བསད་ཚར་ནས་ལྷག་མེད་ལ། ས་སྐྱ་མོ་སྟོང་བ་འདྲ་ཞིག་རེད་འདུག རི་སྐྱེས་ནགས་སྡོང་ཤུག་གསུམ་སོགས་སྐྱེ་དངོས་ཕར་ཆེལ་བཅད་ཚར་འདུག་ལ་རི་ལུང་ཁོག་གསུམ་སྡོང་རྩ་སྐྱ་ཐར་རེ་བྱས་འདུག ས་འོག་གི་གསེར་དངུལ་ཟངས་གསུམ་སོགས་ཀྱི་གཏེར་རྫས་ཧམ་བསློགས་བྱས་ཏེ་ཉིན་རེ་བཞིན་མེ་འཁོར་བརྒྱ་ཚོ་དང་རླངས་འཁོར་སྟོང་ཕྲག་མང་བོས་རྐུ་འཁྱེར་བྱེད་འདུག་ད་ནི་འདིའི་རྒྱུ་སྨྱོན་ཁུར་སོང་བའི་ཕོངས་འདྲེ་འདི་སོ་ཁ་ཐ་གི་ཞིག་ཆོད། འདི་འདྲ་ཡིན་ན་ང་ཚོའི་བོད་ཡུལ་འདི་ན་ད་མི་རབས་རྗེས་མ་རྣམས་ལ་འཚོ་གནས་དང་འཚོ་བྱེད་ཀྱི་ཐོན་ཁུངས་ཅི་ཞིག་ལྷག་ཡོད།
         རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཞེས་ཅི་ཙམ་བསྒྲགས་ཀྱང་། ཁྲིམས་མེད་ཁྲེལ་མེད་འདི་ཚོས་རི་མཐོ་གསུམ་མགོ་ཡི་ནགས་ཤུག་སྡོང་གསུམ་བཅད། བར་ལུང་གསུམ་ཁོག་གི་ར་འབུ་རི་དྭགས་བསད། ཐང་བདེ་གསུམ་འོག་གི་གཏེར་གསུམ་བསློགས་ཆུ་དྭངས་གསུམ་བརྙོགས་ཏེ་ས་རྡོ་བྱེ་གསུམ་བླངས། བོད་ས་མཐོང་བ་ཀུན་སྨོན་གྱི་ཡུལ་ལྷ་གཞི་བདག་ཀུན་ལ་ཕོག་ཐུག་བཏང་། གངས་ལྗོངས་གསེར་ས་གྲུ་བཞི་འདིའི་ས་ཡི་སྙིང་བཅུད་གཏོར་དབང་ཐང་བསོད་ནམས་བརླགས། ཡུལ་རྒྱལ་ཁབས་ཀུན་ཏུ་བགེགས་ཆག་སྒོ་འབྱུང་བའི་ངན་གཞི་བཞག་ལྟས་ངན་འདི་ཚོས་སེམས་ལ་མ་དྲན་པ་མ་གཏོགས་ལག་གིས་མ་ལས་པ་ཅི་ཡོད། དེ་རིང་ཁར་སང་རི་མཐོ་གསུམ་མགོ་ཡི་གངས་ཞུ་བས་ཆུ་མགོ་བརྒྱ་སྟོང་མང་བོ་སྐམ་པར་གྱུར་ལ། མཐའ་ན་རྨ་འབྲི་རྫ་གསུམ་གྱི་ཆུ་བོ་རྒྱུགས་མཚམས་ཆད་པའི་ས་མཚམས་ལ་ཐོན་འདུག་པས་ས་ཆ་མང་བོ་ཞིག་གི་རི་ཐང་ཀུན་གྱི་ས་སྐམ་གྱོང་སྟེ་རྩྭ་རྩི་ཤིང་ཡར་སྐྱེ་མེད་པར་རྩྭ་ཐང་བྱེ་ཐང་གྱུར་ཏེ་ས་ཕྱོགས་དེར་འཚོ་ཐབས་མེད་པར་གྱུར་ཡོད་པ་སོགས་ཀུན་གྱི་མཐོང་མེད་ན་གོ་མྱོང་ཚོད་རེད།།
         ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་མི་ཤི་རྟ་འགྱེལ་དང་རྒྱུ་གྱོང་གི་ཆགས་རྒུད་ཚབས་ཆེན་བྱུང་མྱོང་བ་ཀུན་གྱི་ཤེས་གསལ་རེད། འོན་ཀྱང་མི་རིགས་འདི་རྩ་མེད་མ་བཏང་ན་མི་ཕྱུགས་སོགས་ལོ་བཅུ་ཁ་མཚམས་ནས་འཕེལ་རྒྱུ་ཡོད་པའི་དེ་ནི་གནས་སྐབས་ཀྱི་ཆགས་རྒུད་ཆུང་ཙམ་རེད་བསམ་འདུག འོན་ཀྱང་། བོད་ལྗོངས་མཐོ་སྒང་གི་ནགས་ཤིང་བཅད་ཚར་ན་ལོ་བརྒྱ་ཚོ་རིང་ལ་སླར་སྐྱེ་རྒྱུ་མེད་པ་དང་། ས་འོག་གི་གསེར་དངུལ་ཟངས་གསུམ་སོགས་གཏེར་རྫས་སོགས་བསློགས་ཁྱེར་བརླགས་བཅོམ་བྱས་ཚར་ན་ལོ་ངོ་སྟོང་གི་རིང་ལ་སླར་གསོ་མེད་པ་ཡིན་པས་དེ་རིང་ཁར་སང་ཁོར་ཡུག་གཏོར་བརླག་དང་ཆགས་རྒུད་འགྲོ་བཞིན་པ་ནི་མི་རིགས་ཤིག་གི་གཞི་རྩའི་འཚོ་གནས་དང་འཚོ་བྱེད་ཀྱི་ཐོན་ཁུངས་སོགས་རྩ་བ་ནས་བརླགས་བཞིན་པའི་ཡུན་རིང་གི་ཆགས་རྒུད་ཆེན་པོ་ཞིག་ཡིན་པར་འདོད། གོང་གསལ་གྱི་རང་རིགས་བརླག་པའི་ཆགས་རྒུད་འདི་དག་མཐོང་བཞིན་པའི་བོད་མི་ལ་རྒྱ་ཅན་ཞིག་ཡིན་ན། ད་ནི་རང་ལ་ལྟོ་གོས་འཛོམས་པ་ཙམ་གྱིས་སེམས་ལྷོད་དེ་འདུག་ཚོད་ཞིག་ཅི་ལ་ཡིན། ང་ཚོས་ངེས་པར་དུ་རྒྱ་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྲིད་ཁྲིམས་དང་མ་དངུལ་སོགས་མཁོ་སྤྱོད་བཟང་བོ་བྱས་ཏེ་རང་ས་རང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱེད་དགོས་པ་རེད།
         བོད་ཡུལ་གྱི་རང་བྱུང་སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐུབ་དང་མི་ཐུབ་འདི་ནི་ང་ཚོའི་བོད་མི་རིགས་ཀྱི་མི་རབས་རྗེས་མ་ཤི་གསོན་གྱི་གནད་འགག་ལ་ཐུག་ཡོད་པར་མ་ཟད། ཀྲུང་གོ་རྒྱལ་ཁབ་ཡོངས་དང་མཐའ་ན་འཛམ་གླིང་གི་འཚོ་གནས་བདེ་སྡུག་ལ་ཕན་གནོད་ཆེན་པོ་ཡོད་པའི་དོན་ཆེན་ཞིག་ཡིན། དེ་བས། ང་ཚོའི་རང་ས་རང་སྡེའི་བླ་གྲྭ་དཔོན་གསུམ་མགོ་ཁྲིད་མང་ཚོགས་ཀུན་གྱིས་གཅིག་ནས་རང་སའི་ཁོར་ཡུག་ནི་རང་རིགས་རང་རྒྱུད་ཕ་ཚེ་བུ་རྒྱུད་འཚོ་གནས་ཀྱི་རྟེན་གཞི་ཡིན་པས་འདི་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་ངོས་ཟིན་དགོས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རང་དོན་ཡིན་པ། རང་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་དོན་ཡིན་པ་ཤེས་དགོས་པ་རེད། གཉིས་ནས་རྒྱ་གཞུང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཀའ་བཅའ་ཁྲིམས་ཀྱིས་རང་སྲུང་གི་དག་ཆས་བྱས་ཏེ་མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་ཁྲིམས་མཐུན་གྱིས་རང་ས་རང་སྡེའི་ཁོར་ཡུག་སྐྱེ་དངོས་གཏེར་གསུམ་ལ་སྲུང་སྐྱོབ་བྱེད་རྒྱུ་གསུམ་ནས་རང་སའི་དཔོན་ངན་དང་ཀླད་མེད་ཉུང་ཤས་ཀྱིས་ཕྱི་མི་དང་ངན་འབྲེལ་བྱས་ཏེ་གཏེར་ཁུངས་ཧམ་བསློགས་དང་སྐྱེ་དངོས་རྐུ་བཅོམ་བྱེད་པ། ཐོན་ཁུངས་དང་ཐོན་རྫས་སྒེར་གྱི་ཧམ་གཉེར་བྱས་ཏེ་ཅི་བསམ་གང་འདོད་ཀྱིས་ས་རྐོ་རྡོ་བསློགས་བྱེ་མ་ལེན་པ་སོགས་ཁོར་ཡུག་གཏོར་བརླགས་བྱེད་པའི་སྤྱོད་ངན་སོགས་ལ་ངོ་རྒོལ་དང་། རང་ལ་ནས་ངན་ཤུགས་ཆེ་བ་རྣམས་ཁྲིམས་མཐུན་གྱི་གོང་རིམ་ལ་ཞུ་གཏུག་བྱེད་དགོས་པ་བཅས་ཡིན། གནས་ལུགས་ཡོད་ན་རྒྱ་གཞུང་གི་མཐོང་ཆེན་དང་སྤྱོད་ངན་འདི་དག་བཀག་འགོག་བྱེད་རྒྱུ་རེད། རྒྱ་གཞུང་གི་ཁོར་ཡུག་སྲུང་སྐྱོབ་དགོས་ཟེར་བ་ཁ་ཙམ་གྱིས་རྫུན་གཏམ་ཅུང་ཡིན་རྒྱུ་མ་རེད་བསམ་འདུག
         ད་སྐབས་ང་ཚོའི་བོད་ཡུལ་དུ་རང་ས་རང་སྡེའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱས་པ་ཅུང་བཟང་བའི་ས་ཆ་ཡང་མི་ཉུང་བ་ཡོད། དེ་ནི་ས་དེའི་དགོན་སྡེ་གྲོང་གསུམ་གྱི་བླ་དཔོན་དམངས་གསུམ་ཁ་ཞེ་མཐུན་ཞིང་རང་ས་རིན་ཆེན་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཧ་ཅང་བཟང་བོ་ཡོད་པའི་དྲིན་རེད། དེ་ནི་ཁོང་རྣམས་ཀྱི་ང་ཚོའི་མི་རིགས་འདིའི་ད་ལྟའི་འཚོ་གནས་ལ་བསམ་བློ་གཏོང་གི་ཡོད་པར་མ་ཟད། ང་ཚོའི་བོད་མི་རིགས་འདིའི་མི་རབས་རྗེས་མའི་འཚོ་གནས་དང་དར་རྒུད་སོགས་ལ་བསམ་བློ་གཏོང་གི་ཡོད་པའི་དྲིན་རེད། ས་ཆ་འདི་ཚོའི་དགོན་སྡེ་གྲོང་གསུམ་དང་ཁོང་རྣམས་ནི་ང་ཚོའི་བོད་མི་ཡོངས་ཀྱི་དམིགས་དཔེ་རེད་ཅེས་བཤད་ཆོག་པ་རེད་བསམ་འདུག


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41363252
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1