བླ་མེད་ཀྱི་ལམ་བུར་སྙེག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» འཛམ་གླིང་མཁས་དབང་། »བླ་མེད་ཀྱི་ལམ་བུར་སྙེག་པ།
བླ་མེད་ཀྱི་ལམ་བུར་སྙེག་པ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/3ལྟ་ཀློག (8867)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 


 ——མའེ་ཀལ་ ཇོར་དཱན།(Michael jordan)བསྟན་འཛིན་ནོར་འཛིན་གྱིས་བསྒྱུར།

   ང་རང་ཉིད་ཕུལ་བྱུང་ཞིག་བྱེད་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་མོད།འོན་ཀྱང་ངས་ཡོད་ཚད་གནས་སྐབས་ཀྱི་དམིགས་བྱ་མཐའ་དག་དང་དུ་བླངས་ཏེ་རིམ་གྱིས་སྒྲུབ་པར་བྱེད་ཀྱི་ཡོད། དམིགས་ཡུལ་ཞིག་གྲུབ་ཟིན་ཚེ།ངས་འབད་བརྩོན་བྱས་ན་བསྒྲུབ་ཐུབ་པའི་དོན་མཐུན་གྱི་དམིགས་ཡུལ་གཞན་ཞིག་དེ་མུར་འཇོག་གི་ཡོད། རྒྱལ་ཁ་རེ་རེ་ནི་རྒྱལ་ཁ་རྗེས་མའི་སྣེ་འཁྲིད་མཁན་ཡིན་ཞིང། ངས་ནམ་ཞིག་ང་རང་གང་དུ་སླེབས་དགོས་པ་དང་རང་ཉིད་མི་གང་འདྲ་ཞིག་དང་རྩེད་མོ་བ་གང་འདྲ་ཞིག་ཆགས་དགོས་མིན་གྱི་རྟོག་པའི་འཆར་འགོད་བགྱིས་ཙ་ན། དེ་དག་ཡོངས་རྫོགས་ངས་བསམ་བློའི་ནང་དུ་ཁྲིག་ཁྲིག་བཟོ་ཡི་ཡོད། ངས་རང་ཉིད་གང་དུ་བསྐྱོད་དགོས་མིན་གསལ་ཐིང་ངེར་ཤེས་ཤིང་དེར་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་ལས་ལ་གཞོལ་གྱི་ཡོད། དམིགས་ཡུལ་དེ་དག་ལེགས་འགྲུབ་བྱུང་དུས་རང་ཉིད་ཀྱི་གདེང་ཚོད་ཅུང་ཆེ་རུ་འགྲོ་ཞིང་། ང་ལ་མཚོན་ན་འདི་དག་ཚང་མ་བསམ་བློའི་བཀོད་སྒྲིག་རེད། ངས་གོམ་པ་རྗེས་མར་སེམས་རྣལ་དུ་ཕབ་པ་ཙམ་ལས་གང་ཡང་ཡིག་ཐོག་ཏུ་གཏན་ནས་ཕབ་མྱོང་མེད།

   ངས་གང་ཞིག་འདྲི་བར་སུ་ལའང་ཞེད་སྣང་ནམ་ཡང་བྱེད་ཀྱི་མེད། ཅིའི་ཕྱིར་ང་སྐྲག་དགོས་སམ། “ང་ལ་རོགས་པ་བྱོས་དང་། ང་ལ་ལམ་སྟོན་བྱོས་དང་”ཞེས་པ་འདི་ནི་ངའི་ལྟ་སྤྱོད་ཡིན།

