གཟིངས་བཅའ་ཞིང་འདྲེན་ཚུལ་གྱི་ལོ་རྒྱུས་བཞུགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »གཟིངས་བཅའ་ཞིང་འདྲེན་ཚུལ་གྱི་ལོ་རྒྱུས་བཞུགས།
གཟིངས་བཅའ་ཞིང་འདྲེན་ཚུལ་གྱི་ལོ་རྒྱུས་བཞུགས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/24ལྟ་ཀློག (6943)རྩོམ་ཁུངས: 

                                                                              རྩོམ་པ་པོ་སྡེ་དགེ་རབ་བརྟན་དགེ་ལེགས་ཕུན་ཚོགས།

  དེ་ཡང་ས་ཐག་ཉེ་བ་ན་ཤིང་ཆ་མེད་པའི་རོང་འབྲོག་དང་དགོན་སྡེ་ཁག་གིས་ཤིང་ཆ་དགོས་མཁོ་བྱུང་དུས་ཆུ་ཆེན་གྱི་འཁྲིས་ཀྱི་ནགས་ཚལ་སྟུག་པོའི་ནང་ཤིང་འཐུར་འགྲོ་ཞིང༌། ཤིང་རྣམས་ཆུ་འགྲམས་སུ་ལོན་མཚམས་རྟ་ཁལ་དང་ལམ་སོགས་ཀྱི་དཀའ་ངལ་ལ་ལྟོས་མི་དགོས་པར་ཆུ་ཐོག་ནས་གཟིངས་ཆེ་ཆུང་ཅི་རིགས་པ་བཅས་ནས་དྲངས་པའི་ལམ་སྲོལ་འདི་ཆེས་སྔ་མོའི་དུས་ནས་བྱུང་བ་ཡིན། གཟིངས་ཐོག་མར་བཅའ་དུས་བདག་པོ་ཚོས་གཟིངས་པ་དཔོན་གཡོག་གང་དགོས་ཤིག་གདན་དྲངས་ནས་ཆུ་འགྲམ་འཁོར་ཡོད་ས་ཞིག་ཏུ་བཅའ་ཞིང༌།  གཟིངས་དཔོན་ནི་དེད་དཔོན་ལྟར་གཟིངས་ཐེངས་གཉིས་གསུམ་དུ་བགྲུས་སུ་འགྲོ་མྱོང་ཞིང་གཟིངས་ཀྱི་གནད་དོན་ཆ་ཚང་ཤེས་པ་ཞིག་དང༌། གཟིངས་པ་གཞན་ཚོ་ཡང་ཆུ་འགྲོས་དང་སྐྱ་བ་གཡུག་ཚུལ་སོགས་ཀྱི་གནད་དོན་རགས་རིམ་ཤེས་པ་རེ་ཡིན་དགོས། གཟིངས་སྒྲོག་བྱེད་དུ་འབྲོང་ལྕུག་ཟེར་བའི་ལ་ཁའི་སྤང་ཁར་སྐྱེས་པའི་ལྕུག་མ་སྣ་ཐུང་ཞིང་ཤིན་ཏུ་མཉེན་པ་ཉིན་མང་སོང་ཡང་སྐྱོན་མི་འོང་བ་དེ་དགོས་ལ། དེ་རྣམས་སུམ་ལྷས་བྱས་ཏེ་སྐས་རེའམ་གཉིས་རེའི་བར་གྱི་གཡས་ངོས་ན་གསར་དུ་ལྕུག་མ་རེ་བཞག་པས་གཡས་ངོས་ནས་ལྕུག་སྣེ་རྣམས་སྦྲུལ་གྱི་ཟེ་བ་ལྟར་ཡོད་པ་ལ་ལྕུག་མདོའམ་ལྕུག་ལྷས་བཏགས། ལྕུག་ལྷས་ཀྱིས་གདུང་མ་དང་ལྕམ་སོགས་ཤིང་སྣ་ཆེ་ཆུང་ཅི་རིགས་པ་བཞི་བཅུ་ལྔ་བཅུ་ནས་དྲུག་ཅུ་བདུན་ཅུའི་བར་ཕོན་རེ་བགྱིས་ནས་སྟོད་སྨད་ཀྱི་བར་བར་དུ་རིམ་པ་བྱས་ནས་སྒྲོག་པ་ལ་སྤོམ་ཞེས་ཟེར། གཟིངས་ཆེ་ཆུང་ལྟར་དྲུག་སྤོམ་བདུན་སྤོམ་ནས་བཅྭ་ལྔ་བཅུ་དྲུག་གི་སྤོམ་བར་ཤིང་སྣ་དང་བསྟུན་ཏེ་སྤོམ་མང་ཉུང་དང་ཆེ་ཆུང་ཅི་རིགས་བྱེད། གཟིངས་ཆེ་ཆུང་གང་ཡིན་ཡང་ཕྱི་སྤམ་དག་འཐུག་ལ་སྔ་སྤོམ་རྣམས་སྲབ་པར་བྱེད་དགོས། སྤོམ་རྣམས་སྤོམ་ལྕུག་གིས་ལུ་གུ་རྒྱུད་དུ་སྦྲེལ་ནས་གཤིགས་ཏེ་བསྡམས་ཤིང༌། མ་སྤོམ་སྒྲོག་བྱེད་ཀྱི་ལྕུག་ལྷས་ལ་སྤོམ་ལྕུག་ཟེར། སྤོམ་རྣམས་ལྕུག་ལྷས་ཀྱིས་བསྡམས་པ་མི་ཀློད་པར་ཤིན་ཏུ་དམ་པར་བསྡམས་པའི་ཕྱིར་དུ་ལྕུག་མདོའི་སྣེ་གཉིས་མདུད་པ་བཏབ་པའི་བར་དུ་དཀྱུ་ཕུར་བཅུགས་ནས་དཀྱུ་ཕུར་བརྒྱག་ཅིང༌། དཀྱུ་ཕུར་ཡང་ཕྱིར་རྒྱུག་མི་ཡོང་བའི་ཕྱིར་དུ་ལྕུག་ཕྲན་ཞིག་གིས་མ་ལྕུག་ལ་བསྡམས་པར་བྱེད། གཟིངས་ལྕུག་ལྷས་ཀྱིས་བསྡམས་དགོས་པ་ཐམས་ཅད་ལའང་འདི་བཞིན་བྱ་ཞིང༌། དཀྱུ་ཕུར་འདི་ཚར་བུས་བྱས་པ་རིང་ཐུང་ཁྲུ་གང་ལྷག་ཙམ་དང༌། དེ་བསྡམ་བྱེད་ཀྱི་ལྕུག་ཕྲན་ལ་རྔ་ལུ་ཞེས་ཟེར། སྤོམ་རྣམས་རྡོ་དང་བྲག་ལ་རྒྱབ་ཚེ་མི་འཐོར་ཞིང་གཟིངས་གྲུ་བཞི་ཡོང་བའི་ཆེད་དུ་གཡས་གཡོན་གྱི་འགྲམ་སྣེ་ལ་སྤོམ་ནང་སྒྲོག་ཏུ་མ་ཐུབ་པའི་གདུང་མ་ཆེན་པོ་དག་གམ་ཡང་ན་སྤོམ་རེ་སྒྲོག་ཅིང་་དེ་ལ་གློ་སྐྱོར་ཟེར། སྤོམ་ཐོག་ནས་སྐྱ་བ་རེའི་གཡས་གཡོན་གྱི་བར་མཚམས་སུ་གདུང་མ་རེ་བཀོད་ཅིང༌། ཡང་དེའི་ཐོག་ཏུ་གདུང་མ་འགའ་སྤོམ་ལྟར་འཕྲེད་བཞག་བྱས་པས་རྒྱ་གྲམ་གྲུ་བཞི་མང་པོར་འགྱུར་ཞིང༌།

   སྔ་ཕྱིའི་གདུང་མ་བྲན་པ་འདི་གཉིས་ལ་འཛེར་སྒ་དང་འཛེར་སྟན་ནམ། འཛེར་གདུང་དང་འཛེར་ལྕམ་ཞེས་དང༌། དེ་སྒྲོག་བྱེད་ཀྱི་ལྕུག་ལྷས་ལ་འཛེར་ལྕུག་ཅེས་མིང་འདོགས། ཡང་དེའི་སྟེང་དུ་ལྕམ་གྱི་སྦོམ་ཕྲ་ཙམ་གྱི་ཤིང་གཅིག་དང༌། ཡང་དེ་ལས་ཕྲ་བའི་ཤིང་གཅིག་བཅས་འཛེར་གདུང་དང་འཛེར་ལྕམ་བཀོད་པ་ལྟར་བྱས་ནས་བཀོད་ཅིང་སྒྲོག་པ་ལ་བྱ་ཁྭ་ཏ་དང་འགེབ་སྔོ་དབྱུག་ཟེར། འདི་གཉིས་ཀ་ཤུག་པ་བྱུང་ན་བཟང་ཞིང༌། འགེབ་སྔོ་དབྱུག་ནི་ཤུག་པ་དང་དེ་ཡང་རློན་པ་ཞིག་བྱུང་ན་ལྷག་པར་ལེགས་པ་ཡིན།འོག་གི་འཛེར་གདུང་སར་སྐྱ་ཕུར་སྐྱ་བའི་གྲངས་དང་མཉམ་པ་བཙུགས་ནས་དེ་ལ་སྐྱ་བ་བཏགས་ཤིང༌། སྐྱ་བ་སྒྲོག་བྱེད་ཀྱི་ལྕུག་ལྷས་ལ་སྐྱ་ལྕུག་ཟེར། སྐྱ་བ་ནི་གཟིངས་བསྐྱོད་བྱེད་ཀྱི་ཤིང་ལེབ་ཡུ་བ་ཅན་ཞིག་ཡིན་ཅིང༌། མིང་གི་རྣམ་གྲངས་ལ་གཟིངས་སྐྱ་དང༌། གཟིངས་བསྐྱོད་བྱེད། གཟིངས་བསྐུལ། གཟིངས་ཀྱི་གཤོག་པ། གཟིངས་ཀྱི་ཡན་ལག །གཟིངས་གཡོབ་བྱེད་བཅས་ཟེར། སྐྱ་བ་ཕལ་ཆེར་སྤོམ་མང་ཉུང་ལྟར་བྱེད་ལ་ཟུར་གྱི་སྐྱ་བ་བཞི་ལ་གདོང་སྐྱ་བཞི་ཞེས་ཟེར། བཞི་སྤོམ་ལ་གདོང་སྐྱ་བཞི་ཁོ་ན་དང༌། དྲུག་སྤོམ་ལ་གདོང་སྐྱ་བཞི་དང་མདུན་རྒྱབ་ཀྱི་དབུས་གཉིས་ན་སྐྱ་བ་རེ་བསྣན་ནས་སྐྱ་བ་དྲུག་དང༌།

   གཞན་བདུན་སྤོམ་དང་བརྒྱད་སྤོམ་སོགས་ལ་ཡང་སྔོན་རྒྱབ་ཀྱི་གདོང་སྐྱ་གཉིས་ཀྱི་བར་དུ་སྐྱ་བ་ཇི་དགོས་བསྣན་ནས་སྐྱ་བརྒྱད་དང་སྐྱ་བཅུ་ཟེར་བ་ལྟ་བུ་ཡིན། སྐྱ་ཕུར་གྱི་མཐའ་སྐོར་ཀུན་ཏུ་ལྕུག་ལྷས་ཀྱིས་སྦྲེལ་ནས་བསྡམས་ཤིང་དེ་ལ་སྦྲེལ་ལྕུག་ཟེར། གཟིངས་ཆུང་བས་ཤིང་སྣ་ཉིས་བརྒྱ་སུམ་བརྒྱ་ནས་ཆེ་བ་དག་གིས་ཕྱེད་ཉིས་སྟོང་ཡན་མན་བར་ཁུར་ཐུབ་པ་ཡིན། གཟིངས་བགྲུས་པའི་དུས་ནི་དབྱར་དུས་དང་སྟོན་སྟོད་ལ་ཆུ་ཤུགས་ཆེ་བས་ཆུ་སྣ་མི་ལོན་ཅིང༌། དགུན་གཞུང་ཆུ་ཤུགས་ཞན་ཞིང་འཁྱག་དར་ཆགས་ཤིང་འཁྱག་ནར་རྒྱུགས་ནས་བགྲུ་ཐབས་བྲལ། གཟིངས་དུས་སྟོན་དཔྱིད་གཉིས་ཟེར་ནས་དཔྱིད་ཀ་དང་སྟོན་སྨད་ལ་བགྲུས་ཤིང༌། ཡང་དཔྱིད་སྨད་ཁུ་བྱུག་སླེབས་དུས་ཡན་མན་ལ་ཆུ་མདོག་འགྱུར་ནས་ཆུ་རྡོ་དང་ཆུ་མདོག་འདྲ་ཁ་ཆེ་བས་བྱ་ཆུ་མགོ་གཏུམ་ཟེར་ནས་ཅུང་ཞན། དཔྱིད་གཞུང་དང་དགུན་སྟོད་གཉིས་ནི་གཟིངས་བགྲུས་པའི་དུས་ལེགས་ཤོས་ཡིན། གཟིངས་ལམ་ནི་ཆུ་སྲང་ཟེར་ནས་ཆུ་དབུས་ནས་ལམ་འདྲ་བ་ཞིག་ཤར་གྱིས་ཡོང་རྒྱུ་ཡོད་པ་དེའི་ཐོག་བཏང་ནས་བགྲུས་ཤིང༌། མདུན་གྱི་སྐྱ་བ་འཛིན་པ་ཚོས་ཤུགས་ཀྱིས་བགྲུས་རོགས་མ་བྱས་ཚེ་རྒྱབ་ཀྱི་སྐྱ་བཟུང་རྣམས་ཤིན་ཏུ་དཀའ་བས་ན་ཕྱི་པ་གདོང་པའི་གཡོག་པོ་ཟེར་བའང་བྱུང༌། གཟིངས་དཔོན་སྔོན་དཀྱིལ་དུ་ལང་ནས་གནོད་རྐྱེན་ཡོད་མིན་ལ་ཞིབ་ཏུ་བལྟས་ཏེ་བགྲུས་སུ་བཅུག་ཅིང༌། གཟིངས་པ་ཚོས་ཀྱང་གཟིངས་མཁན་གྱིས་ལྷོ་སྡེ་བགྲུས་ཟེར་དུས་སྐྱ་བས་གཡས་ནས་བགྲུས་ཤིང༌། བྱང་སྡེ་བགྲུས་ཟེར་དུས་སྐྱ་བས་གཡོན་ནས་བགྲུས་པ་དང༌། ཡང་སྐྱ་བ་གཟར་ཟེར་དུས་སྐྱ་བ་ཆུ་ཁར་གཟར་བ་སོགས་དཔོན་པོའི་ངག་ལ་ཉན་ནས་སྐྱ་བ་གཡུག་དགོས། རང་གར་གཟིངས་བཏང་ནས་བྲག་དང་རྡོ་ལ་མ་གཟུར་བར་སོང་ན་གཟིངས་འཐོག་པ་དང་བྲག་རྡོ་ལ་བརྒྱབས་ཏེ་འཐོར་བའི་ཉེན་ཤིན་ཏུ་ཆེ། གཟིངས་ཐག་རིང་ནས་འོང་ཚེ་ནུབ་མོར་ཆུ་འཇམ་སར་གཟིངས་བཏགས་ནས་ཞག་འདུག་བྱེད་ཅིང༌།

   ཕྱིར་ཉིན་ཡང་སྔར་ལྟར་བགྲུས་ནས་འགྲོ་བར་བྱེད། མཐར་གཟིངས་མགོ་ཐོན་གྱིས་འབྱོར་ནས་གཟིངས་འབབ་སའི་ཆུ་ཟུར་འཁོར་ཡོད་ས་ཞིག་ཏུ་བསྡད་ནས་གཟིམས་ཤིང་རྣམས་ཆུ་འགྲམ་དུ་སྟོན་ཅིང༌། དེའི་ཚེ་བདག་པོ་ཚོས་གཟིངས་པ་དཔོན་གཡོག་རྣམས་ལ་གཟིངས་སྟོན་ཟེར་ནས་གཟིངས་སྲག་དང་གཟིངས་ཆང་སོགས་སྟོན་མོ་ཚུལ་མཐུན་དྲངས་ཤིང༌། བྱ་བ་ལམ་འགྲོ་སོང་བར་དགའ་སྤྲོའི་ཚུལ་གྱིས་བྲོ་བརྡུང་གླུ་ལེན་བྱེད་ཀྱི་ཡོད། གཟིངས་པ་ཚོ་ལ་ཉིན་གྲངས་དང་གོ་ཐོབ་ལྟར་གྱི་གཟིངས་བླའམ་འབུལ་བ་བརྒྱབས་ཏེ་ཕྱིར་ལོགས་པར་སྐྱེལ་མ་བྱེད་དགོས་ཀྱི་ཡོད་དོ། །ཞེས་བཀྲ་ཤིས་དཔལ་འབྱོར་གྱིས་རང་ཡུལ་འབྲི་ཆུ་རོང་འཁྲིས་ནས་གཟིངས་མཁན་དག་གིས་གཟིངས་འདྲེན་ཚུལ་གྱི་ཡི་གེ་ཞིག་དགོས་ཞེས་བསྐུལ་བ་ལྟར། རབ་བརྟན་དགེ་ལེགས་ཕུན་ཚོགས་པས་བྲིས་པ་དགེའོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41333726
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1