༄༅། །བྱ་བྲལ་བ་རྣལ་འབྱོར་དབང་བོའི་རྣམ་ཐར་གསོལ་འདེབས་སྐལ་ལྡན་དད་པའི་འཇུག་ངོགས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །བྱ་བྲལ་བ་རྣལ་འབྱོར་དབང་བོའི་རྣམ་ཐར་གསོལ་འདེབས་སྐལ་ལྡན་ད
༄༅། །བྱ་བྲལ་བ་རྣལ་འབྱོར་དབང་བོའི་རྣམ་ཐར་གསོལ་འདེབས་སྐལ་ལྡན་དད་པའི་འཇུག་ངོགས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/25ལྟ་ཀློག (730)རྩོམ་ཁུངས: པར་འདེབ།

༄༅། །ཨོཾ་སྭ་སྟི་པྲ་ཛ་བྷྱཿ ཕྱོགས་ཀུན་ཐ་གྲུ་ཡངས་པ་འོག་མིན་གནས། 

ལོངས་སྤྱོད་ལྷུན་འགྲུབ་སྟུག་པོ་བཀོད་པ་ན། 

མཐའ་ཀླས་འཁོར་ལ་ཐེག་པ་ཆེན་པོའི་ཆོས། 

རྒྱུན་དུ་སྟོན་པ་དྲུག་པ་རྡོ་རྗེ་འཆང༌། 

གང་དང་དབྱེར་མེད་ཐ་མལ་གདུལ་བྱའི་ངོར། 

གསུམ་ལྡན་ངུར་སྨྲིག་འཆང་བའི་རོལ་གར་མཁན། 

དཔལ་ལྡན་བླ་མ་མཆོག་གི་ཞབས་པད་མོ། 

སྤྱི་གཙུག་རྒྱན་དུ་བཞུགས་ལ་རྟག་སྐྱོངས་ཤིག 

རྣམ་དག་ཁྲིམས་ཀྱི་ཆུ་གཏེར་ཆེན་པོའི་ཀློང༌། 

གཟུངས་སྤོབས་ཏིང་འཛིན་རིན་ཆེན་བྱེ་བས་གཏམས། 

མ་རྨད་རྒྱལ་སྲས་སྤྱོད་པའི་པདྨ་དཀར། 

རིམ་གཉིས་སྦྲང་རྩིའི་སྙིང་བོ་འབུམ་འཇོ་བ། 

ཀུན་སྤངས་རྣལ་འབྱོར་དབང་བོ་ཁྱོད་ཉིད་ནི། 

དགེ་བཅུའི་དཔལ་གྱིས་བརྒྱན་པའི་ལྗོངས་འདི་རུ། 

རབ་ཡིད་ཟླ་བ་ལྔ་བའི་ཚེས་བཞིའི་ཉིན  །

དགེ་ལེགས་ལྟས་བཅས་འཁྲུངས་ལ་གསོལ་བ་འདེབས། 

བགྲང་བྱ་བདུན་སོན་དུས་སུ་དགེ་བའི་བཤེས  །

མ་ཏི་དྷརྨ་ཝརྟའི་ཞབས་དྲུང་དུ། 

པདྨ་གསུང་གི་དཀྱིལ་འཁོར་སྒོར་ཞུགས་ནས། 

རིགས་འཛིན་ཆེན་པོར་གྲུབ་ལ༝༝། 

བཅུ་གསུམ་བཀྲ་ཤིས་ཆོས་འཕེལ་གླིང་ཉིད་དུ། 

བསྟན་པའི་མངའ་བདག་མཁན་ཆེན་ནོར་བཟང་དྲུང༌། 

དགེ་བསྙེན་རབ་བྱུང་དགེ་ཚུལ་སྡོམ་པ་མནོས། 

ཚངས་སྤྱོད་དཔལ་གྱིས་མཛེས་ལ༝༝། 

དེ་ནས་བཟུང་སྟེ་བགྲང་བྱ་གསུམ་གྱི་རིང༌། 

སྡེ་དེའི་ཆོས་སྤྱོད་མ་ལུས་ཐུགས་འཛིན་དང༌། 

བཅུ་བདུན་ལམ་རིམ་འབྲིང་བོ་ཐུགས་བཟུང་ནས། 

དེའི་དོན་སེམས་པར་མཛད་ལ༝༝། 

མཁས་དབང་ཤིང་བཟའ་བློ་བཟང་དར་རྒྱས་ཀྱི། 

།ཡང་སྤྲུལ་དྲུང་དུ་རྟ་མཆོག་རོལ་བའི་དབང༌། 

རྣམ་དག་མནོས་ནས་བསྙེན་སྒྲུབ་མཛད་པའི་ཚེ། 

དྲང་སྲོང་བྲན་དུ་བཀོལ་ལ༝༝། 

འཇམ་དཔལ་དུས་དགྲའི་དབང་བོའི་བསྙེན་པའི་སྐབས། 

མཁའ་དབྱིངས་འོད་ཀྱིས་འགེངས་པའི་མོད་ཉིད་ལ།།