ངས་གང་ཞིག་བྱས་ནའང་དེ་ལ་ཐབས་ལམ་འདི་བེད་སྤྱད་ན་ཆོག སྨན་པ་ཞིག་ཆགས་དགོས་པའི་དམིགས་ཡུལ་ཅན་གྱི་མི་ཞིག་ལ་མཚོན་ནའང་དེ་བཞིན་རེད། རྒྱུད་རིམ་དེ་དག་ནི་ལན་འདེབས་དཀའ་བའི་རྙོག་འཛིང་ཞིག་གི་ཟུར་རེ་རེ་ཡིན་པས། རྙོག་འཛིང་དེ་ཡོངས་སུ་རྟོགས་པ་ལ་ཆ་ཟུར་མ་ལུས་ཕྱོགས་གཅིག་ཏུ་འདུས་དགོས་ཤིང་གལ་ཏེ་ཡོངས་སུ་གསེད་གྲོལ་བྱུང་ན། ད་གཟོད་ཁྱེད་ཀྱི་དམིགས་ཡུལ་མངོན་དུ་གྱུར་ཅིང་། མ་བྱུང་ན། རང་ཉིད་རང་ལ་ལས་བདའ་བྱེད་དགོས་པ་མེད་དོ།

གྱོང་གུད་ལ་བསམ་བློ་མ་གཏོང་།

   ངས་ནམ་ཡང་ཕམ་ཁའི་མཇུག་འབྲས་ལ་ཡེ་ནས་མི་ལྟ་སྟེ་འཇུག་འབྲས་ལ་བསམས་པའི་ཚེ། ཁྱེད་ལ་རྟག་ཏུ་མཇུག་འབྲས་ངན་པ་འབྱུང་ངེས་པ་ཡིན། གལ་ཏེ་ང་གནས་སྟངས་གང་འདྲ་ཞིག་ཏུའང་མཆོང་སྐྱོད་བྱས་ན། ངས་ལེགས་འགྲུབ་ཡོང་ལུགས་ལ་ལྟ་བ་མ་གཏོགས་ལམ་ལྷོང་འབྱུང་མིན་ལ་བསམ་བློ་གཏོང་གི་མེད།

   མི་འགའ་ཤས་གྲུབ་འབྲས་མི་ལེགས་པ་ཞིག་ཡོང་རྒྱུའི་ཉེན་ཁར་དོགས་ཏེ་ཞེད་སྣང་གིས་ཁོང་འདར་བྱེད། ཁོང་ཚོར་ཁ་སྐྱེངས་པོའམ་རང་ཉིད་ཀྱིས་ཞབས་འདྲེན་ཞུས་ཡོང་སྙམ་པའི་སྐྲག་སྣང་ཡོད་ཀྱི་རེད། གལ་ཏེ་ངས་མི་ཚེའི་ནང་གང་ཞིག་མཁོ་བསྒྲུབ་བྱེད་དགོས་ཚེ། རང་ཉིད་ཀྱིས་ཕར་ཕྱོགས་ལ་ངར་ཤུགས་དོད་པོས་རྩོལ་ལེན་བྱེད་དགོས་པ་ཤེས་སོང་།

ངས་གང་ཞིག་བག་འཁུམས་བྱས་ནས་ཐོབ་ཐུབ་པར་མི་རློམ།

   མི་ལ་ལས་ཞེད་སྣང་ནི་འགོག་རྐྱེན་ཤིག་ཏུ་ལྟ་གིན་ཡོད་པ་ངས་ཤེས་ཡོད་མོད། འོན་ཀྱང་། ང་ལ་མཚོན་ན་དེ་ནི་འཁྲུལ་སྣང་ཞིག་རེད། ཞེད་སྣང་ཅི་འདྲ་ཞིག་ཡིན་ནའང་འཁྲུལ་སྣང་ཞིག་རེད། ཁྱེད་ཀྱིས་རང་ཉིད་ཀྱི་ལམ་བུར་གང་ཞིག་གིས་བཀག་ནས་བསྡད་ཡོད་པ་ལྟར་དུ་སྣང་ནའང་། དོན་དངོས་སུ་གང་ཐུབ་བྱ་རྒྱུའི་གོ་སྐབས་དང་རྒྱལ་ཁ་ལེན་རྒྱུ་ཁོ་ན་ཡིན།

