༄༅། །ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་པའི་མཐོང་ཐོས་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »༄༅། །ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་པའི་མཐོང་ཐོས་འགའ།
༄༅། །ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་པའི་མཐོང་ཐོས་འགའ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/28ལྟ་ཀློག (1999)རྩོམ་ཁུངས: པར་འདེབ།

                                                                                  __རང་ཉིད་ཀྱི་ཉིན་ཐོའི་ཚུལ་དུ།

                                                                                           སྒོ་ཡོན། དཀར་མཛེས།

                                                                                              ཉིན་དང་བོ།

ད་རེབ་རང་གི་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་ཡང་བསྐྱར་ཨ་མདོའི་ས་ཁུལ་དུ་འགྲོ་སྐལ་བྱུང་ཞིང༌།དེ་ཡང་ཁྲིན་ཏུའུ་བརྒྱུད་ནས་རྒྱ་མིས་ལན་གྲུ་རུ་འབོད་པའི་ས་ཆ་དེ་རུ་ཕྱིན་པ་ཡིན།དེ་རུ་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་ཆེ་གྲས་སུ་གྲགས་པའི་ནུབ་བྱང་སློབ་ཆེན་གྱི་བོད་སྐད་ཡིག་སློབ་གླིང་ཡོད་པས་དེ་ལ་ལྟ་ཞིབ་དང༌།གནས་དེར་སློབ་གཉེར་ལ་བྲེལ་བའི་གྲོགས་འོད་ནག་ལགས་ཀྱི་འཚོ་སྟངས་ལ་རྒྱུས་ལོན།ཞར་ཞོར་ནས་དེ་སྔ་འགྲོ་མ་མྱོང་བའི་གནས་དག་ཏུ་འཁྱམ་མྱུལ་སོགས།དམིགས་ཡུལ་ཆེན་པོ་དང་རེ་བ་ཟབ་མོ་ཅི་ཡང་མེད་པར་སྤྱི་ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན་དངོས་སུ་ལན་གྲུའི་མེ་འཁོར་འབབ་ཚིགས་སུ་འབྱོར།དེ་རུ་གྲོགས་པོས་སྒུག་འདུག་པས་ངེད་གཉིས་དུས་ཡུན་རིང་ཙམ་ལ་དྲ་ལམ་ཙམ་ལས་དངོས་སུ་མ་འཕྲད་པས་ཁོང་མཐོང་བ་ན་དགའ་ཚོར་ཆེན་པོ་སྐྱེས།རིམ་བཞིན་སྤྱི་སྤྱོད་རླངས་འཁོར༣༠༢ཅན་ཞིག་ཏུ་བསྡད་ནས་ངེད་གཉིས་སློབ་གྲྭའི་ཕྱོགས་སུ་སོང་བ་ཡིན།ལམ་བར་ནས་གྲོགས་པོས་ཉིན་འགའི་སྔོན་དུ་ཁོང་ཅག་གིས་རྒྱུགས་སྤྲད་ཚུལ་དང་དེ་དུས་སློབ་མ་མང་བོས་རྒྱུགས་ཡིག་རྐུ་ཐབས་ལ་བྲེལ་ཚུལ།རྒྱུགས་མ་སྤྲད་སྔོན་དུ་བོད་ཡིག་དགེ་རྒན་དག་གིས་རྒྱ་ཡིག་མི་ཤེས་ན་བོད་ཡིག་གིས་ཕྲིས་དང་རྒྱའི་དགེ་རྒན་དག་གིས་མ་ཤེས་སོང་ན།རྒྱུགས་ཡིག་ང་ཚོའི་ལག་ཏུ་ཕྱིར་འབྱོར་འོང་བས་དེའི་སྐབས་བོད་ཡིག་གྲ་དག་ཙམ་བྲིས་པ་ཡོད་ན་དྲིས་ལན་ཐོབ་མེད་ཀྱང་ཨང་གྲངས་སྟེར་ངེས་ཡིན་པ་ལབ་སོང་ཟེར།དེ་བས་སློབ་མ་ཚོའི་རྒྱ་ཡིག་གིས་ལན་གདབ་དགོས་ས་དག་ལ་ཁ་བཏོན་དང་ཚངས་མགུར་སོགས་ཀྱང་འབྲི་བཞིན་འདུག་ལ།ད་དུང་དྲི་གཞི་དག་ཕུ་ཐུང་ནང་དང་སྟོད་ལྭའི་བར་འཚང་སོགས་སུ་བཅུགས་ནས་རྐུ་བཤུ་དཔེ་མེད་བྱེད་ཀྱིན་འདུག་ལ།ཁོང་རང་གིས་ཀྱང་ཚིག་འགའ་བརྐུ་ཐབས་བྱས་པ་ཡིན་ཟེར།དེ་འདྲའི་རྒྱུགས་སྤྲོད་ཚུལ་དེ་ནི་དངོས་གནས་དགོད་བྲོ་བ་ཞིག་མ་ཡིན་ནམ།དེ་ནི་སྤྲད་པ་ལས་མ་སྤྲད་ན་དགའ་ས་དང་སྤྲོད་པ་ལས་ཀྱང་མ་འཕྲོད་ན་འགྲིག་པའི་གནས་ཤིག་སྟེ།རྒྱུགས་སྤྲོད་པ་ནི་སློབ་མའི་ཁོག་གི་ཡོན་ཏན་གྱི་མཐོ་ཚད་གཞལ་བ་ཡིན་པས།རང་གིས་མི་རྟོག་ཅིང་རང་ལ་མེད་པ་ཞིག་ཡོད་ཁུལ་དང་ཡིན་ཁུལ་བྱས་པའི་ནག་ཉེས་ནི་ཆེས་མི་བཟོད་པའི་གནམ་འོག་གི་ནག་ཉེས་ཆེ་གྲས་ཤིག་རེད།ད་དུང་གྲོགས་པོས་བཤད་ན་རྒྱུགས་གཞི་བརྐུ་མ་ཐུབ་ཅིང་རྒྱུགས་འབྲས་བསྣོག་མ་ཐུབ་ན།དེ་ནི་ཁོག་ཏུ་སྙིང་མེད་དང་སེམས་སུ་སྟོབས་མེད་པར་བརྩི་ཀི་རེད་ཟེར།དེ་བས་རྒྱ་ཡིག་རེ་གཉིས་ལས་མི་ཤེས་པའི་གྲོགས་པོས་ཀྱང་རྒྱ་ཡིག་གི་རང་སྐར་གཞི་ནས་རྙེད་འདུགདུས་ཚོད་ཕྱེད་ཙམ་གྱིས་སློབ་གྲྭའི་འདབས་སུ་ཐོན་སོང༌།ངེད་གཉིས་རིམ་བཞིན་གྲོགས་པོའི་ཉལ་ཁང་དུ་ཕྱིན་པ་ཡིན།གྲོགས་པོའི་མལ་ཤག་ནི་སློབ་གྲྭ་གཞུང་གི་མིན་པར་ཕྱི་རོལ་ནས་གླས་པའི་མགྲོན་ཁང་ཞིག་ཡིན་པའི་སྟབས་ཀྱིས་ཡིན་ནམ།གང་ལྟར།ཉལ་ཁང་གི་སྒོ་ཁ་རུ་བསླེབས་པ་ན་གཙང་སྤྱོད་ཁང་གི་དྲི་མ་སྟུག་པོ་ཞིག་རྣ་བར་འཐུལ་འོང་ཞིང༌།ཉལ་ཤག་ཧྲིལ་བོའི་ནང་དུ་བཀྲུ་ཆུ་དང་འགྱིག་ཤོག་ཐར་ཐོར་གྱིས་གང་སར་བཀང་འདུགཁོ་བོས་རྒྱབ་ཁུག་ཉལ་ཁྲིའི་སྟེང་དུ་གཡུགས་ཏེ་གྲོགས་པོ་དང་འགྲོགས་ནས།ར་སྐོར་ཕྱི་ནས་ཟ་མ་སྟབས་བདེ་ཞིག་ཟོས་རྗེས་སློབ་གྲྭའི་ཕྱོགས་སུ་བསྐྱོད་པ་ཡིན།ཁོ་བོ་ནི་ད་ལྟའི་བར་དུ་དགོན་པའི་ཁོར་ཡུག་ནས་ནར་སོན་ཞིང་དགོན་པའི་རིག་སློབ་ནས་འགོ་འབུས་པ་ཞིག་ཡིན་པས། གྲོང་བ་ཁོ་ནའི་རང་བཞིན་ཅན་གྱི་ཤེས་ཡོན་པའི་སྡེ་ཁག་ཅིག་ཏུ་འགྲིམ་མ་མྱོང་ལ།ལྷག་ཏུ་བོད་ཀྱི་སློབ་ཆེན་པའི་གྲས་ནས་ཀྱང་དེང་རབས་ཀྱི་རྣམ་པ་མངོན་གསལ་དོད་པོ་མངའ་བར་གྲགས་པའི་ནུབ་བྱང་སློབ་ཆེན་འདི་ཉིད་གོ་མྱོང་ཙམ་ལས་མཐོང་མྱོང་ཁྱོན་ནས་མེད་པས་ན།ནུབ་བྱང་སློབ་ཆེན་ནི་བོད་ཀྱི་མི་ཆོས་རིག་སློབ་ཀྱི་ཁོར་ཡུག་མཐོན་པོ་ཞིག་ཏུ་གྲངས་བརྩིས་བྱས་ཡོད་ལ།ནུབ་བྱང་སློབ་ཆེན་ནི་བོད་ཀྱི་དེང་རབས་གསར་བའི་ཡོན་ཏན་པ་དང་ཤེས་ཡོན་ཅན་སྤུས་གཙང་དག་གསོ་སྐྱོང་གནང་སའི་གནས་ཡུལ་ཁྱད་པར་ཅན་ཞིག་ལ་རེ་བཞད་བྱས་མྱོང་ཡོད།ཁྱད་པར་ལོ་འདི་དག་གི་རིང་ལ་བོད་ཀྱི་ཡོན་ཏན་པར་འབོད་རུང་ཅི་རིགས་ཀྱིས།ནུབ་བྱང་སློབ་གླིང་དུ་འཆད་བཏང་རབས་དང་ཁྲིད་བཞག་རབས་ཀྱི་དཔའ་གཏམ་གང་མང་ཞིག་གི་ལོ་རྒྱུས་འདུག་པས།ལྟོས་བཅས་ཀྱིས་བརྗོད་ན་ས་འདི་དང་གནས་འདི་ནི་བོད་ཀྱི་ཁོར་ཡུག་གཞན་དང་ཅུང་མི་མཚུངས་པར།མིའི་བསམ་བློ་གང་འདོད་དུ་ཡོང་ཆོག་ཅིང་མིའི་སྐད་ཆ་ཅི་འདོད་དུ་སྒྲོག་ཆོག་པའི་གནས་མཆོག་བྱིན་ཅན་ཞིག་ཡིན་པར་སྒོམ་མྱོང་ཡོད།

སློབ་གྲྭ་ནི་སློབ་གྲྭ་རང་ཡིན་པས་གང་དུ་ཡང་སློབ་ཁང་གིས་བཀང་འདུག་ཅིང་སློབ་མ་ཡིས་ཁྱབ་འདུག་སྟེ།རྒྱ་རིགས་དང་སོག་རིགས།བོད་རིགས་དང་ཡུ་རིགས་ཀྱི་སློབ་མ་དག་གིས་རང་རང་གི་དཔེ་དེབ་རེ་མཆན་དུ་བཅུག་ཅིང་ལག་ཏུ་བཟུང་ནས་ཡར་འགྲོ་མར་འགྲོ་བྱེད་ཀིན་འདུགསློབ་གླིང་འདི་ནི་རྒྱ་མིའི་སྲིད་གཞུང་གིས་རྒྱབ་སྐྱོར་ཡོད་པ་ཞིག་ཡིན་པས་ན།སྤང་གཞུང་དང་ལྗོངས་འདབ།ར་སྐོར་དང་འདུག་སྟེགས།ངལ་གསོ་གནང་ས་དང་བློ་ལེན་བྱེད་ས་སོགས་ཁོར་ཡུག་གི་རྣམ་པ་དག་གི་ཧ་ཅང་གི་ཚད་མཐོན་པོའི་གྲས་དང་ཡིད་སྤྲོ་སའི་རིགས་སུ་བཟོས་འདུགསློབ་ཁང་རེ་རེའི་སྒོ་འགྲམ་དང་སྐྱེད་ཚལ་ཁང་གི་ཐང་དཀྱིལ་སོགས་སུ་བོད་རིགས་སློབ་མ་གཞོན་ནུ་འགའ་རེས་བོད་ཡིག་གི་དཔེ་ཆ་རེ་ཕར་སློག་ཚུར་སློག་བྱེད་ཀྱིན་པ་མཐོང་ཞིང༌།བོད་ཡིག་གི་དྲི་མ་ཉིན་རེ་བཞིན་མར་ནས་མར་དུ་འགྲོ་བཞིན་ཡོད་པའི་དེ་རིང་ཁ་སང་བོད་ཡིག་ཀློག་པའི་གཞོན་དར་འདི་འདྲ་མཐོང་ན།སེམས་ཁོང་དུ་ཚོར་བདེ་བརྗོད་མི་ཤེས་པ་རེ་ཡང་སྐྱེས་ཡོང༌།དེ་དང་མཉམ་དུ་ཐག་མི་རིང་བའི་སློབ་གྲྭའི་ལམ་སྣེ་དང་ལྗོན་པའི་བསིལ་ངོགས་དག་ཏུ་བོད་རིགས་ན་གཞོན་ཕོ་མོ་འགའ་རེས།དཔེ་དེབ་གདན་དུ་བཏང་ཞིང་རིག་གནས་རིང་དུ་བོར་ནས་མཆུ་ལ་མཆུ་སྦྱར་ཞིང་སྐེད་ལ་ལག་པས་འཁྱུད་ནས་འཁྲིག་སྦྱོར་རྩོམ་གྲབས་ཡོད་པའི་བྱ་སྤྱོད་དག་མིག་ལམ་དུ་སྣང་སྐབས།ལོ་ངོ་དྲུག་བདུན་ཙམ་ལ་དགོན་དབུས་ནས་མི་ཚེ་བསྐྱལ་བའི་ཁོ་བོའི་ངོ་གདོང་ལ་རློན་བབས་ཤིང་སེམས་ངོས་སུ་སྐྲག་ལངས་ཡོང༌།ཉིན་ཕྱེད་འདས་ཏེ་ཕྱི་དྲོའི་དུས་ཚོད་གཉིས་ཙམ་ལ་ཐོན་སོང༌།གྲོགས་པོས་ཁོང་ཅག་གི་སློབ་ཁྲིད་ལ་ཐོན་སོང་བས་དེ་ལ་ཟུར་ཉན་བྱེད་དུ་འགྲོ་ཆོག་གི་རེད་ཟེར།དེ་ནས་ཁོ་བོ་གྲོགས་པོའི་རྗེས་སུ་འབྲངས་ཏེ་ཐོག་ཁང་བཞི་བའི་སློབ་ཁང་ནང་དེར་ཕྱིན་པ་ཡིན།ངེད་གཉིས་ཐོན་པ་ན་སློབ་གྲོགས་མང་ཆེ་བ་བསླེབས་ཚར་འདུག་ལ།ཐམས་ཅད་ཀྱིས་མཐོང་མ་མྱོང་བ་ཅི་ཞིག་མཐོང་སོང་བ་ལྟར་ཁོ་བོའི་ཕྱོགས་སུ་མིག་བགྲད་ནས་བལྟས་འདུག་ཅིང༌།ལྷག་ཏུ་སྐྱེས་མ་སློབ་གྲོགས་འགའ་རེས་ཁོ་བོའི་ཕོ་སྒོ་ལ་བརྟག་དཔྱད་བྱེད་ཀྱིན་ཡོད་ཚོད་འདུགསློབ་ཁྲིད་བྱེད་པ་ལ་ད་དུང་སྐར་མ་ཉི་ཤུ་ཡས་མས་ཤིག་ཡོད་པ་འདྲ།སློབ་མ་ཚོས་ཡར་མར་གྱི་སྐད་ཆ་དགོས་མི་དགོས་ཅི་རིགས་བཤད་ཀྱིན་འདུག་ལ།འགའ་རེས་དུ་ཐུར་རེ་མེ་རུ་སྒྲོན་ནས་སྐྱེས་མ་སློབ་གྲོགས་དག་གི་ཁ་སློང་གིན་ཡོད་པ་སོགས་འུར་ཟིང་གི་རྣམ་པ་ཧ་ཅང་མཐོ།ཅུང་ཙམ་འགོར་རྗེས་དགེ་རྒན་བྱོན་འོང༌།དགེ་རྒན་གྱིས་དཔེ་ཁུག་ནག་པོ་ཞིག་མཆན་ལ་བཙུར་ནས་ཁྲིད་སྟེགས་སྟེང་དུ་བུད།དེ་རིང་གི་དགེ་རྒན་ནི་ཁྲི་བསམ་གཏན་ཞེས་པའི་རྒན་པོ་ལོ་ལོན་ཞིག་རེད།ཁོང་གིས་ཁོང་རང་ཉིད་ཀྱིས་དེ་སྔོན་བྲིས་ཤིང་དཔར་བའིརྩོམ་འཇུག་རིག་གཞོན་དགའ་ཚལཅེས་པའི་དཔེ་དེབ་མཐུག་པོ་དེ་ཁྲིད་བྱུང་ལ། ཅང་མ་འགོར་བར་སྒོ་འགྲམ་ནས་སློབ་མ་ཞིག་ནང་ལ་འཛུལ་འོང༌།ཁྲི་བསམ་གཏན་ལགས་ཀྱིས་སློབ་མ་དེར་མཛུབ་མོ་བཙུགས་ནས།ཁོ་ནི་ཁོང་གི་ཞིབ་འཇུག་སློབ་མ་མཁས་གྲས་ཤིག་ཡིན་པ་དང་རྒྱ་བོད་ཀྱི་ཡི་གེ་དག་ལ་ཧ་ཅང་མཁས་ཚུལ།དེ་རིང་ནས་བཟུང་རང་ཉིད་ལ་ཁོམ་པ་མི་འདུག་པས་ཟླ་ཕྱེད་ཅིག་ལ་ཁོས་ཁྱོད་ཚོར་སློབ་ཁྲིད་བྱེད་དགོས་ལུགས་སོགས་སྟབས་བདེ་སྟབས་བདེ་ཞིག་གསུངས་ནས་ཕྱིར་ཕེབས་སོང༌།དགེ་རྒན་གྱིས་འོས་སྦྱོར་བྱས་པའི་ཞིབ་འཇུག་སློབ་མ་དེས་སློབ་ཁྲིད་བྱེད་འགོ་བརྩམས་ཤིང༌།ཁོས་རྒྱ་བོད་ཀྱི་སྐད་ཆ་སྦྲགས་མ་ཞིག་གི་སྟེང་ནས་རྩོམ་འཇུག་ཐད་ཀྱི་རྒྱུ་ཆ་དང་བརྗོད་བྱ།བརྗོད་སྙིང་གསུམ་དང་འབྲེལ་ཏེ་སྐད་ཆ་གང་མང་ཞིག་བཤད་བྱུང་མོད།ཁོ་བོར་མཚོན་ན་ཁོས་བཤད་པ་ཀུན་ཆེས་རྒྱུན་ཤེས་ཀྱི་གྲས་ཏེ་ཡིན་པས་བློ་སྒོ་འབྱེད་པའི་ཚུར་ལེན་གྱི་སྙིང་དོན་ཞིག་ཡོད་པར་དམིགས་ཀྱང༌།དེར་ཡོད་ཀྱི་གཉིད་དུ་ཡུར་བ་དང་འཕྲིན་ཐུང་ལ་བྲེལ་བ།རྩེད་མོར་གཡེང་བ་དག་ཕུད་སློབ་མ་འགའ་བོར་མཚོན་ན།ཆེས་གཟབ་ནན་བྱ་རིན་ཡོད་པའི་ཚུལ་གྱིས་ཉན་འདུག་པས།དངོས་ཞུགས་སློབ་མ་སྤྱིར་བཏང་ཞིག་གི་ངོས་ཐད་ནས་འདང་བརྒྱབ་ན་སློབ་ཁྲིད་དེ་ལ་ཡང་གོ་དགོས་པ་གང་མང་ཞིག་ཡོད་པ་འདྲ།དུས་ཚོད་གཉིས་ཙམ་འདས་སོང་ལ་སློབ་ཁྲིད་ཀྱང་གཞི་ནས་གྲོལ།ཁོ་བོས་ཉེ་འཁོར་གྱི་སློབ་མ་དག་གི་སྐད་ཆའི་རྣམ་འགྱུར་དང་ཀུན་སྤྱོད་ཀྱི་མཛེས་བཙོག་སོགས་ལ།མིག་གིས་ལྟ་བཞིན་སེམས་ཀྱིས་དབྱེ་བཞིན་གྲོགས་པོའི་མལ་ཁང་དུ་ཕྱིར་ལོག་པ་ཡིན།

                            ཉིན་གཉིས་པ།

དེ་རིང་ནི་སྔར་བཞིན་དུ་སློབ་གྲོགས་དང་ཞོགས་པ་ནས་ཡར་ལངས་ཏེ་སྔ་ཚོགས་སུ་འགྲོ་བཞིན་འདུག་ལ།གྲོགས་པོས་ཁོ་བོ་ཡང་སྔ་ཚོགས་སུ་ཟུར་ཉན་དུ་འགྲོ་ཟེར་མོད།ཁ་སང་གི་སློབ་ཁྲིད་དེ་དྲན་ན་ད་ནི་གནས་འདིའི་ཟུར་ཞུགས་སློབ་མ་དག་གི་སློབ་ཁྲིད་ཀྱི་མཐོང་སྣེ་རགས་ཙམ་རྟོག་གིན་འདུག་པས་ཁོ་བོ་མ་སོང་བར་ཉལ་ནས་བསྡད་པ་ཡིན།འོན་ཀྱང༌།དུས་ཡུན་རིང་ཙམ་མ་འགོར་གྲོགས་པོའི་གཙོས་པའི་སློབ་གྲོགས་དག་ཕྱིར་བསླེབས་འོང༌།ཁོ་བོས“སྔ་ཚོགས་གྲོལ་བཏང་བ་ཨེ་ཡིན”དྲིས་པས།“དེ་རིང་དགེ་རྒན་མ་མཐོང་ཐལ།དགེ་རྒན་གྱིས་གློག་བརྙན་ལ་ལྟ་མ་ཚར་བ་ཡིན་སྲིད”ཟེར།ཁོ་བོ་ཡ་མཚན་སྐྱེས་ནས“དེའི་དོན་གང་ཡིན”དྲིས་པས།“ཁོང་ཅག་གི་དགེ་རྒན་ནི་སྐབས་རེར་མ་གཏོགས་སློབ་ཁྲིད་དུ་ཡོང་བ་མ་རེད”ཟེར།“དེས་ན་ཁྱོད་ཚོས་ཁོང་ལ་རེ་བ་རྒྱག་པའམ་ཡང་ན་སློབ་གཙོ་ལ་ཡར་ཞུ་བྱེད་ན་མི་ཆོག་གམ”བཤད་པར།“སྔ་ཚོགས་གྲོལ་བཏང་བ་ཨེ་ཡིན།དེ་ལ་ཡར་ཞུ་དང་རེ་བ་ཞུས་ཀྱང་ཨུ་ཚུགས་ཆེ་དྲགས་པས་ཕན་འབྲས་ཡོད་སྲིད་པ་མ་རེད”ཟེར།ཁོ་བོས་རྒྱུན་མཐུད་དེ་འདྲི་འདོད་མ་བྱུང་བར“ཨོ་རེད”ཅེས་པའི་ལན་སྟབས་བདེ་ཞིག་གིས་མཇུག་བསྡུས།དགོང་མོའི་དུས་ཚོད་བདུན་ཕྱེད་ཙམ་ལ་ཐོན་སོང༌།དེ་རིང་ནི་སློབ་གྲྭ་འདིའི་བོད་སྐད་ཡིག་སྡེ་ཁག་གིས་གཙོ་གཉེར་བྱས་པའི“སྐབས་བདུན་པའི་གངས་ཀྱི་རོལ་དབྱངས་སྙན་ངག་གྱེར་འདོན་འགྲན་ཚོགས”ཅེས་པ་དེ་སྤེལ་རྒྱུ་ཡིན་པར་བཤད་པས།ཁོ་བོ་ཡང་ཚོགས་འདུ་ལ་ལྟ་ཞིབ་བྱེད་པར་ཐོག་ཁང་གསུམ་པའི་ནང་རོལ་དེར་ཕྱིན་པ་ཡིན།དེར་སློབ་མ་སྟོང་ཡས་མས་ཤིག་འདུས་ལ།དཔྱད་འདེམས་བྱེད་པའི་དགེ་རྒན་བདུད་ལྷ་རྒྱལ་དང་དཔལ་མོ་སོགས་བོད་ཀྱི་རྩོམ་སྟེགས་སུ་ཅུང་ཟད་ལྗིད་ཚད་ཡོད་པ་འགའ་མདུན་ཕྱོགས་ཀྱི་སྟེགས་བུ་རུ་བསྡད་འདུག

