དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སློབ་གསོ་སྨྲ་བའི་སྡེ། »དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་ངོ་སྤྲོད་མདོར་བསྡུས།
དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/19ལྟ་ཀློག (14480)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །ཁོང་གི་མཛད་རྣམ་མདོར་བསྡུས།

          འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལུང་རིགས་སྨྲ་བའི་ཁྱུ་རྒྱན་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་ནི། མདོ་སྟོད་འདན་མའི་ཡུལ་གྱི་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དང་ཁད་ཉེ་བའི་འདན་ཡུལ་ཀ་ཕུ་བསམ་འགྲུབ་གླིང་དུ་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་དགེ་རྩེ་གཉིས་སྲས་སུ་སྤྱི་ལོ་1968ལོར་སྐུ་འཁྲུངས།  སྐུ་ཆུང་དུས་ནས་སློབ་ཆུང་འགྲིམ་།དགུང་གྲངས་བཅུ་བདུན་ཐོག་གངས་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསོད་ནམས་བསྟན་པའི་དབང་ཕྱུག་མཆོག་སོགས་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་གནོས་ཤིང་མཚན་ལ་འཇམ་དཔལ་བློ་ཤེས་ཞེས་གསོལ།    དགུང་གྲངས་ཉི་ཤུའི་ཐོག་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་གངས་སྤྲུལ་རིན་པོ་ཆེའི་མདུན་ནས་ཚིགས་ཕྱི་མ་བརྙེན་རྫོགས་ཀྱི་སྡོམ་པ་བཞེས།  དེ་དུས་སུ་ཁོང་འདོན་རྟ་དབྱངས་དང་ཆོ་གའི་ཕྱག་ལེན་ལ་ཤིན་ཏུ་མཁས་པ་གྱུར་སྐབས་ཁོང་གི་དགེ་རྒན་མཁན་རིན་པོ་ཆེ་བློ་དགའ་འམ་ཚུལ་ཁྲིམས་བྱམས་པ་མཆོག་ནས་ཁྱོད་ཀྱིས་འདོན་རྟ་དབྱངས་སོགས་ཅི་ལྟར་ཤེས་ཀྱང་ཧ་ལས་རྒྱུ་གང་ཡང་མེད་། གཙོ་བོ་འདི་དག་གི་དོན་ཤེས་དགོས།  དེ་བས་གདན་ས་ཆེན་པོ་ཞིག་ལ་སོང་ནས་མཚན་ཉིད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་ཞེས་ཡང་ཡང་གསུངས་ཤིང་།  གདན་ས་འབྲས་སྤུངས་སུ་འགྲོ་དགོས་པའི་བསླབ་བྱ་གང་མང་གནང་བ་དང་ཁོང་ལའང་ཐོས་བསམ་བྱེད་འདོད་ཀྱི་འདུན་པ་ཤུགས་དྲག་སྐྱེས་ཏེ།  ཁོང་གི་ཆོས་གྲོགས་འཇམ་ཆོས་དང་མཉམ་དུ་དབུས་འགྱུར་ལྷ་ལྡན་ཞིང་གི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ཏེ་དེར་བཞུགས་རྩིས་བྱས་བ་ན་དེ་ན་གླིང་ཁམས་ཚན་དུ་བླ་གྲྭ་ཁ་ཤས་ལས་མེད་ལ་དེ་དག་གིས་ཀྱང་ཁྱོད་འདིར་སྡོད་ས་ཡག་པོ་མེད་པའི་གནས་ཚུལ་གསུངས་ནས་བཞུགས་བདེ་བོ་མ་བྱུང་བའི་ཕྱིར་རང་ཡུལ་དུ་ཕེབས།    