མགར་དང་འགར་གྱི་ཁྱད་པར་ལས་འཕྲོས་པའི་རིགས་རྒྱུད་སྐོར་རོབ་ཙམ་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མགར་དང་འགར་གྱི་ཁྱད་པར་ལས་འཕྲོས་པའི་རིགས་རྒྱུད་སྐོར་རོབ་ཙམ་གླ
མགར་དང་འགར་གྱི་ཁྱད་པར་ལས་འཕྲོས་པའི་རིགས་རྒྱུད་སྐོར་རོབ་ཙམ་གླེང་བ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/5ལྟ་ཀློག (4030)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 མགར་བུ་འཇམ་བསམ། 

      དེ་ཡང་ལོ་རྒྱུས་ཀྱི་ཚིག་གསུམ་མ་ཤེས་ན།   །ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས།   །ཞེས་པ་ལྟར། མི་བུ་གང་ཞིག་གིས་རང་ཉིད་གང་དུ་འོང་བ་དང་ཅིའི་དོན་དུ་འོང་བ་གང་དུ་འགྲོ་བ་སོགས་ཞིབ་ཏུ་ཤེས་པ་རང་ཉིད་མི་ཞིག་ཡིན་པའི་འོས་འགན་རེད་བསམ་བྱུང་སྙམ།   དེས་ན་ང་རང་ཆུང་དུས་རང་ཉིད་གང་གི་རིགས་རྒྱུད་ཡིན་པ་གསལ་བོ་མ་ཤེས་མོད།འོན་ཀྱང་དྲིན་ཆེན་ཕ་མ་སོགས་ཀྱིས་ངག་རྒྱུན་དུ་བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་མེད་དུ་མི་རུང་བའི་བློན་པོ་མགར་སྟོང་བཙན་གྱི་རྒྱུད་ལས་མཆེད་པ་ཡིན་ཞེས་དུས་རྒྱུན་ཁ་ན་ལྷང་ལྷང་དུ་གྲག་པ་ཐོས་སོ།    །འགར་སྟོང་བཙན་གྱི་རྒྱུད་ནས་མཆེད་པ་ཡིན་ཟེར་མཁན་མི་བུ་མང་དུ་འབྱུང་བཞིན་པ་རེད།   དེའི་ཕྱིར་རང་ཉིད་ཀྱི་མིང་བྱང་འབྲི་བའི་ཚེ་མགར་དང་འགར་ལ་ཁྱད་མེད་འབྲི་བ་ཤིན་ཏུ་མང་པོ་ཡོད་ཕྱིར།    ངས་འདི་ནས་ལོ་རྒྱུས་དང་ཡིག་ཚང་སོགས་ལ་བསྟུན་ནས་ཅུང་ཙམ་བཀོད་ན།   ཡི་གེར་འབྲི་ཚུལ་གྱི་ཐད་ནས་གླེང་ན་དུས་ལ་འཇུག་པའི་སྐབས་ལ་ལར་མགར་དང་འགར་གཉིས་ཁྱད་མེད་དུ་འབྲི་ཆོག་པར་སྣང་སྟེ།   དཔེར་ན།     སྔོན་གྱི་ཆོས་འབྱུང་ཆེན་པོ་བསྟན་པའི་རྒྱ་མཚན་ལྡེའུ་ཇོ་སྲས་ཀྱི་མཛད་པ་དེ་ཉིད་དུ་འགར་སྟོང་ཡུལ་བཟུངས།   ཞེས་པ་དང་།  འགར་བཙན་སྟ་སྙ་ལྡོམ་བུ།   འགར་ཁྲི་འབྲིང་བཙན་རྒོད་ཅེས་འབྲི་བའི་སྐབས་སུ་མགར་གྱི་ཚབ་ཏུ་འགར་བྲིས་པ་མང་པོ་སྣང་བྱུང་།   བསྟན་པ་ཕྱི་དར་གྱི་ཕྱིས་སུ་བརྩམས་པའི།  (བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།  ཞེས་པ་དང་།  ཆོས་འབྱུང་མཁས་པའི་དགའ་སྟོན་དང་།   དེབ་ཐར་སྔོན་པོ།   ཆོས་འབྱུང་དཔག་བསམ་ལྗོན་བཟང་།   ཚེ་ཏན་ཞབས་དྲུང་མཆོག་གི་ཐོན་མིའི་དགོངས་རྒྱན།   ཆོས་སྲིད་ཉི་ཟླའི་འོད་རླབས་)སོགས་སུ་འགར་ཆེན་ཡེ་ཤེས་བཟང་པོ་དང་འགར་དམ་པ་ཆོས་ལྡིངས་སོགས་གནམ་གྱི་ས་བཀབ་པའི་བླ་མ་དེ་དག་གི་རྟོགས་བརྗོད་གླེང་སྐབས་མཐའ་གཅིག་ཏུ་མགར་བྲིས་ཡོད།     ཏུན་ཧོང་ཡིག་ཚགས་ལས།    དོན་ཆེན་གནད་བསྡུས་དང་བཙན་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་ཉུང་བསྡུས་སོགས་སུ་མགར་རྩན་ཡུལ་ཟུང་། མགར་སྟ་གུ་རི་ཐུང་སོགས་སུ་མགར་ཡིག་ཁོ་ན་བྲིས་ཡོད་པ་དཔག་ན། སྐབས་འགར་མགར་དང་འགར་གཉིས་ཀྱི་དོན་ལ་ཁྱད་མེད་པ་ཐུན་མོང་གིས་རུས་ཚན་གཅིག་ཡིན་པ་ཤ་སྟག་རེད།   དེས་ན་སྔོན་གྱི་ཡིག་རྙིང་དང་བསྟན་པ་ཕྱི་དར་གྱི་སྐབས་སུ་ཡི་གེ་འབྲི་སྲོལ་བྱུང་རིམ་གྱི་ཆ་ནས་བལྟས་ན་བོད་གདོད་མའི་དུས་སྐབས་སུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་རུས་ཚན་མཆེད་སྐབས་ངག་རྒྱུན་ཙམ་ལས་ཡི་གེའམ།      དག་ཡིག་འབྲི་བའི་སྲོལ་མ་བྱུང་བ་ནི།   བོད་ཀྱི་རྒྱལ་རབས་དང་ཡང་ན་ལོ་རྒྱུས་ལ་དབྱེ་ཞིབ་བྱེད་བཞིན་པའི་མཁས་པ་དག་གི་བཞེད་ཚུལ་མཐུན་ནོ།  །རྒྱལ་རབ་སོ་གསུམ་པའི་སྐབས་སུ་སློབ་དཔོན་ཐོན་མིའི་མཛད་རྗེས་ཁོ་ན་ལ་བརྟེན་ནས་ཡི་གེའི་སྲོལ་བྱུང་རྗེས་མགར་ཞེས་པའི་སྒྲ་དེ་ཉིད་ཡིག་གཟུགས་སུ་ཐོག་མར་ཕབ་དུས་མགར་ཡིག་ཁོ་ན་བྲིས་པར་ངེས་ལ།  དེ་ནས་རྒྱལ་རབས་ག་གེ་མོ་ཞིག་གི་རིང་ལ་བོད་ཀྱི་སྤྱི་ཚོགས་འགྱུར་ལྡོག་གི་དབང་གིས་རིག་གནས་གོད་ཆག་ཆེན་པོ་ཐེབས་པ་དང་མཉམ་དུ་ཡི་གེ་རྙིང་བ་རྣམས་མེད་བརླགས་སུ་བཏང་།   དུས་སྐབས་དེར་བསྟན་པ་སྔ་དར་མཇུག་རྫོགས་སོ།  །  བསྟན་པ་སྔ་ཕྱི་དར་གྱི་སྐབས་སུ་རིག་གནས་དང་དགོན་སྡེ་སོ་སོ་ཅུང་ཡར་རྒྱས་སུ་གནས་པའི་སྐབས་ནས་མགར་ཡིག་གི་དོད་དུ་འགར་ཡིག་འབྲི་བའི་སྲོལ་བྱུང་བ་ཡིན་ནམ་དཔྱད་པའི་གནས་སོ།   །དེའི་ཕྱིར།   མགར་དང་འགར་གཉིས་མཐའ་གཅིག་ཏུ་དོན་ལ་ཁྱད་མེད་པར་ཐུན་མོང་གིས་རུས་རྒྱུད་གཅིག་སྟོན་པ་ཡིན་ཞེས་ང་ལ་དོགས་ཟ་བས།སྐབས་འགར་འདྲ་ས་སྐབས་འགར་མི་འདྲ་བའི་ཡི་གེ་དེ་གཉིས་ལ་མཐུན་པའི་ཆ་ཡོད་ལ་མི་མཐུན་པའི་དོན་ཡང་ཡོད་པའི་ཁྱད་པར་ཤེས་དགོས་པ་གལ་ཆེའོ།   །  མགར་རྩེ་ཞེས་པ་ནི།   མགར་ཚེ་གནམ་ས་འབྲུག་གི་ཚེ་དེའི་སྒྲ་རིམ་བཞིན་འགྱུར་ནས་རྩེ་རུ་བཀླགས་པ་ཡིན་ཞེས་རྒྱལ་དབང་ལྔ་བ་ཆེན་མོའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་གསལ་བར་གསུངས་པའི་ཧ་ཅང་གོ་བདེ་བའི་དེ་ལ་གཟིགས་རོགས། དེ་ཡང་མགར་ཞེས་པ་ནི།(བཤད་མཛོད་ཡིད་བཞིན་ནོར་བུ་)ལས་ཀྱང་། རུས་ཆེན་བཞི་རུ་མཆེད་ཚུལ་ནི།  །ལྡོང་ལ་རུས་ཆེན་བཅོ་བརྒྱད་སྲིད།   །རྨུ་ལ་ཀེ་ལེའི་ཕྲ་བརྒྱད་སྲིད།   །སྟོང་ལས་རྗེ་བཞི་ཁོལ་རྒྱད་སྲིད།   །སེལ་བྱུང་སོགས་ཀྱི་བུ་བཞི་སྲིད།  །རུས་ཆེན་བཞི་ཡི་མཆེད་ཚུལ་ཡིན།  །ཞེས་གསུངས་པ་ལྟར།   རྩ་བའི་རུས་ཆེན་བཞི་རུ་བསྟན་ཡོད།   རྒྱ་བོད་ཡིག་ཚང་ཆེན་མོ་རུ།   གནའ་སྔ་མོ་ནས་འགྲོ་བ་མི་རྣམས་སྤྲེའུ་བྱང་ཆུབ་སེམས་དཔའ་ལས་སྤྲེའུ་ཕྲུག་མིར་གྱུར་བ་རྣམས་ཇེ་མང་དུ་སོང་ནས།   འབྲུ་ལ་མ་འཆམ་པར་ཚོ་བཞིར་བགོ་བས།  སེ་དང་རྨུ་དང་སྟོང་དང་ལྡོང་བཞི་ལ་མི་བུ་རིས་རུས་བཞི་ཟེར།   རུས་ཆེན་དེ་དག་གི་སྟེང་དུ་ལྷ་རིགས་སྒོ་བསྣན་ནས་རུས་ཆེན་ལྔ་ཡང་བཤད་སྲོད་ཡོད།  དཔའ་བོ་གཙུག་ལག་ཕྲེང་བས།  (ཆོས་འབྱུང་མཁས་པའི་དགའ་སྟོན)་དུ། བོད་ཀྱི་མི་བུ་རིགས་བཞི་ཞེས་སེ་དང་རྨུ་ལྡོང་དང་སྟོང་གིས་རུས་ཚན་བཞི་བྱུང་བར་གྲགས་ཤིང་ཡང་དབྲ་དང་འདྲུ་བསྣན་ནས་མི་བུ་རིགས་དྲུག་ཏུའང་གྲག་གོ  །ཞེས་གསུངས།   མདོར་བསྟན་ཏེ་བཤད་ན།  མགར་ནི་རུས་ཆེན་དེ་དག་ལས་ལྷ་རིགས་སྒོ་ལས་མཆེད་པ་དང་རུས་ཆེན་རྨུ་ལས་མཆེད་པ་བཅས་རིགས་གཉིས་སོ།  །དང་པོ་ནི།  ལྷ་རིགས་སྒོ་ལས་མཆེད་པ་བརྗོད་པ་ནི།  ཚེ་དབང་རིག་འཛིན་གྱིས། (སྡེ་དགེ་རྒྱ་རབས་ལས)།  བོད་ཆེན་ལྗོངས་ཀྱི་འགྲོ་བ་འདི་དག་ཀུན།  །སྒ་འབྲུ་སྦྲ་གདོང་བཞི་ལས་མང་མོད་ཀྱང་།  །ཞེས་པ་ནས།   ཞང་བ་ལྷ་སྡེ་དཀར་པོ་སྒོ་རིགས་ལས།  ། ཆད་དེ་སྟོད་སྨད་ཕྱོགས་སུ་ཡོད་ནང་ནས།  །ཞེས་དང་།  ལྷ་བབས་ནས་བརྒྱུད་སྟོང་བཙན་ཡུལ་བཟུང་ནས།   །ད་ལྟའི་བར་དུ་རིམ་པར་དྲངས་པ་དང་།  །དེ་ལས་རྔུ་ཚོ་ཉེར་གཅིག་གྱེས་ཚུལ་བཤད།  །ཅེས་པ་འདིའི་སྐབས་སུ།  མགར་སྟོང་བཙན་གྱི་རུས་ཡུལ་སོགས་ལྷ་སྡེ་དཀར་པོ་ཡི་རིགས་ལས་མཆེད་པར་བརྗོད་ཡོད་དོ།  །གཞན་ཡང་།  ལྷ་རིགས་སྒོ་ལས་མཆེད་ཚུལ་ནི།(ཆོས་སྲིད་ཉི་ཟླའི་འོད་རླབས་ལས།)  འགར་ཁྲི་ཆོས་འཕེལ་ལགས་ཀྱིས་ཀྱང་།  འཆི་མེད་ལྷའི་བུ་བཞར་ར་ལྷ་རྩེར་བབས།   །གནམ་ཚ་འབྲུག་ཅེས་སྙན་ཡང་ཕྱོགས་སུ་ཁྱབ།  །སྒོ་རིགས་དཀར་པོ་ཕྱོགས་སུ་གྱེས་པ་ལས།  །ངོ་མཚར་གཏམ་གྱི་ཕྲེང་བ་འཇིག་རྟེན་རྒྱན།  །ཞེས་གསུངས་པ་ལ་གཞིགས་ན།   ལོ་རྒྱུས་དང་སྦྱར་ནས་སྒོ་ལྷ་སྡེ་དཀར་པོ་ལས་མཆེད་ཚུལ་གསུངས་ཡོད།   ཡང་དེ་ཉིད་ལས།   ཨ་བར་ཚེ་རིང་དོན་འགྲུབ་ཀྱིས།   གཉིས་པ་སྒོ་ལྷ་སྡེ་དཀར་པོ་བྱེ་བྲག་ཏུ་བཤད་པ་ནི།ཞེས་སོགས་ཀྱི་སྐབས་སུ་ཐེ་ཚོམ་མེད་པར་གསལ་བར་བསྟན་ཡོད་དོ།  ། མགར་ནི་རུས་ཆེན་ལྷ་རིགས་སྒོ་ལས་མཆེད་པའི་དོགས་པ་ང་ལ་ངང་ངམ་ཤུགས་ཀྱིས་ཟའོ།  །ཞིབ་ཏུ་རྗེས་ནས་བཤད།  གཉིས་པ་ནི།  མགར་ནི་རུས་ཆེན་རྨུ་ལས་མཆེད་པའི་རིགས་ནི་སྔོན་འགྲོ་བ་མི་རྣམས་ཕ་རྒན་སྤྲེའུ་བྱང་ཆུབ་སེམས་དཔའ་ལས་དེའི་རྒྱུད་རིམ་པར་འཕེལ་ཞིང་རུས་ཆེན་རིགས་བཞི་དབྱེ་བ་ནི།  སེ་དང་ རྨུ་དང་ ལྡོང་དང་ སྟོང་བཞིའོ།   །དེའི་ནང་ཚན་གྱི་རྨུ་ལས་མཆེད་པར་མངོན་ཏེ།   རྨུ་ལ་ཀོ་ལེའི་ཕྲ་བརྒྱད་སྲིད།   །ཅེས་གསུངས་པ་ལྟར།   རྨུ་ལས་ཀོ་ལས་ཕྲ་བརྒྱད་སོ་སོར་གྱེས་པས་རིགས་རུས་ཀྱི་མིང་ནི།  རབ་དང་གཞུབ་དང་།   བཞུང་དང་སྨོན་ནོ།  །འགར་དང་།  དཀར་དང་ལྟོས་དང་།  ངན་ལམ་སྟེ་བརྒྱད་ཀྱི་མིང་ངོ་།  ། མདོར་བསྡུས་ན།  ནམ་མཁའི་ནོར་བུ་ལགས་ཀྱིས།(བཤད་མཛོད་ཡིད་བཞིན་ནོར་བུ་)ལས་ཀྱང་།  །ངམ་དང་སྣུབས་དང་གཞུང་དང་གསུམ།  །འགར་དང་དཀར་དང་སྨོན་དང་གསུམ།  །སྙོས་དང་ངན་ལམ་གཉིས་ཏེ་བརྒྱད།   །རྨུ་ཀོ་ལེ་ཕྲ་བརྒྱད་ཟེར་བ་ཡིན།   །ཞེས་སོགས་གསལ་བར་གསུངས་ཡོད་པ་ནི།  མགར་རུས་རྨུ་ལས་མཆེད་ཚུལ་བཤད་པ་མིན་ན་གང་རེད་སོམས་ཤིག མགར་ཞེས་པ་ནི་བོད་གདོད་མའི་སྔ་རོལ་ནས་གྲུབ་པའི་རུས་ཚན་ཞིག་ཡིན་པ་བསྙོན་དུ་མེད་མོད།  འོན་ཀྱང་།  མགར་ཞེས་པ་ནི་རུས་ཆེན་སྒོ་ལྷ་སྡེ་དཀར་པོ་དང་རུས་ཆེན་རྨུ་ལས་མཆེད་པའི་ཕྱོགས་གཉིས་ཡོད་པ་ལོ་རྒྱུས་དང་ཡིག་ཚང་སོགས་སུ་གསལ་བར་བསྟན་ཡོད་ལ།  འདི་ནི་ཡང་དག་པ་དང་འདི་ནི་ལྟར་སྣང་རེད་ཅེས་ཁ་ཚོད་གཅོད་རྒྱུ་ནི་གོང་འོག་བསྒྲིག་མི་ཤེས་པའི་ང་ལྟ་བུའི་ལག་ཏུ་ཤོར་ན་བཞད་གད་ཀྱི་གནས་སུ་ལྷུང་བ་གདོན་མི་ཟའོ།  །དང་པོ་མི་འཐད་པ་ལ་དོགས་སློང་ཕྲན་ཙམ་རེ་བརྗོད་ན།    མགར་སྟོང་བཙན་ཁོང་ནི་སྒོ་ལྷ་སྡེ་དཀར་པོ་ལས་མཆེད་པ་ཡིན་ཟེར་མཁན་དག་ན་རེ།   རུས་ཆེན་བཞི་ལས་དཀར་པོ་ཆོས་ལ་དད་ཅིང་ལས་རྣམས་བཟང་པོས་སྒོ་ལྷ་སྡེ་དཀར་པོ་ལས་མཆེད་པ་ཡིན་ཟེར། འོ་ན་བསེ་ཁྱུང་སྦྲ་ཡང་སྒོ་ལྷ་སྡེ་དཀར་པོ་ལས་མཆེད་པ་ཡིན་པར་ཁས་ལེན་དགོས་པས།  དེ་ནི་བསེ་ཡི་ནང་གི་རིགས་བཟང་པོ་དང་ཆོས་ལ་དད་པའི་ཕྱིར།  སོམས་ཤིག གཞན་ཡང་།  མགར་སྟོང་བཙན་སྒོ་ལྷ་སྡེ་དཀར་པོ་ལས་མཆེད་པའི་ཤེས་བྱེད་དུ། (སྡེ་དགེ་རྒྱལ་རབས་ལས། )བོད་ཆེན་ལྗོངས་ཀྱི་འགྲོ་བ་འདི་དག་ཀུན།  །ཞེས་སོགས་དྲངས་པ་དང་།   རུས་ཆེན་སྒོ་ལྷ་སྡེ་དེ་ལ་བྱེ་བྲག་ཏུ་ངྷུ་ཆེན་རྒྱལ་མོ་བཅོ་བརྒྱད་དུ་གྲགས་པ་ལས། ཡང་(བོད་མི་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས། )འགར་ཀེ་འགོལ་གསུམ།   ཞེས་སོགས་ལུང་འདྲེན་བྱེད་པ་ནི་མཁྱེན་རྒྱ་ཡངས་པའི་རིགས་སྨྲ་དེ་དག་གི་དཔེ་ཀློག་བྱས་པའི་མཇུག་འབྲས་ཡིན་མོད་ཀྱང་།    ལུང་དེ་དག་གི་དོན་ནི་མིང་ཙམ་མམ་ས་མིང་བཏགས་པ་ལས་རུས་མཆེད་པ་ནི་མ་ཡིན་ནོ།   །གལ་སྲིད་ཡིན་ན་མགར་ནི་རྩ་བའི་རུས་ཆེན་བཞི་འམ་དྲུག་ལས་མཆེད་པ་མིན་པ་ཐལ་བའི་སྐྱོན་ཞིག་བཟློག་མེད་ངང་གིས་མགོ་ལ་གོན་པ་མ་ཡིན་ནམ།   