ནོར་འཛིན་བུ་མོའི་ལྟོ་བ་ལས་ཐོན་པའི  །

སྣ་ཚོགས་བརྡ་རིས་གཟིགས་ལ༝༝། 

སྲིད་འབྱོར་མུན་པའི་སྨག་ན་གནས་འཆའ་བའི།།

སྡུག་བསྔལ་གློག་གི་བུ་མོའི་མཚང་རིགས་ཏེ། 

བསྟན་པའི་འབྱུང་གནས་དབུས་གཙང་གནས་བྱོན་ཚེ། 

རྐྱེན་ངན་ལམ་དུ་སློང་ལ༝༝། 

དེ་ནས་སེར་སྨད་ཐོས་བསམ་ནོར་གླིང་དུ། 

ཚེ་འདིའི་འདུ་འཛི་མཐའ་དག་རྒྱང་བསྲིང་སྟེ ། ། 

རྒྱན་འཇུག་ལམ་རིམ་ལ་སོགས་གཞུང་མང་བོ། 

ཐུགས་འཛིན་ཐོས་བསམ་མཛད་ལ༝༝། 

དེ་ཚེ་རྟ་མགྲིན་ཁང་དུ་ལྷག་པའི་ལྷར། 

མཇལ་སྐབས་བྱང་ཆུབ་སེམས་ཀྱི་ལེགས་དྲངས་པས། 

རླབས་ཆེན་སྤྱོད་པའི་བསྟན་དོན་ཆེར་འབྱུང་ལྟས། 

སྣ་ཚོགས་འོད་བརྒྱ་འགྱེད་ལ༝༝། 

སྙེ་ཐང་འཕགས་མའི་ཞལ་གྱི་གསེར་ལྡན་མར། 

མཆུ་སྒྲོས་མེ་ཏོག་འདབ་མ་ཆེར་བཞད་ནས། 

གེ་སར་སོ་འཕྲེང་རྒོད་པའི་སྦྲང་རྩིའི་རོས   ། 

བཅུད་ཀྱིས་ཚིམ་པར་མཛད་ལ༝༝། 

འཕན་ཡུལ་སྲོག་བདག་དམར་བོ་ལས་མཁན་གྱིས། 

དགྱེས་པའི་གསུང་གིས་གཟིངས་བསྟོད་དབུགས་དབྱུང་ནས། 

འཕྲིན་ལས་གཡེལ་མེད་བསྒྲུབ་པའི་དམ་བཅའ་དང༌   ། 

མ་འོངས་ལུང་བསྟན་གནང་ལ༝༝། 

སྣང་སྲིད་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཆེས། 

བཀྲ་ཤིས་གཡས་སུ་འཁྱིལ་བའི་སྡེ་ཆེན་པོར། 

འབྱོན་པར་བསྐུལ་ཞིང་གནས་དེར་ཕེབས་པའི་ཚེ། 

གསུང་གིས་དབུགས་དབྱུང་མཛད་ལ༝༝། 

མཁས་པའི་དབང་ཕྱུག་མཁན་ཆེན་སྒོ་མང་བའི། 

བཀའ་བཞིན་རིགས་འཛིན་སྨད་རྒྱུད་གྲྭ་ཚང་དུ། 

གསང་ཆེན་རྡོ་རྗེ་ཐེག་པའི་དགའ་སྟོན་ལ། 

དགྱེས་དགུར་རོལ་བར་མཛད་ལ༝༝། 

དེ་ཚེ་རྒྱུད་དང་དགོངས་འགྲེལ་མ་ལུས་པར། 

བསླབ་ཅིང་སྟང་སྟབས་འདུག་སྟངས་བཟླས་བརྗོད་སོགས། 

གང་ལ་སྦྱངས་ཀུན་བསྒྲུབ་པའི་མཆོད་པ་རུ། 

བྱས་ནས་བླ་མར་ཕུལ་ལ༝༝། 

དེ་ནས་བཟུང་སྟེ་ཀུན་མཁྱེན་མཆོག་ཉིད་ཀྱིས། 

དགྱེས་པའི་དབུགས་དབྱུང་གསང་བའི་གནད་དུ་མ། 

མ་སྦས་ལྷུག་པར་བསྟན་ཚེ་རང་ཉིད་ཀྱིས། 

སྐྱེས་རབས་དུ་མ་དྲན་ལ༝༝། 

འཇམ་དཔལ་བཀའ་སྡོད་ལས་ཀྱི་གཤིན་རྗེ་དང༌། 

དབྱངས་ཅན་དྲག་མོ་དཔལ་ལྡན་དམག་ཟོར་མ། 

ལ་སོགས་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། 

བཀའ་བཞིན་འཕྲིན་ལས་བསྒྲུབས་ལ༝༝། 

གནས་འདིར་བསྒྲུབ་པ་མཛད་པའི་ཀུན་སྤངས་མཆོག 

མཉེས་པར་མཛད་ནས་ཟབ་ཆོས་མ་ལུས་གསན། 

