ཧོར་གཙང་དོན་གྲུབ།(བླ་བྲང༌།)
འཇིག་རྟེན་ཡུལ་གྱི་བྱ་དངོས་ཡོད་ཚུལ་བསླུ་བའི་ཆོས་སུ་ལེགས་མཐོང་ནས།།
ངེས་འབྱུང་སེམས་ཀྱིས་ཀུན་ནས་སླང་སྟེ་འཇིག་རྟེན་ཆོས་བརྒྱད་རླུང་ལ་བསྐུར།།
ཚེ་འདིའི་སྣང་ཞེན་རབ་ཏུ་སྤངས་ནས་རི་ཁྲོད་འགྲིམ་པའི་དྲང་སྲོང་ཁྱེད།།
གཏན་གྱི་མདུན་མ་སྒྲུབས་པའི་བརྩོན་འགྲུས་མི་ལ་རས་པའི་རྗེས་འགྲོ་བ།།
མི་འཇིགས་སྤོབས་པའི་སྙིང་སྟོབས་དྲག་པོ་མདུན་མ་སྒྲུབ་པའི་གྲོགས་བྱས་ནས།།
ལུས་སྲོག་ལོངས་སྤྱོད་རབ་ཏུ་བཏང་བའི་སྤྱོད་པ་རྒྱལ་སྲས་རྟག་ངུ་བཞིན།།
མི་གཡོ་མཉམ་བཞག་ཆོས་ཀྱི་དབྱིངས་སུ་ལེགས་པར་གནས་པའི་བླ་མ་ཁྱེད།།
འདོད་ཡོན་སྒེག་མོས་རང་སེམས་མི་ཚུགས་ཐུགས་གཤིས་རྡོ་རྗེ་བྲག་རི་ཉིད།།
མཉམ་རྟོག་ཡར་ངོའི་ཟླ་བ་བཞིན་དུ་ཆེས་ཆེར་རྒྱས་པའི་རྟོགས་ལྡན་པ།།
བརྩེ་ཆེན་སྙིང་བོ་ལྷུན་གྱིས་གྲུབ་པའི་མྱང་འདས་ས་ལ་རེག་གྱུར་ཀྱང༌།།
བདེ་བར་མི་གཡང་བརྩེ་བ་ཆེན་པོས་འགྲོ་དོན་བྱས་པའི་ཁུར་ཁྱེར་ཞིང༌།།
བྱམས་དང་སྙིང་རྗེ་བླ་ན་མཐོ་བའི་བརྩེ་ལྡན་བླ་མ་ཀུན་ལས་རྒྱལ།།
རྣམ་དག་ཚུལ་ཁྲིམས་འོད་ཀྱི་ཕུང་བོ་རྟ་བདུན་དབང་བོའི་འོད་སྣང་བཞིན།།
མི་མཐུན་གནོད་པའི་འབྱུང་བོའི་ཐན་བྱ་ལོང་བར་བྱས་པའི་སྡུག་བསྔལ་ལྕི།།
ཐུགས་བསྐྱེད་ནོར་འཛིན་ས་གཞིའི་སྟེང་ལ་དཔག་བསམ་ལྗོན་པའི་འབྲས་སྨིན་པའི།།
སྡེ་བཞིའི་དངོས་གྲུབ་ཆར་ལྟར་འཇོ་བའི་ནོར་ལྷའི་དབང་བོས་གཏེར་སྒོ་འབྱེད།།
གསུང་དབྱངས་འགག་མེད་དྲུག་ཅུའི་དབྱངས་སུ་ཐེག་ཆེན་གླུ་རུ་ལེན་མཁས་པའི།།
གདུལ་བྱའི་འཁོར་ཚོགས་དབང་དུ་བསྒྱུར་བའི་རྒྱལ་བ་ཉིད་དང་གཉིས་སུ་མེད།།
སྐུ་ལ་མཚན་བཟང་ཉི་མ་འབུམ་གྱི་འོད་སྟོང་འཕྲོ་བའི་འཕྲིན་ལས་འདི།།
སྲིད་དང་ཞི་བའི་འཇིག་རྟེན་ཡོངས་ལ་རབ་ཏུ་ཁྱབ་པའི་བྱིན་རླབས་འཁྱིལ།།
ས་བཅུ་ཐོབ་པའི་སེམས་དཔའ་ཁྱེད་ཉིད་སྙིང་རྗེའི་ཕྱག་ཟུང་རབ་བརྐྱངས་ནས།།
ཟག་བཅས་ཕུང་བོ་ལྷག་མེད་བཅོམས་ནས་ཞིང་ཁམས་གང་དུ་གཤེགས་ཤུལ་ན།།
ངེད་ཅག་བུ་སློབ་སྐྱོ་བའི་མཆི་མ་མཐའ་མེད་རྒྱ་མཚོའི་ཀློང་ལ་འདྲེས།།
ཁྱེད་ཉིད་དྲན་པའི་སྡུག་གི་ཕུང་བོ་ཉམ་ཆུང་སློབ་བུའི་ཐེག་པར་དཀའ།།
ཀྱེ་མ་ཀྱེ་ཧུད་ཉིན་བྱེད་དབང་བོ་ནུབ་རིའི་ཕག་ཏུ་བཞུད་གྱུར་བའི།།
བསྟན་དང་འགྲོ་ལ་འཚེ་བ་བྱེད་པའི་བདུད་སྲིན་ཚོགས་ཀྱི་ཧབ་ཆ་རྒོད།།
སླར་ཡང་གངས་རིའི་ཞིང་ཁམས་འདི་རུ་ཡང་སྤྲུལ་མི་ཡི་གར་བསྒྱུར་ནས།།
ངེད་ཅག་དགེ་སློབ་ལྷན་འཛོམས་འོང་བའི་སྐལ་བཟང་ཉིན་མོའི་དུས་དེ་ནམ།།
ཡེ་ཤེས་འོད་ཀྱིས་ཤེས་བྱ་མ་ལུས་གཅིག་ཏུ་བཟླུམ་པའི་སེམས་དཔའ་ཆེ།།
སྙིང་རྗེའི་ཤུགས་ཀྱིས་འགྲོ་བ་ཀུན་ལ་རྟག་ཏུ་གཟིགས་པའི་ཚོགས་གཉིས་ཀྱིས།།
སྐུ་བཞིའི་གོ་འཕང་མངོན་དུ་མཛད་པའི་སྒྲུབ་གཉིས་དག་པའི་སངས་རྒྱས་ལ།།
ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་རྗེས་སུ་འཛིན་པའི་སྨོན་ལམ་འདེབས།།
༢༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས།
|