དེས་ན་མགར་གྱི་མཆེད་ཁུངས་རྨུ་ལས་མཆེད་པར་བརྗོད་དགོས་པར་ང་རང་གཅིག་པུ་མ་ཡིན་པར་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་ཁ་མཐུན་པའི་ཞལ་ཡམས་གཅིག་ཏུ་བཀོད་པ་ཡིན།   ཀིརྟི་ཆེན་པོ་བློ་བཟང་བསྟན་འཛིན་གྱིས་ཀྱང་མཛད་པས་(གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ལས།)རྨུའི་རིགས་ལ་ཀོ་ལེབ་ཕྲ་བརྒྱད་ཅེས་པའི་ནང་ཚན།  མགར་དཀར་དང་སྨོན་དང་གསུམ།   ཞེས་པའི་མགར་ལས་འཁྲུངས་པར་སེམས།   ཞེས་གསུངས་པ་ནི་དོན་དང་བདེན་པའི་གཏམ་ཁ་ནའོ།   །ཡང་ཕྱོགས་གཞན་ཞིག་ནས་བཤད་ན་བདག་གི་གྲོགས་མཆོག་མགར་ཚང་དར་རྒྱས་དང་ངེད་གཉིས་ཀྱིས་དེའི་ཐད་ནས་བགྲོ་གླེང་རགས་ཙམ་གླེང་མཐར་མགར་སྟོང་བཙན་གྱི་རྒྱུད་པ་ཡིན་ན་མ་མགར་འབྲི་དགོས་པའི་བློ་རྩེ་མཐུན་མོད་ཀྱང་།   འོན་ཀྱང་ཁོས་བཤད་རྒྱུ་ད་དུང་འུ་ཅག་མགར་དམ་པ་ཆོས་སྡིངས་ཀྱི་རིགས་ཡིན་མིན་དཔྱད་དགོས་པ་རེད་ཅེས་ང་ལ་བཤད་ཀྱང་ངས་དེའི་ཐད་ནས་དཔེ་ཀློག་མང་པོ་བྱས་ཀྱང་ད་དུང་མ་རྙེད་པའི་བཏང་སྙོམས་སུ་བཞག་ཡོད།   ཁོང་ནི་རྩེ་མགར་གྱི་སྙན་ངག་པ་ཞིག་ཡིན།   ད་དུང་དུས་དེབ་དང་ཚགས་པར་སོགས་སུ་མི་བུ་རང་ཉིད་ཁ་གསལ་བའི་སྒོ་ནས་རང་གི་མིང་བྱང་འབྲི་སྐབས།   ཨ་བར་དང་ཐེ་བར་ཡིན་ཕྱིན།  དཔེར་ན།   ཨ་བར་དཀོན་མཆོག་ཚེ་རིང་དང་ཐེ་བར་སྒྲོལ་མ་ཟེར་བའི་མི་གཉིས་ཀྱི་རང་ཉིད་གང་གི་ཡིན་པའི་མཚོན་བྱེད་དུ་ཨ་བར་དང་ཐེ་བར་ཞེས་བྲིས་ཡོད་པ་དེ་བཞིན་དུ་འབྲི་མཁན་ཧ་ཅང་མང་པོ་རིག་རྒྱུ་ཡོད།   དེ་ནི་ལོ་རྒྱུས་དང་དེབ་ཐེར་ལ་མ་མཇལ་བའི་རྣམ་འགྱུར་ཙམ་དུ་གསལ་ལོ།  །ཨ་བར་ཞེས་པ་ངའི་ཡིག་ཚང་སོགས་ལས་མ་མཐོང་ཐལ།  འོན་ཀྱང་། (མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱི་ལོ་རྒྱུས་ཤེལ་དཀར་མེ་ལོང་།)ནང་དུ་མགར་སྟོན་དམ་པ་ཆོས་སྡིངས་ཀྱི་མིང་སྤུན་མཆེད་མགར་ཨ་བོར་(བུར་)དམ་པ་དང་།  མགར་ཐེ་བོར་(བུར་)དམ་པ་ཞེས་གསལ་བར་བསྟན་ནོ།  །འདི་ལ་དཔག་ན་(ཨ་བར་)ཞེས་པའི་བར་འདི་གང་ལས་ཐོན་པ་མི་ཤེས་པའི་དཔྱད་པའི་གནས་སོ།  ། བདག་གཞུང་ལུགས་ལ་དབྱེ་ཞིབ་ཀྱི་བྲེལ་འཚབ་ཆེ་བས་རེ་ཞིག་བཞག་གོ །