ཕ་ཡུལ་དང་ཐག་ཉེ་བའི་དགོན་པ་མཁས་མང་འདུས་པའི་གདན་ས་རྫ་སེར་ཤུལ་དགོན་དུ་ཚོགས་ཞུགས་མཛད་དེ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་མཁན་ཟུར་ཐུབ་བསྟན་དབང་པོ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་ལྟོ་སྐྱ་གོས་ཧྲུལ་ངང་སློབ་གཉེར་དཔྱིས་ཕྱིན་པ་མཛད་ནས་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་བརྩོན་པ་ལ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་བྱུང་།  དགུང་ལོ་ཉེར་བཞིའི་ཐོག་འཕགས་ཕུལ་དུ་ཕེབས་ཏེ་རིང་ནས་སྙིང་དུ་བརྣག་པའི་རེ་འདོད་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བ་ཐམས་ཅད་མཁྱེན་པ་ཞལ་མཇལ་གསུང་ཐོས་དང་།  དེ་ནས་བཟུང་ལོ་ཉི་ཤུའི་རིང་ཟབ་གསང་གསུང་གི་བདུད་རྩི་ངོམས་མེད་དུ་ལོངས་སུ་སྤྱོད་།  མཁས་གྲུབ་བྱེ་བའི་བསྟི་གནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་ལུང་རིགས་དབྱངས་སྙན་སྒྲོག་པའི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཚོགས་ཞུགས་མཛད་ནས་།  བསྟན་འཛིན་བྱེ་བའི་གཙུག་རྒྱན་གཙང་བ་མཁན་ཟུར་བློ་བཟང་ཚེ་རིང་སོགས་ངེས་དོན་སྐྱེས་མཆོག་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བསྡུས་གྲྭ་ནས་དབུ་མའི་བར་མཚན་ཉིད་ཀྱི་གཞུང་ཆེན་ཁག་དང་བྲིས་སུམ་རྟགས་སོགས་ཐུན་མོང་རིག་གནས་སོགས་ལ་ཉིན་མཚན་སྦྲེལ་ནས་སློབ་གཉེར་རྡོ་རུས་ཐུག་པ་མཛད་དེ་སེར་བྱེས་མཁས་སྙན་གྲྭ་ཚང་གི་རིགས་ཆུང་ཨང་དང་པོ་རིགས་ཀྱི་སྔ་རྒོལ་བཞེངས་བ་དང་། ལོ་འཁོར་རྒྱུགས་སྤྲོད་ཕལ་ཆེ་བ་ཨང་དང་པོའི་དང་པོ་བཞེས་བ་སོགས་སྤྱི་བཏང་མ་ཡིན་པའི་སློབ་གཉེར་གྱི་གྲུབ་འབྲས་ཐོབ།  སྤྱི་ལོ་༢༠༠༡ལོར་སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ཐུགས་རེ་ལྟར་ཕྱིར་བོད་ཡུལ་དུ་ཕེབས་ཤིང་། སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་མཛད་དེ་གདན་ས་ཆེན་པོའི་འཆད་ཉན་མཛད་ཚུལ་དང་རྩོད་རིགས་སྤེལ་ཚུལ་སོགས་དཔེ་ཁྲིད་དང་བསླབ་སྟོན་གནང་ནས་མངོན་གསལ་གྱིས་སློབ་གཉེར་ཡར་རྒྱས་སུ་ཕྱིན་པ་སོགས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས།   