གལ་ཏེ་སོ་སོས་འབད་འབུངས་ཡོད་རྒུ་བྱས་ཀྱང་མ་འདང་ན། མ་མཐར་ཡང་ཕྱི་མིག་བལྟས་ནས་སོ་སོས་ཞེད་སྣང་གིས་ཐབས་ཤེས་ཤིག་ཀྱང་འཐེན་ཐུབ་མ་སོང་ཨང་སྙམ་པའི་དུས་ཤིག་ཤར་མི་ཡོང་། གཅིག་བྱས་ན། ང་ལ་ནུས་པ་དེ་མེད་པ་འདྲ། ཡང་ན། ང་ལ་འཇོན་ཐང་གིས་མ་འདང་པ་རེད་བསམ་པ་བྱུང་བ་ནི་ཁག་མེད་ལ་སེམས་འཚབ་བྱེད་དགོས་པ་རྩ་ནས་མེད། ང་ལ་ཕམ་ཁས་ཐེངས་རྗེས་མར་དེ་བས་ནུས་ཤུགས་རྩལ་འདོན་བྱེད་པར་རྟག་ཏུ་སྐུལ་འདེད་གཏོང་གིན་འདུག །

   “བསམ་བློ་བཟང་ཕྱོགས་ནས་ཐོངས།ཕམ་ཁའི་ནང་དུ་འབར་ཤུགས་འཚོལ།”ཞེས་པ་ནི་ངའི་ཁ་ཏ་བསླབ་བྱ་ཡིན། མཚམས་མཚམས་རང་ཉིད་སླེབས་འདོད་པ་གང་དེར་ཕམ་ཁས་ཉེ་བར་བསྐྱལ་ཡོང་། འཛམ་གླིང་གི་རླབས་ཆེན་གྱི་གསར་གཏོད་རྣམས་ཀྱང་ལེགས་པར་མ་གྲུབ་པའི་གོང་ལ་ལམ་ལྷོང་མ་བྱུང་བ་བརྒྱ་ཕྲག་མང་པོ་ཞིག་འཕྲད་ཡོད།

   ཞེད་སྣང་ནི་སྐབས་སྐབས་སུ་དམིགས་པ་དང་དོ་སྣང་ལྷོད་པའི་དབང་གིས་ཡོང་གི་ཡོད། གལ་ཏེ་ཁྱེད་ཀྱིས་གང་བྱེད་ཀྱིན་པ་དེ་འཐུས་པར་རློམ་གྱི་ཡོད་ན། ལྷོད་ལ་བབས་ནས་མུ་མཐུད་དུ་གྱིས་ཤོག འབྱུང་འབྲས་ལ་བསམ་བློ་མ་གཏོང་ཤིག།དེ་ལ་གང་ལྟར་ཁྱེད་ལ་རང་དབང་ཡོད་པ་མ་རེད།

   ཚོང་རའི་ནང་དུ་ཁྱེད་ཀྱིས་སྤྱན་བསྟར་བྱེད་སྐབས་དེ་ལ་གང་མཁོ་ཅི་ཐུབ་བྱས་ཡོད་ཀྱི་རེད། དེའི་རྗེས་སུ་གང་ཐོན་ཁྱེད་ཀྱི་ལག་ཏུ་མེད་པ་རེད། སྤྱན་བསྟར་ལ་དགའ་མིན་ནི།ཚོང་ཤག་གམ་ཉོ་མཁན་ཁོང་ཚོ་རྣམ་པར་རག་ལུས་པས་དེའི་ཐོག་སེམས་ཁྲལ་མ་བྱེད།