སྨྲས་པ།

མགར་དང་འགར་ལ་ཁྱད་པར་མ་མཐོང་བས།  །

ལོ་ངོ་འགའ་ལ་ས་རྡོ་ཁྲོད་དུ་ལུས།  །

གོམ་པའི་ཡུན་གྱིས་རི་ལོང་བགྲོད་པ་བཞིན།  །

རིམ་གྱིས་གཞུང་དང་ལོ་རྒྱུས་དེབ་ཐེར་སོགས།  །

མཇལ་ཕྱིར་བདག་གི་མིང་བྱང་རྙེད་པ་འདི།  །

ཤོག་དཀར་ངོས་ལ་ཕབ་ན་བདག་སེམས་སྤྲོ།  །

རྒྱལ་རབས་སོ་གསུམ་དེ་དང་བློན་ཆེན་གྱི།  །

མཛད་འཕྲིན་མཐོང་བས་བདག་ལ་ང་རྒྱལ་འཕེལ།  །

རྒྱལ་རབས་ཞེ་གཉིས་ཆོས་སྲིད་བྱུས་ཉེས་པའི།  །

བརྟན་བརླིང་ཆབ་སྲིད་རླུང་ལ་བསྐུར་འདིས་སྐྱོ།  ། 

ཤར་མར་བྲིས་པ་ཡིན་པས་ཡིག་ནོར་སྲིད་པའི་དགོངས་འགལ་མེད་པར་མཛོད་ཅིག །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd6j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/4/10
གོ་བ་ལོག་ལེན ངོ་རྒོལ
 སྤེལ་མཁན:  སྤེལ་དུས:2013/4/10
མགར་དང་འགར་གྱི་འབྲི་སྲོལ་ལོ་རྒྱུས་ཡིག་ཚང་དང་དེ་མིན་གཞི་རིམ་ནས་འདིར་མགར་ཞེས་བྲིས་ན་འོས་མོད་མགར་ནི་མགར་བའི་མགར་ལྟེ་རིགས་རྒྱུད་ངན་པའི་རིགས་སུ་གཏོགས་ཞེས་འགར་ལ་འབྲི་བསྒྱུར་གནང་བཞིན་མཆིས།དཔྱད་གཏམ་སྤེལ་རོགས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41039896
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1