སྙན་ངག་གྱེར་བ་ནི་ཁ་བཏོན་འདོན་པ་དང་རྡུང་ལེན་རྡུང་བ།གླུ་དབྱངས་ལེན་པ་དང་དམངས་གླུ་བཀུག་པ་དང་ཀུན་ནས་མི་མཚུངས་པར་ངག་གི་སྒྱུ་རྩལ་མཐོ་ཤུགས་ཅན་ཞིག་གྱེར་བ་ཡིན་པས།བོད་ཆས་གྱོན་པའི་སློབ་མ་ཉི་ཤུར་ཉེ་བ་ཙམ་གྱིས་རང་རྩོམ་དང་གཞན་རྩོམ་གཉིས་ཡོད་པའི་སྙན་ངག་དག་སྤོབས་པ་གཟེངས་སུ་བཏེགས་ནས་གྱེར་བྱུང་མོད།སྐྱེས་མ་སློབ་གྲོགས་གཉིས་དང་སྐྱེས་པ་སློབ་གྲོགས་གཅིག་ཙམ་མ་གཏོགས་པའི་གཞན་དག་གིས་གྱེར་བ་ནི་གྱེར་བའི་རྣམ་པ་ཞིག་བཏོད་པ་ཙམ་ལས།སེམས་ཀྱི་ན་ཟུག་དང་ངག་གི་གདངས་སྟོབས།ལུས་ཀྱི་འགྱུར་བག་དང་ལག་གི་འགུལ་རྩལ་བཅས་ཀྱི་ཆ་གང་ཡང་མི་འདུག་སྙམ།དེ་ལྟ་ན་ཡང༌།སློབ་གྲོགས་གང་མང་གིས་དགའ་བསུ་ལྷག་མོ་ཞུ་སྟངས་ལ་བལྟས་ན་མི་འཐུས་པ་དང་མི་ཚང་བ་དེ་དག་ཀྱང་འགྲིག་པ་དང་མཛེས་པ་ཞིག་ཡིན་ཉམས་འཆར་འདུག ཚོགས་འདུ་གྲོལ་ལ་ཉེ་སོང༌།ཚོགས་འདུའི་མཇུག་སྡོམ་མཁན་ནི་དེ་ཀའི་དགེ་རྒན་ཞིག་རེད།ཁོང་གིས་དེ་རིང་གི་ཚོགས་འདུ་སྤྱི་ངོས་ནས་ལེགས་འགྲུབ་བྱུང་སོང་བ་དང༌།ཚོགས་འདུའི་མཇུག་སྐར་སོགས་ནི་གཟའ་འཁོར་རྗེས་མའི་འདུ་ཚོགས་སྟེང་དུ་གཏན་ཁེལ་བྱ་རྒྱུ་ཡིན་ཚུལ།དེ་རིང་གི་དུས་སུ་ཡང་སློབ་གྲོགས་འགའ་རེར་དེ་འདྲས་འཛོམས་པོ་ཞིག་མིན་ལུགས་སོགས་དོན་གནད་ལ་ཁེལ་ཡོད་མེད་གང་མང་ཞིག་ལབ་སོང༌།ཁོང་གི་སྐད་ཆ་དག་ལ་མཉན་ན་ཁོང་རང་ཉིད་ནི་སྙན་ངག་གྱེར་འདོན་ལ་ཀུན་ནས་ཀྱང་དབང་འབྱོར་བ་ཞིག་ལོས་ཡིན་འདོད་ལ།དེ་རིང་གི་དུས་སུ་ཁོང་ཡང་“གྱེར་འདོན་འགྲན་ཚོགས”འདིའི་འགྲན་ཞུགས་ཡིན་ན་ཅི་མ་རུང་སྐྱེས་བྱུང༌།

                                  ཉིན་གསུམ་པ།

       དུས་ཚོད་ནི་གསེར་ལས་ཀྱང་ལྷག་པའི་སྐད་ཆ་དེ་རྙིང་བ་ཞིག་ཡིན་ན་ཡང༌། དོན་གནད་མིན་པའི་ ངེས་པ་མེད་དེ། ཁོ་བོར་ཡང་ཁོ་བོ་སྒེར་གྱི་དུས་ཚོད་གསེར་ཅན་ཞིག་ཡོད་པས།ཁོ་བོས་གསེར་དེ་གསེར་གྱི་ཚུལ་དུ་བཞག་ནས་ནུབ་བྱང་གི་སློབ་མ་རྐྱལ་སྟོང་མང་ཤོས་དང་འདྲ་བར་འཁྲིག་སྤྱོད་དང་དུ་ཆང་ཞིག་སེམས་སུ་འཁྱིལ་ཞིང་དམིགས་སུ་སྒོམ་ནས་མི་སྡོད་པས།རང་ཉིད་ལ་དབང་བའི་ཁོར་ཡུག་དང་རང་ཉིད་ཀྱིས་འདོད་པའི་རིག་ཚན་དེའི་ཕྱོགས་སུ་གོམ་པ་སྤོ་འདོད་བྱུང༌།ལྷག་ཏུ་ཟླ་བ་འགའ་དང་ལོ་གཅིག་ཙམ་གྱི་སྔོན་དུ་དྲ་སྟེགས་དང་དཔེ་ཐོ་སོགས་དངོས་བརྒྱུད་ཅི་རིགས་ནས་ངོ་ཤེས་ཏོག་ཙམ་ཡིན་པའི་ནུབ་བྱང་གི་སློབ་མ་སྐྲ་རིང་འགའ་རེས།ད་རེབ་ཁོ་བོ་གནས་འདིར་གཏན་སྡོད་ཡོང་བར་འདོད་ནས་ཁོང་ཚོའི་གོ་ས་ཕྲ་མོ་དེ་ཉིད་འཕྲོག་པར་ཕྲག་པ་ཚ་བ་ཡིན་ནམ།ཡང་ན་སློབ་མ་འགའ་རེས་མཐོང་ཡུལ་ནས་ཁོང་ཚོས་ཕམ་ཁ་ཞིག་ཉོ་འགྲོ་བར་དོགས་པ་ཡིན་ནམ།དེ་ལྟ་མིན་ན་བཟའ་བཏུང་ཅི་ཞིག་ལྡུད་དགོས་པར་འཚེར་བ་སྟེ།སྔར་ཁོ་བོ་ནི་རླབས་ཆེན་གང་ཞིག་ཡིན་ཚུལ་དུ་འབོད་ཅིང་ཁོང་ཡང་ཁོ་བོ་དང་ཕྱོགས་འདྲ་ཡིན་པའི་སྒྲོག་པའི་ནུབ་བྱང་གི་ན་གཞོན་མིང་འཛིན་གྱི་རྩོམ་འབྲི་བ་ཁཅིག་དང༌།དོན་དག་ཅུང་ཟད་རེ་སྒྲུབ་རོགས་བྱེད་དུས་ཁོ་བོ་ངོ་ཤེས་པ་ནི་མི་ཚེའི་རྒྱལ་ཁ་དང་ཁོ་བོ་ནི་གྲོགས་པོའི་དང་རྩེ་རུ་ཤུགས་འབོད་རྒྱག་མྱོང་བ་དག་གིས།ད་ཐེངས་ཐག་རིང་ནས་མཐོང་ན་གཡོལ་འགྲོ་བ་དང་ཐག་ཉེ་ནས་འཕྲད་ནས་གཟུར་བ།གདོང་ཐུག་བྱུང་སྐབས་ངོས་ཟིན་གྱིན་མེད་པ་ལྟ་བུའི་དགོད་བྲོ་ལ་ངུ་ཡང་སློང་བའི་གནས་ཚུལ་རྣམས་བྱུང་སྐབས།ཁོང་ཚོས་བཟའ་སྐལ་ལ་དོགས་འགྲོག་དང་ཁོང་ཚོའི་ཁོག་རུས་དམར་ཕྱུང་བྱེད་འདོད་མི་འདུག་པ་སྟེ།མདོར་ན་ནུབ་བྱང་ཚང་གི་གཅེས་ཕྲུག་དག་གིས་ཡག་པོ་ཅི་ཞིག་བྱེད་ཀྱིན་ཡོད་པ་དང་བཙོག་པ་གང་ཞིག་སྒྲུབ་ཀི་ཡོད་པའི་སྣང་ཚུལ་རགས་ཙམ་ཞིག་དངོས་སུ་མཐོང་ ཐོས་སུ་གྱུར་བས། སྔར་ནས་ཁོ་བོསགྲོང་བ་ཡོན་ཏན་པ་དག་གི་ཉེན་ཚབས་བརྗོད་པཅེས་པར་བཤད་ཟིན་པ་ལྟར།“དུས་རབས་གསར་བའི་ཁྲོད་ཀྱི་བོད་ནང་གི་སློབ་གྲྭ་བ་ཚོར་དངོས་སུ་ཞིབ་བྱེད་སྐབས། དེ་སྔ་ཡིད་ལ་མ་འཁོར་བའི་སྣང་ཚུལ་ཡ་མ་བརླ་དུ་མ་ཞིག་རིམ་བཞིན་མཐོང་འོང་ཞིང༌།ཁོང་ཚོའི་བསམ་བློའི་སྲོག་ཤིང་དང་བྱ་བའི་དམིགས་ཡུལ་གང་ལ་གཞིག་ན་ཡང༌།ད་ནི་གྲོང་བ་ཡོན་ཏན་པར་འབོད་པ་དག་ལ་རེ་བ་ཆེ་ཙམ་བཅོལ་ས་མེད་པའི་ཚད་ལ་ཐོན་འདུག”སྙམ།དེ་བས།ད་ནི་སེམས་སུ་མི་བཟོད་པའི་དངན་པ་རིང་བོ་རེ་འཐེན་ནས་བསམ་བློ་དང་ཀུན་སྤྱོད།ཤེས་ཡོན་དང་ཤེས་ཡོན་མ་ཡིན་པ་དག་ཐོས་ཀྱང་མ་མྱོང་བའི་རང་གི་ཕ་ཡུལ་ཁམས་ཕྱོགས་དེར་འགྲོ་བར་འདོད།

                               ཟུར་འཕྲོས།

ཁོ་བོ་ད་རེབ་ནུབ་བྱང་སློབ་ཆེན་དུ་འགྲོ་དོན་ནི་སློབ་སྦྱོང་འབོར་ཆེན་ཞིག་གི་ཆེད་དུ་མ་ཡིན་ལ།བྲིས་རྩོམ་བདེ་མོ་ཞིག་གི་རྒྱུ་ཆ་འཚོལ་དུ་ཕྱིན་པའང་ལར་ནས་མིན།དེ་བཞིན་དུ་དེང་གི་རྩོམ་འབྲི་བ་ཕལ་མོ་དག་མཚུངས་པར་ནུབ་བྱང་སློབ་ཆེན་ལ་སྐྱོན་ཆ་ཞིག་ཨེ་ཡོད་དང་དེ་ཡི་གདོང་འབག་རྩད་ནས་བཤུ་རྒྱུ་ཞིག་ཨེ་རྙེད་དག་ཀྱང་ཁྱོན་ནས་མིན་པར། འཁྱམ་ཉུལ་ཞིག་བྱེད་ཕྱོགས་ཀྱིས་དེ་རུ་ལྷུང་སོང་བ་ ཞིག་ཡིན་ལ། དེ་ཀའི་སློབ་མ་འགའ་རེསཁོ་བོ་འབྲེལ་འདྲིས་བྱེད་ས་གཙོ་ཆེ་བ་ཟུར་ཞུགས་སློབ་མ་རྣམས་ཡིན     