   ངས་ཕམ་ཁ་དང་ལེན་བྱ་ཐུབ། སུ་འདྲ་ཞིག་ཡིན་ནའང་ལམ་འགྲོ་མ་རྒྱུགས་པ་བྱུང་གི་རེད། འོན་ཏེ། ང་ལ་ཐེབས་ཤེས་ཙམ་ཡང་མ་འཐེན་ཟེར་ན་ངོས་ལེན་རྩ་ནས་མེད། ཇི་སྲིད་ཁྱེད་ཀྱིས་གང་ནུས་ཅི་ལྕོགས་བྱས་ཤིང་དཀའ་ལས་བརྒྱ་ཆའི་བརྒྱ་དང་བཅུ་བརྒྱབས་པ་དེའི་ཚེ་རྒྱལ་ཁ་ཐོབ་མིན་གནད་འགག་མ་རེད། ལས་ཀ་གང་ཞིག་བྱས་པ་ན་དེ་ལ་གྲུབ་འབྲས་ཡོད། ངས་ཅི་ཞིག་བྱེད་པ་ན་བློ་ཕྱེད་སེམས་ཕྱེད་བྱེད་མི་ཉན། གང་ཞེ་ན། དེ་ལྟར་བྱས་གཤིས་གྲུབ་འབྲས་ཀྱང་དེ་དང་འདྲ་བ་ཞིག་ལས་རེ་བ་གཞན་རྒྱག་རྒྱུ་མེད་པ་ངས་ཤེས་ཡོད། དེའི་ཕྱིར། ངས་སྦྱོང་བརྡར་སྐབས་སུའང་རྩེད་འགྲན་དངོས་གཞི་ལྟར་གདོང་ལེན་བྱེད་ཀྱི་ཡོད། སྦྱོང་བརྡར་བྱེད་དུས་ང་རང་སྣང་མེད་ཤོར་ན་མི་འགྲིག་སྟེ།རྩེད་འགྲན་སྐབས་སུ་ནུས་ཤུགས་འཕར་མ་ཞིག་རྒྱག་དགོས་ཚེ་ངས་དེ་བཞིན་ཡོང་བར་རེ་བ་འཆང་དགོས་ཀྱི་རེད།

   འོན་ཀྱང་། མི་མང་པོ་ཞིག་གིས་ཐབས་ལམ་འདི་ལྟར་སྤྱོད་སྒོ་ནོར་བས་ཁོང་ཚོར་ལམ་ལྷོང་མི་ཡོང་། ཁོང་ཚོས་གང་དྲག་གང་ཡོང་བྱ་རྒྱུར་དམ་བཅས་ཡོད་པར་སྣང་། ཁོང་ཚོས་གང་འགྲིག་འགྲིག་དང་གང་ཡག་ཡག་བཤད་ཅིང་རྣམ་པ་མཛེས་པོ་བཏོན་ནའང་། དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཚབ་ཏུ་རྒྱུ་མཚན་བགྲངས་ནས་བསྡད་པ་རེད།

འགོག་རྐྱེན་ལས་རྣམ་པར་རྒྱལ་བ།

  ཁྱེད་ཀྱིས་མཐོང་གྱུར་ལྟར། ཚོང་ལས་ནང་རང་གིས་བྱེད་དགོས་པའི་ལས་དོན་མ་བྱས་པར།“གལ་ཏེ་ང་ལ་གོ་སྐབས་ངེས་ཅན་ཞིག་རེག་ཡོད་ཚེ། གལ་ཏེ་སྦྱིན་བདག་གིས་ང་ལ་མཉེས་པོ་གནང་ཡོད་ན། ངས་དེ་དང་དེ་ལེགས་པར་མཐའ་ཁྱོངས་ཡོད་ཀྱི་རེད།”ཅེས་པའི་ཁག་དཀྲི་རྒྱུ་ལས་ཅི་ཡང་མེད།

   བར་ཆད་དང་རྣམ་གཡེང་ཤོར་ས་མེད་ཅེས་བརྗོད་པ་མ་རེད། གལ་ཏེ་ཁྱེད་ཀྱིས་གང་ཞིག་བསྒྲུབ་པར་གཞོལ་ཚེ། ལམ་དུ་དགག་རྡོ་དུ་མ་ཡོད་ངེས་པ་རེད་མོད། འོན་ཀྱང་། འགོག་རྐྱེན་གྱིས་ཁྱེད་རང་བཀག་ཐུབ་པའི་ཁྱབ་པ་མེད། གལ་ཏེ་ཁྱེད་རང་རྩིག་གྱང་ཞིག་ལས་བརྒལ་དགོས་ན། སེམས་ཤུགས་ནམ་ཡང་མ་ཆག དེ་ལས། གང་འདྲ་བྱས་ནས་དེར་འཛེགས་དགོས་མིན་གྱི་ལས་ལ་ཞུགས་པའམ་འབད་བརྩོན་བྱོས།

  ཁྱེད་རང་སོ་སོའི་འཆར་གཞི་ལ་བརྟན་པོར་གནས་དགོས། མི་མང་པོ་ཞིག་གིས་རང་ཉིད་མི་འཇོན་པའི་རྒྱུ་མཚན་དུ་བྱས་ཏེ་ཁྱེད་རང་ཡང་ཁོང་ཚོའི་གྲས་སུ་རྐང་འདྲེན་བྱས་ནས་གཅིག་མཚུངས་སུ་ཡིན་པའི་ཆ་འཛིན་གྱི་རེད། བདེ་ལམ་སྤྱོད་དེ་རང་དགར་བསླེབས་པ་མི་ཉུང་ཤས་ཤིག་ཡིན་པ་ལས། ཕལ་ཆེ་བས་རྒྱལ་ཁ་ནི་དམིགས་ཡུལ་བསྟུད་མར་བསྒྲིགས་ཤིང་དེ་དག་བསྒྲུབ་པར་དམ་བཅས་ཏེ་ལྷག་བསམ་རྣམ་དག་གི་ལམ་ནས་བླངས་པ་རེད།

   ང་ཚོའི་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ཀྱི་རྒྱུད་རིམ་ལ་མ་གཞིགས་པར་སྒེར་གཅིག་གི་ལག་རྗེས་ལ་བཟུང་ནས་ཡུད་བསྟོད་བྱེད་སྲོལ་ཡོད། གལ་ཏེ་ཁྱེད་ལ་འགོ་དཔོན་བསམ་བློ་ཅན་ཞིག་ཡོད་ནའང་། ཁོང་གི་འོག་ཏུ་མངོན་འདོད་སྒྲུབ་མཁན་གྱི་དཔུང་རོགས་མེད་ན་ཅི་བྱ། གལ་ཏེ་ཁྱེད་ལ་ཆ་རྐྱེན་ཡོངས་རྗོགས་ལས་གནད་འགག་ཅན་རྣམས་དེ་བས་ཚང་འཛོམས་བྱུང་མེད་ན། བསམ་བློ་ཡོད་པ་ཙམ་ལ་ཧ་ལས་རྒྱུ་ཅང་མེད། ཁྱེད་ལ་འཛམ་གླིང་གི་ཚོང་པ་ཡག་ཤོས་དག་ཡོད་ཆོག་ཀྱང་། གལ་ཏེ་ཚོང་ཟོག་བཟོ་སྐྲུན་བྱེད་མཁན་གྱི་མི་རྣམས་ཡག་པོ་མེད་ན་སུ་གང་ཡང་ཉོ་མཁན་མི་འབྱོར།

   རྩེད་མོ་སློབ་སྟོན་པ་ནང་བཞིན། འགན་འཛིན་གྱིས་ཀྱང་ཚོགས་པའི་ཁེ་དབང་གང་མཐོའི་ཆེད་དུ་སྒེར་རེ་རེའི་ནུས་རྩལ་བེད་སྤྱོད་ལེགས་པར་ཇི་ལྟར་གཏོང་དགོས་མིན་གྱི་ཐབས་ཤེས་འཐེན་དགོས། འདི་ནི་རང་དོན་རྒྱབ་བསྐྱུར་གྱི་རྒྱུད་རིམ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཀྱི་ནང་མཚམས་མཚམས་རང་ཉིད་ཁོ་ན་རྩེ་རུ་འབུད་ཐབས་བྱ་རྒྱུའི་ཚབ་ཏུ་ལས་བྱའི་ཆ་ཤས་བསྐོང་བར་བསམ་པའི་འདུ་ཤེས་དཀོན་པོ་རེད། ང་ཚོས་རྒྱུན་དུ་གང་ཞིག་ཧྲིལ་བོ་སྒྲུབ་པར་བྱེད་པ་ལ་ཆ་ཤས་རེ་རེ་ལ་འདང་མི་རྒྱག་པར་རྒྱ་ཡན་དུ་བསྐྱུར། ནུས་རྩལ་༡གྱིས་རྩེད་འཁོར་༢ཐོབ་པར་བྱེད་ཀྱང་། མཉམ་ལས་༣དང་རྣམ་དཔྱོད་ཀྱིས་ཕུལ་བྱུང་གི་གཟེངས་བསྟོད་༤རེག་པར་བྱེད།

   ངའི་ལེགས་བསྒྲུབ་ཐམས་ཅད་ཀྱི་འབྱུང་རྩ་ནི། རྨང་རྡོའམ་ལས་ཀུན་ཁྱོངས་བྱེད་ཀྱི་རྩ་འཛིན་སྟེ། གཞི་རྩ་ཇི་ལྟར་ལག་བསྟར་བྱས་ཡོད་མིན་དང་ཐབས་ལམ་གང་སྤྱོད་ཡོད་མིན་ལ་ཐུག་ཡོད། ཁྱེད་རང་ཅི་ཞིག་བྱེད་ནའང་ཆོག གལ་ཏེ་དེ་ཐོག་རྩེ་རུ་སོན་འདོོད་ན་དེའི་གཞི་རྩའི་བསྒྲུབ་དགོས་དག་གཡོལ་མི་རུང་། འོན་ཀྱང་། སྐྱེས་བུ་འགའ་ཤས་དེ་ལ་ཁ་གཏད་གཅོག་པར་མི་སྤོབས། ཁོང་ཚོར་ལམ་སེང་འབྲས་བུ་བཟང་པོ་ཐོན་དགོས་པས་རིམ་པ་འགའ་ཞིག་ལ་མཆོང་རྒྱག་རྒྱག་མདོག་ཁ་པོ་རེད། ཁོང་ཚོ་ནི་ཕུལ་བྱུང་ཞིག་བསྒྲུབ་པར་རྔམ་དྲགས་པས་ཁོང་ཚོས་ནམ་ཡང་བང་རིམ་འཆོལ་བར་བྱེད། ཁྱེད་རང་གིས་ཀྱང་དེ་དག་ལ་དང་ཐོག་ནས་གཡོལ་ཐུབ་ནའང། གང་ལྟར་ཕྱིས་སུ་ཁྱེད་ལ་དེས་དཀའ་ངལ་སྤྲོད་ཁོ་ཐག་རེད། གཞི་རྩ་སྟེ། བསམ་བློའི་གྲ་སྒྲིག་གམ་བྱ་བའི་ཀུན་སྤྱོད་ཡིན་ནའང་རུང་།བཀོལ་ཐབས་ལེགས་པོ་ཡིན་ཀྱང་ཆོག།ཁྱེད་ཀྱིས་གཞི་རྩ་དག་ལས་རིང་དུ་གྱར་བའི་དུས་དེར། ལས་ཀ་དང་སློབ་ལས། རྩེད་འགྲན་གང་འདྲ་ཞིག་བྱེད་ནའང་དེའི་རྨང་གཞི་བཞིག་འགྲོ་ཡི་རེད།

    རྨང་གཞིའི་གནས་ལུགས་ཤེས་པར་གྱུར་ན། ད་གཟོད་ཁྱེད་ཀྱིས་ལས་འགུལ་ཧྲིལ་བོའི་ནང་དེའི་གལ་གནད་རྟོགས་ཡོང་། དེས་ཁྱེད་ཀྱིས་ལས་ཀ་བྱེད་དུས་དཔྱོད་ཤེས་ལྡན་པ་བཟོ་བར་བྱེད། འདི་ཚོ་ལས་སླ་མདོག་ཁ་པོ་སྣང་ནའང་། དེ་ལྟར་མིན། ཁྱེད་ཀྱིས་དུས་ནས་དུས་སུ་རང་གི་གཞི་རྩ་རྣམས་སྲུང་དགོས་ཏེ། དེ་ཕྱོགས་གཏད་པའི་ཁྱེད་ཀྱི་དོ་སྣང་འགྱུར་བ་མ་གཏོགས་གཞན་གང་ལའང་འགྱུར་བ་མེད་པའི་ཕྱིར་རོ། གང་ཞིག་བྱེད་ཀྱང་རུང་། དེ་ལ་བཟང་ཕྱོགས་དང་ཉེས་ཕྱོགས་ཀྱི་ལམ་གཉིས་རེ་ཡོད། གཞི་རྩའི་རྩ་བ་ལེགས་པར་བཟུང་ན། ཐམས་ཅད་ཀྱི་ནུས་ཚད་གོང་མཐོར་འགྲོ་ཡི་རེད།

མིག་དཔེ་འཇོག་པ།

   ངས་རྟག་ཏུ་མིག་དཔེ་བསྟན་པའི་སྒོ་ནས་སྣེ་འཁྲིད་རྒྱུར་འབད། ངས་ནམ་ཡང་ཁ་སྟོང་ཚིག་སྟོང་གིས་གཞན་ལ་སྐུལ་ལྕག་གཏོང་གིན་མེད། གང་ཞེ་ན། ངས་བསམ་པར་ལག་ལེན་གྱི་ནུས་པ་ལ་ཚིག་གིས་འགྲན་ཟླ་མེད་སྙམ། རི་མོའི་སྣང་བརྙན་ཞིག་ལ་བརྗོད་ཚིག་སྟོང་ཕྲག་ཡོད། དེ་བས། ངས་སྒྲིག་ཁྲིམས་དོ་འཁུར་དང་དཀའ་སྤྱད་འབད་འབུངས་ཀྱི་རི་མོའི་སྣང་བརྙན་ཞིག་འབྲི་བཞེངས་བྱེད་པར་བརྩོན། དེ་ལྟར་ཡིན་ཏེ། གལ་སྲིད་འགོ་འཁྲིད་པའི་མི་དེས་དཀའ་ལས་མ་རྒྱག་ན། ཅིའི་ཕྱིར་གཞན་རྣམས་ཀྱིས་དེ་ལྟར་བྱ་དགོས་སམ།

   འགོ་འཁྲིད་ཅིག་གིས་རང་གི་མིང་གནས་དོན་དུ་འཛིན་ཐུབ་དགོས། ཆེས་མང་མོས་ཅན་ནམ་འཛིན་གྲྭའི་སློབ་མ་གྲུང་ཤོས་ཡང་ན། རུ་ཁག་གི་རྩེད་མོ་རྩེ་མཁན་དྲག་ཤོས་ཡིན་པ་ཙམ་གྱིས་ཁྱེད་རང་མགོ་ཁྲིད་ཆགས་པས་མ་ཁྱབ། སུ་གང་གིས་ཀྱང་ཁྱེད་ལ་མིང་གནས་དེ་སྩོལ་མི་ཐུབ། ཁྱེད་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་བརྒྱུད་ནས་གཞན་གྱིས་རང་ལ་རྩི་མཐོང་རེག་པར་བྱེད་དགོས། ནང་མི་ལ་འབྲེལ་བ་བྱེད་ཡག་གམ་ཚོང་རའི་འདུ་འཛོམས་ཡིན་ནའང་འདྲ། ལག་སྤོལ་སྦྱོང་བརྡར་ཡིན་ནའང་ཆོག།ཁྱེད་ཀྱིས་དེ་དག་གི་འཇུག་སྒོ་མཐའ་དག་རྒྱུན་བསྲིང་བྱེད་དགོས། ཁྱེད་ལ་རེ་བ་ཅི་འདྲ་ཞིག་ཡོད་མེད་ཁྱེད་ཀྱི་རོགས་པ་ཚོར་ཤེས་རྟོགས་ཡོད་པར་བྱེད་དགོས། རྩེ་ཐེངས་རེ་རེར་ཁྱེད་རང་གི་རྩེད་སྟངས་མུ་མཐུད་སྔར་བཞིན་གནས་ཏེ་སྒོས་སུ་གནས་སྟངས་ཛ་དྲག་སྐབས་སུ་རྩེད་རོགས་ཚོས་ཁྱེད་ལ་དམིགས་བསལ་གྱི་རེ་བ་བཅོལ་ན་འོས་པའི་གདེང་ཚོད་ཅིག་སྐྲུན་པར་བྱེད་དགོས།