དགུང་ལོ་སོ་ལྔའི་ཐོག་སློབ་གཉེར་མཐར་སོན་ཡོང་ཆེད་སླར་འཕགས་ཡུལ་གདན་ས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕྱིར་ཕེབས་ཏེ། སློབ་གཉེར་མཐར་ཕྱིན་པ་མཛད། དགུང་ལོ་སོ་བདུན་ཐོག་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོར་ཞུགས་ནས་དགེ་བཤེས་ལྷ་རམས་པ་གཏོང་བའི་སྔོན་འགྲོའི་མཛད་པ་མཛད་དེ་།      གདན་ས་གསུམ་གྱི་བློ་གསལ་མཁས་མང་འདུས་པའི་དབུས་ནས་གཞུང་ལུགས་སྨྲ་བའི་བཀའ་རམས་པའི་རྒྱུགས་འབྲས་ཨང་དང་པོའི་དང་བོ་དང་།   གཞུང་ལུགས་རབ་འབྱམས་སྨྲ་བའི་སློབ་དཔོན་གྱི་རྒྱུགས་འབྲས་ཨང་དང་པོའི་དང་པོ་དང་།གཞུང་ལུགས་སྨྲ་བའི་དབང་ཕྱུག་ལྷ་རམས་པའི་ཨང་དང་པོའི་གཉིས་བའི་མཚན་གནས་བཞེས་ཏེ་གདན་ས་ཁག་དང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་སྙན་གྲགས་འབྲུག་ལྟར་ལྡིར་བ་བྱུང་།དེ་ལྟར་མདོ་ཕྱོགས་བཀའ་པོད་ལྔའི་སློབ་གཉེར་ལེགས་པར་འགྲུབ་བ་ན།    དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་ཆོས་ཐོག་འགྲིམ་བཞིན་སྔགས་ལ་སློབ་གཉེར་ཡང་དག་པ་མཛད་ནས་མཐར་སྔགས་རམས་ཨང་དང་པོའི་དང་པོའི་མཚན་གནས་བཞེས།   དེ་ནས་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཡང་ཡང་གདན་འདྲེན་བྱས་བ་ལྟར་རང་ཡུལ་བོད་དུ་ཕེབས་ནས་དེང་གི་ཆར་སློབ་གླིང་གི་དགེ་རྒན་ཆེན་མོའི་ཕྱག་ལས་གནང་བཞིན་ཡོད་ལ།  སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ཐུགས་ཀྱི་དགོང་བཞེད་ལྟར་སློབ་གཉེར་བ་དགེ་འདུན་སྟོང་ཕྲག་ལྷག་ལ་དུས་རྒྱུན་དཔེ་ཁྲིད་དང་།བསླབ་བྱ་སློབ་སྟོན་།  སློབ་གླིང་སྒྲིག་འཛུགས་སོགས་གང་ཅིའི་ཐད་བཀའ་དྲན་སྐྱོངས་བཞིན་ཡོད་། ལྷག་པར་དུ་ཁོང་གི་ཐུན་མོངས་མ་ཡིན་པའི་དཔེ་ཁྲིད་གནང་སྟངས་དང་དེའི་ཁྲོད་ཀྱི་ཡང་དག་པའི་བསླབ་བྱ་རེ་རེས་སློབ་མ་ཚོར་ཕན་ཐོགས་ཆེན་པོ་བྱུང་ཞིང་སློབ་མ་ཚོས་སློབ་གཉེར་བྱེད་ཕྱོགས་དང་བསམ་བློའི་འཛིན་སྟངས་སོགས་ལ་སྔར་ལས་ལྷག་པའི་ཡར་རྒྱས་ཆེན་པོ་བྱུང་ཞེས་ཀུན་གྱིས་གླེང་།    ཁོང་གི་གཞུང་ཆེན་དཔེ་ཁྲིད་སྒྲ་འཇུག་ཉར་ཚགས་བྱས་བ་ཆ་ཚང་བ་ཆུ་ཚོད་ལྔ་བརྒྱ་ལྔ་བཅུ་ལྷག་ཡོད་པ་རྣམས་བོད་གངས་ཅན་གྱི་ཆོས་བརྒྱུད་ཡོངས་ཀྱི་བཤད་གྲྭ་དང་རྩོད་གྲྭའི་སློབ་གཉེར་བ་ཞིག་ཡིན་ཕྱིན་གསན་མ་མྱོང་བ་མེད་པ་ལྟ་བུ་རེད་།  