ཚེ་དང་བསྒྲུབ་པ་སྙོམས་པའི་བཀའ་སྩལ་ཚེ། 

བཞེད་པ་ཇི་བཞིན་བསྒྲུབས་ལ༝༝། 

དེ་ཚེ་རྨི་ལམ་རོལ་བར་གནས་བརྟན་ཆེ། 

བ་ཀུ་ལ་དང་མཇལ་ཞིང་ཕྱིས་ཀྱི་ཚེ། 

ལན་གྲངས་དུ་མར་གནས་བརྟན་བཅུ་དྲུག་གིས། 

ཡང་ཡང་བྱིན་གྱིས་རླབས་ལ༝༝། 

སེམས་དཔའ་མཆོག་གི་དྲུང་དུ་ལམ་རིམ་ཁྲིད། 

གསན་པར་ཀུན་མཁྱེན་མཆོག་གི་བཀས་བསྐུལ་ནས། 

ཕེབས་ཚེ་དག་པའི་སྣང་བ་འབྱམས་སུ་ཀླས། 

ཐུབ་དབང་རྒྱལ་ཚབ་མཆོག་ལ༝༝། 

བཀའ་གདམས་ཐིག་ལེ་བཅུ་དྲུག་བསྙེན་པའི་སྐབས། 

ན་ཚོད་དར་ལ་བབས་པ་མི་མོའི་གཟུགས། 

འཛིན་པའི་དཔའ་མོ་ཟུང་གིས་གར་བསྒྱུར་ནས། 

གསང་བའི་ལུང་བསྟན་མཛད་ལ༝༝། 

བརྟན་བྱེད་དྲི་བཞོན་གཞོན་ནུ་ཁེངས་དྲེགས་ཅན། 

མི་བདག་གྲངས་ལྡན་བདེ་ཆེན་ལུས་ཕྲ་མས། 

འཇིགས་རུང་སྲིན་པོའི་ལྟོ་བར་བསྟིམ་པའི་བརྡར། 

དངོས་སུ་གཟིགས་པར་མཛད་ལ༝༝། 

རྨི་ལམ་རོལ་བར་དགའ་ལྡན་ཞིང་ཉིད་དུ  ། 

བྱམས་མགོན་དྲུང་དུ་ཆོས་གསན་ཀུན་མཁྱེན་མཆོག 

བྱམས་མགོན་དངོས་སུ་ངེས་ཤེས་ལེགས་ཐོབ་ནས། 

ཐུན་མིན་དད་པ་ཐོབ་ལ༝༝། 

འོད་གསལ་རོལ་བར་རྟ་མཆོག་རོལ་བའི་སྐུར། 

བཞེངས་ནས་པད་མ་འོད་ཀྱི་ཞིང་དུ་ཕེབས། 

ཟག་མེད་བདེ་ཆེན་ཆང་གིས་རབ་མྱོས་ཏེ། 

ངོ་མཚར་ལྟས་མང་མཐོང་ལ༝༝།།

ལྷ་ཡི་ལམ་ཀུན་འགེངས་པའི་གཉིས་སྐྱེས་རྒྱལ། 

རབ་དཀར་མདངས་འཛིན་གཟུགས་ཀྱིས་ཆོས་ཀྱི་རྒྱལ། 

འོངས་ནས་ལུང་བསྟན་དབྱར་གྱི་རྔ་བོ་ཆེ། 

བསྒྲགས་པས་ཐུགས་བཞེད་འགྲུབ་ལ༝༝། 

ཆུ་མིག་བརྒྱ་རྩར་ཕེབས་སྐབས་ལྷ་ལམ་ཀུན། 

ཡུ་བ་ལོ་འདབ་ལྡན་པའི་མེ་ཏོག་ཚོགས། 

རབ་སྔོན་ཚོགས་ཀྱིས་འགེངས་པའི་ལྟས་བྱུང་ཚེ། 

ཉམས་རྟོགས་གོང་དུ་འཕེལ་ལ༝༝། 

ཕྱོགས་འདིར་གནས་པའི་དགེ་འདུན་འདུས་པའི་ཚོགས། 

བསྟན་པའི་གཞི་མ་སོ་སོར་ཐར་བ་ལ། 

ཉམས་ལེན་སྙིང་བོར་མཛད་པའི་སྲོལ་བཙུགས་ཏེ། 

བསྟན་པའི་རྒྱལ་མཚན་བསྒྲེངས་ལ༝༝། 

བསྟན་པའི་གཞི་མ་སོ་སོར་ཐར་བ་ནས། 

ཆེས་ཟབ་རྡོ་རྗེ་ཐེག་པའི་བར་གྱི་ལམ། 

དམན་མཆོག་ཀུན་གྱིས་བསྒྲུབ་པའི་སྲོལ་བཙུགས་ཏེ། 

འགྲོ་དོན་རླབས་ཆེན་མཛད་ལ༝༝། 

ཕྱི་རུ་འདུལ་བའི་ཀུན་སྤྱོད་ལ་གནས་ཤིང༌། 

ནང་དུ་རིམ་གཉིས་རྟོགས་པ་གདེངས་མཐོན་པོར།  

སླེབས་པས་ཐུགས་ཀྱི་བཞེད་དོན་མ་ལུས་པ། 

གེགས་མེད་ལྷུན་གྱིས་འགྲུབ་ལ༝༝། 

དེ་ལྟར་ཏིང་འཛིན་མཆོག་ལས་གཡོ་མེད་ཅིང༌། 