སྤྱོད་ལམ་དག་འདི་ལྟར་ཡི་གེ་བརྡེབས་པ་ཙམ་ལས་སློབ་གྲྭ་སྤྱི་དང་སློབ་མ་སྤྱིའི་གནས་སྟངས་ལ་ནི།གོང་གི་སྐད་ཆ་དག་གི་ཚིག་ཟུར་ལ་བལྟས་ན་སློབ་གྲྭ་སྤྱི་ཞིག་ལ་བཤད་ཀི་ཡོད་ཉམས་ཀྱང་ཤོར་ཡོད་སྲིདཞིབ་ཏུ་ལྟ་ཞིབ་བྱེད་པའི་སྐལ་བ་མ་བྱུང་སོང༌།ཟུར་གཞན་ཞིག་ནས་ལྟ་ཐོས་བྱས་ཚེ་སློབ་ཆེན་འདིའི་ཞིབ་འཇུག་དང་རབ་འབྱམས་པའི་སློབ་བྱ་གཉེར་བའི་སློབ་མ་ཁ་ཅིག་གི་རིག་གནས་ཀྱི་སྦྱང་འབྲས་དང་ཤེས་རབ་ཀྱི་ལྟ་ཕྱོགས།ཀུན་སྤྱོད་ཀྱི་རྣམ་འགྱུར་སོགས་ལ་ཀུན་ནས་ཀྱང་བསྔགས་འོས་ཤིང༌།འདི་ནས་མི་ཚེའི་བགྲོད་ལམ་དང་བོ་རྟོག་ཅིང་འདི་ནས་སྤྱི་ཚོགས་ལ་ལྟ་བའི་བློ་མིག་ཐོག་མ་རྙེད་པའི་བོད་ཀྱི་ཤེས་སྨྲ་གང་མང་ཞིག་ཀྱང་ཡོད་མྱོང་ལ།ད་དུང་ཉིན་ཞིག་གི་ཕྱི་དྲོར་རྩོམ་རིག་ཚོ་ཆུང་གིས་སྒྲུབ་པའི“སྒྲུང་གཏམ་གླེང་བའི་འདུ་ཚོགས”དེ་རུ་ཚོགས་མི་བཅུ་ཡས་མས་ལས་མི་འདུག་ཀྱང༌།དེ་དག་གི་གྲས་ཀྱི་ཁ་བ་སྙིང་ལྕགས་ཞེས་པས་ཁོ་རང་གི་བློ་གྲོས་སྤྱད་ཅིང་སྐད་ཆ་བཀོལ་ཏེ་སྒྲུང་གཏམ་སྐོར་གྱི་ཁ་བརྡ་ཉུང་ངུ་ཞིག་བྱས་ཚུལ་དེ་ལྟ་བུ་ཙམ་ལ་གཞིག་ན་ཡང༌།སློབ་གླིང་འདིར་མིང་གིས་ཕོངས་ཀྱང་དོན་གྱིས་མི་སྟོང་བའི་ན་གཞོན་ལྐོག་ལྐོག་སུད་སུད་པ་ཡ་རབས་རེ་གཉིས་ཡོད་པའང་ཤེས་ཐུབ་པ་སྟེ།དེ་དང་དེ་འདྲས་སློབ་ཆེན་འདི་དང་འདིའི་ཕྲུ་གུ་རྣམས་ལ་ཡང་“བཟང་”དང་“ལེགས”སྦྱར་ས་དུ་མ་ཞིག་ཡོད་སྲིད་པ་ནི་སྨྲོས་མེད་རེད།འོན་ཀྱང༌།“བཟང་”གི་གཡོན་དུ“ངན”དང་“འགྲིག”གི་ཉེ་མ་རིང་དུ“མི་འགྲིག་”པའི་གནད་དོན་ཡང་དཔག་ཡས་པ་ཤིག་ཡོད་པ་མ་ཟད།གོང་དུ་བཤད་ཟིན་པའི་སྐད་ཆ་དག་གི་མཐོང་སྣེ་རེ་འགའ་ལས་སློབ་གྲྭའི་གནས་བབ་རེ་འགའ་ཡང་ཤེས་ཐུབ་མོད།དེ་དག་ནི་དུས་ཀྱིས་ཁོམ་ལོངས་སྟེར་བའི་གཞུག་གི་ཉིན་མ་ཞིག་ལ་མི་བཅོལ་ག་མེད་བྱུང་ཞིང༌།དེ་དུས་བོད་ཀྱི་སློབ་གྲྭ་ཆེན་མོ་བ་སྤྱི་དང་བྱེ་བྲག་ནུབ་བྱང་སློབ་ཆེན་གྱི་ཕྱི་ནང་ལ་དོགས་བཤེར་བྱེད་རྩིས་ཀྱི་འདུན་པ་ཡང་ཡོད་དོ། །

                                                                                                                   ༢༠༡༠ལོའི་རིག་གནས་ཡར་སྤེལ་ནས་བཤུས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41464420
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1