   རང་གི་དཀའ་ལས་རྒྱག་པའི་འབྲས་བུ་རྩེད་ཐང་གི་སྟེང་དུ་འདོན་དགོས་ཀྱང་། ཡག་པོ་མ་རྩེས་པ་ཡིན་ན་མཇུག་མཐར་རྩེད་མོ་བའམ་རྩེད་མོ་ལམ་སྟོན་པས་བརྒྱ་བཤད་སྟོང་སྨྲས་པར་བྱས་ནའང་དོན་མེད་དུ་གྱུར། འགོ་ཁྲིད་ཅིག་གིས་གང་ལའང་ཁ་དཀྲི་བྱེད་མི་རུང་། ལག་སྤོལ་རྩེས་སྐབས་སམ་དེའི་རྗེས་སུ། འཛིན་གྲྭའི་ནང་དུའམ་རྩེད་ཐང་སྒང་དུ། ལས་ཁུངས་ནང་དུའམ་ཕྱིའི་ལས་ཀ་སོགས་གང་འདྲ་ཞིག་ལ་མཚོན་ནའང་། གང་བྱེད་པ་དེ་བྱེད་རིན་ཆོག་པ་ཞིག་དགོས། རང་ལ་ཡོད་པའི་ནུས་རྩལ་དང་འདུན་པ་དྲག་པོ་དེ་ཁོར་ཡུག་གང་འདྲ་ཞིག་ཏུ་སླེབས་ནའང་མུ་མཐུད་རྒྱུན་སྤེལ་བྱེད་དགོས། གལ་ཏེ་རུ་ཁག་སྤྱིའི་ཁེ་ཕན་གྱི་ཆེད་དུ་དགོས་ཚེ། རང་ཉིད་ཀྱི་ཁེ་དབང་བློས་གཏོང་ཐུབ་པའི་སྙིང་སྟོབས་ལྡན་པ་ཞིག་དགོས། འགོ་ཁྲིད་ནི། གནས་སྟངས་གང་དེར་སྔར་རྒྱལ་ཁའི་བྲོ་བ་བསྟུད་མར་མྱངས་མྱོང་མཁན་ཞིག་དང་མྱངས་ནས་ཀྱང་། ཉེན་ཁར་མི་འཛེམ་པར་གཞན་རྣམས་ལམ་བུ་དེར་བསྐྱར་དུ་འཁྲིད་པར་སྤོབས་པ་དང་ལྡན་མཁན་ཞིག་ཀྱང་རེད།

    དེ་དང་མཉམ་དུ་སོ་སོས་རང་གི་ལངས་ཕྱོགས་ལ་ཡིད་ཆེས་ལྷོད་མེད་བརྟན་པོ་གནས་པར་བྱེད་དགོས། དུད་ཚང་དང་། ཚོང་དོན། ཁྱིམ་མཚེས་གང་དང་གང་ཀུན་ལ་སྣེ་ཁྲིད་མཁན་ཞིག་གི་དགོས་མཁོ་ཡོད་པ་རེད་དོ།

-མའེ་ཀལ།ཇོར་དཱན་(Michael Jordan)ནི་ཨ་རིའི་གྲོང་འཁྱེར་ནེའུ་ཡོག་(New York)དུ་སྐྱེས་ཤིང་ཅི་ཀ་ཁོ་(Chicago)ཟེར་བའི་གྲོང་འཁྱེར་གྱི་སྔོན་ཆད་གླང་དམར་(Bulls)ལག་སྤོལ་རུ་ཁག་གི་སྐད་གྲགས་ཆེས་ཆེ་བའི་རྩེ་འགྲན་པ་ཞིག་ཡིན་ཞིང་ཁོའི་སྐོར་གྱི་དེབ་འགའ་ཤས་ཀྱང་ཡོད་པའི་ནང་ནས་གོང་འཁོད་རྩོམ་ཡིག་འདི་དེ་དག་ལས་བཏུས་པ་ཞིག་ཡིན།

<<མཆན།>>

༡ ནུས་རྩལ། Talent

༢ རྩེད་འཁོར། Games(སྐབས་འདིར་ལག་སྤོལ་ལ་གོ)

༣ མཉམ་ལས། Teamwork

༤ ཕུལ་བྱུང་གི་གཟེངས་བསྟོད། Championships


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkdq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41155465
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1