___ཕ་ཡུལ་མགོ་ལོག་ཁང་སར་ནས་བཏུས་པའི་གཏམ་དཔེའི་ནང་ཚན།
ཨ་གསལ་བོ་ཡིན། །ཨོཾ་དོད་པོ་ཡིན། །
ཁ་གསལ་བོ་ཡིན། །དོན་ཞིབ་མོ་ཡིན། །
བཀའ་ལ་ཡར་རྫོགས་མེད། །ཆོད་ལ་ཕྱིར་ལོག་མེད། །
ཁ་གནམ་ནས་གྲགས། །རྡོ་གདན་ལ་འཕངས། །
གཟུ་བ་ལངས་ཤུལ་ན་གྱོད་མེད། །སྔགས་པ་ལངས་ཤུལ་ན་འདྲེ་མེད། །
རལ་གྲིས་བཅད་འཕྲོ་དག་མ། །བཤད་པའི་ཁ་འཕྲོ་གཙང་མ། །
འགྲོ་བ་ལམ་བདེ་ནི། །འདུག་མཁན་སྟན་བདེ་ནི། །
ཡག་ཐོག་ལ་རྒྱན། །བཟང་ཐོག་ལ་རབས། །
བཟང་གསེར་ཐག་གི་སྣེ་ལ་དངུལ་ཐག །གྱོད་འགྲིག་མཐུན་གྱི་ཐོག་ལ་མནའ་ཤག །
ཆུ་བརྒྱ་ཟབ་གཅིག་གི་ཞབས། །སྐུད་བརྒྱ་གླན་གཅིག་གི་འོག །
ལྷོ་འགྲིག་བྱང་འགྲིག། ལག་པ་ལག་འབྲེལ། །
བུད་ན་ཁས་(ལ་ཁ)གཅིག་རྒྱུ། །རྒྱུག་ན་སྲོག་གཅིག་རྒྱུ། །
ཁྱོས་མ་ཟོས་ན། །ངས་མི་འཐུང་རྒྱུ། །
དགའ་ལག་པ་འཇུ་རེས། །དཀར་འོ་མ་མཆོད་རེས། །
བཟང་ལ་བརྩི་རྒྱུ་ཡོད། །ངན་ལ་རྩོད་རྒྱུ་མེད། །
གཅིག་བྱས་ན་ལྤགས་ཀྱིས་མི་ཐུམ། །གཉིས་བྱས་ན་སེམས་ཀྱིས་མི་ལོང་། །
ཡུལ་གྱི་ཁྱིམ་མི་གཅིག་རུང་། །རི་མགོའི་སྲོག་གཅིག །
བཙན་མཐོ་སྡེབ། །གཉན་དཔུང་སྡེབ། །
གཅིག་རྒྱབ་ལ་གཅིག ། རྫ་རྒྱབ་ལ་གངས། །
ཆག་ཐོག་ལ་འཛེར་མ། །འཛེར་ཐོག་ལ་ཚ་ལ། །
མ་ཆག་ཆག་གི་(བརྟན)བརྩན་ནི། །ཆག་ན་སྦ་བའི་བརྩན་ནི། །
མ་མཁོན་ན་མི་འགྲིག །མ་སོང་ན་མི་ཐོན། །
སྡེ་ཕྱེད་ལ་ཁ་ལྟ། །ཚོ་ཕྱེད་ལ་མནའ་ཡ། །
ཁ་རྟ་(བཟང་ས་འམ་གྲོགས་པོ)འགྲོས་བཟང་ཡིན། །མནའ་ཡ་ཤག་རོགས(གྲོགས་པོ)་ཡིན། །
མནའ་ས་གོར་གོར་ཡིན། །ཤག་ས་ལེབ་ལེབ་ཡིན། །
དབུས་ཇོ་བོར་མཇལ་བའི་དབུས་གྲོགས་ཡིན། །ཤྭ་ཡུ་མོ་གསོད་པའི་སྡིག་གྲོགས་ཡིན། །
མྱི་ངོ་ལྷ་ངོ་འཕྲོད། །ལྷ་ངོ་དགུང་དང་མཉམ། །
ཕུག་ནོར་ལ་ཐུན་རེས། ། ཁ་ཟས་ལ་བགོ་རེས།
སྐྱིད་ཡ་ཡིན། སྡུག་རོགས་ཡིན། །
སྡུག་བྱུང་ན་འབོད་ས་ཡིན། །ཟས་ཡོད་ན་བགོ་ས་ཡིན། །
སྨིན་དབུས་པོའི་པོད་ཕྲན་ལས་བཤུས།
|