བཀའ་གདམས་རྣམ་ཐར་གཙང་མ་ལྷུར་བཞེས་ཏེ། 

དང་བོའི་ལས་ཅན་རྣམས་ལ་ཕན་པའི་ཕྱིར། 

བསགས་སྦྱངས་གཙོ་བོར་མཛད་ལ་གསོལ་བ་འདེབས། 

དེ་ལྟར་དང་བའི་ཡིད་ཀྱིས་གསོལ་བཏབ་པས། 

ཚེ་རབས་ཀུན་ཏུ་ཐེག་མཆོག་དགེ་བའི་བཤེས། 

ཁྱོད་ཀྱིས་འབྲལ་བ་མེད་པར་རྗེས་བཟུང་སྟེ། 

ཐེག་མཆོག་ཆོས་ཀྱི་བདུད་རྩིས་འཚོ་བར་ཤོག 

མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ཏེ། 

ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་ལ། 

ཉམས་ལེན་སྙིང་བོར་མཛད་པ་གཞིར་བཟུང་ནས། 

སྒྲུབ་པའི་རྒྱལ་མཚན་བསྒྲེངས་པར་བྱིན་གྱིས་རློབས། 

བདག་པས་གཞན་གཅེས་བྱང་ཆུབ་སེམས་མཆོག་དང༌།   

ཆོས་ཀུན་དེ་ཉིད་གཟིགས་པའི་ཤེས་རབ་སོགས། 

རླབས་ཆེན་རྒྱལ་སྲས་སྤྱོད་པ་མ་ལུས་ལ། 

སློབ་པས་ཉིན་མཚན་འདའ་བར་བྱིན་གྱིས་རློབས། 

མཚན་ལྡན་རྡོ་རྗེ་སློབ་དཔོན་ཞབས་བསྟེན་ཏེ། 

མཉེས་པ་གསུམ་གྱི་ཆེས་ཆེར་མཉེས་བྱས་ནས།།

རྣམ་དག་དབང་གི་རྒྱུད་སྨིན་དམ་ཚིག་སྡོམ། 

སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་རློབས།།

དབེན་པའི་གནས་སུ་ཚེ་འདིའི་བྱ་བཞག་ཀུན། 

ཡལ་བར་བོར་ནས་ཟབ་ལམ་རིམ་གཉིས་ལ། 

བརྩོན་པས་བསྒྲུབ་པ་སྙིང་བོ་ལྷུར་བླངས་ནས། 

མྱུར་ཏུ་ཟུང་འཇུག་ཐོབ་པར་བྱིན་གྱིས་རློབས། 

ཞེས་ཀུན་སྤངས་རི་ཁྲོད་དབང་བོའི་རྣམ་ཐར་གསོལ་འདེབས་སྐལ་ལྡན་དད་པའི་འཇུག་ངོགས་ཞེས་བྱ་བ་འདི་ནི། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་རོལ་མོ་མཁན་གཡེངས་པ་ཅན་ཞེས་བྱ་བས་བྲིས་པའོ། 

ཁྲོ་ཁོའི་གད་སྐྱའི་རི་ཁྲོད་པ་སྔགས་སྒྲུབ་ཚང་གི་རྣམ་ཐར་འདི་ཡག་སྐྱའི་ཨ་ཁུ་ཚུལ་ཁྲིམས་ཚང་ནས་མཁོ་སྤྲོད་བྱས་པ་ཡིན། 

                                                           རྩོམ་པ་བོ་སུ་ཡིན་མ་ངེས།

                                                                                                                       ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས།  


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he7k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15102107
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号