དེར་མ་ཟད་མདོ་སྟོད་སྨད་ཀྱི་བོད་ཁམས་ས་ཆ་གང་མང་ཞིག་དུ་རིག་གཞུང་དང་བསམ་བློའི་བགྲོ་གླེང་།  དགོན་པ་དང་ཡུལ་སྡེ་མང་པོས་གདན་འདྲེན་ཞུས་བ་བརྒྱུད་སྤྱི་ཚོགས་བསླབ་བྱ་དང་ནང་ཆོས་ངོ་སྤྲོད་སོགས་གང་མང་གནང་།  གཞན་ཡང་དཔེ་ཁྲིད་ཀྱི་བྲེལ་འཚུབ་བར་ནས་མདོ་ཁམས་འཇང་དགུན་ཆོས་དང་གངས་ལྗོངས་མཁས་པའི་ལྷན་ཚོགས་གཉིས་ཀྱི་ཚོགས་གཙོའི་འགན་བཞེས་བཞིན་བོད་ཀྱི་མཁས་པ་མང་བོ་ཞིག་དང་མཉམ་དུ་དགོན་སྡེའི་སློབ་དེབ་རྩོམ་སྒྲིག་བྱེད་བཞིན་པ་བཅས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་རླབས་ཆེན་བྱ་བས་དུས་འདའ་བཞིན་བཞུགས་པ་ལགས་སོ། །
                               ཞག་སྒྲོན་པར་མཛོད་ཁང་གིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 14 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/2/26
དགེ་བའི་བཤེས་གཉེན་ཆེན་པོ་ཁོང་གི་རྣམ་ཐར་ལ་ཡི་རངས་བྱེད་བཞིན་སྐུ་ཚེ་ལ་བར་ཆད་མེད་པ་དང་ཅི་མཛད་ཆོས་སུ་འགྲོ་བར་སྨོན། མགར་ཐར་དཔལ་ལྡན་འཕྲིན་ལས་ཀྱིས་ཕུལ།
 སྤེལ་མཁན:  སྤེལ་དུས:2014/2/26
སེར་ཤུལ་རིག་བླུན་ནི་རིག་བླུན་རང་ཡིན་པས་བླུན་པོས་སྐྱོན་མ་གཏོགས་ཡོན་ཏན་མི་མཐོང་མོད། ད་དུང་ཚིག་སྦྱོར་རྡོ་ཆག་བཙན་སྒྲིག་གི་རྣམ་པ་བསྟན་པའི་ཡིག་ནོར་རྫོགས་མེད་ཅིག་བྲི་མཁན་དེ་ལ་དྲ་གྲོགས་རྣམས་ཀྱིས་གཟིགས་དང་། སྙིང་མི་རྗེའམ། སྐྱེ་བ་མང་པོར་བློ་གྲོས་ངན་པ་གོམས་པའི་སྐྱེ་བོ་དག་གིས་སྐྱོན་གྱི་རྣམ་པ་ལས་ཡོན་ཏན་ཅུང་ཟད་ཀྱང་མི་མཐོང་བའི་མཐུན་དཔེར་དགེ་སློང་ལེགས་པའི་སྐར་མ་སོགས་བྱུང་མྱོང་ལ་དེའི་རྗེས་སུ་འབྲང་བ་འདི་ཚོ་ཡང་ངག་ལྡབ་ལྡིབ་དང་བྱིན་པ་སིག་སིག་འདར་བཞིན་དགེ་བའི་བཤེས་གཉེན་ཆེན་པོ་ཁོང་ལ་སྐྱོན་བརྗོད་བྱེད་པ་ནི་ཁུངས་མེད་སྐྱག་རྫུན་རྐྱང་རྐྱང་རེད། སེར་ཤུལ་དགོན་པའི་དགོན་བདག་བླ་མ་དང་ལས་སྣེ་རྣམ་པའི་མིག་དང་རྣ་བ་ཕྱི་ལ་དོད་པ་ལས་ནང་དུ་སྐུང་ཡོད་མཁན་ཞིག་མེད་ལ་སྒྲིག་ལམ་དང་ཀུན་སྤྱོད་བཟང་ཕྱོགས་སུ་བསྒྱུར་བར་བླ་མ་ལས་སྣེ་ཡོངས་ཀྱིས་མོས་མཐུན་ཡོད་མེད་ལ་བལྟས་པ་མ་གཏོགས་ཁོང་གིས་སྒེར་གཅོད་བྱས་པ་གཏན་ནས་མེད། ད་དུང་ཚབས་ཆེན་ཞིག་ལ་སྡོམ་པ་གས་ཆག་ཏུ་འགྲོ་རབས་དང་དེ་འཕགས་ཡུལ་སེར་བྱེས་བྱ་བྲལ་ཁང་ཚན་གྱི་སེར་ཤུལ་བ་རྣམས་ཀྱིས་ཤེས་རབས། ཕྲུ་གུ་ཡོད་རབས་སོགས་མང་པོ་ཞིག་བཤད་འདུག འདི་སེར་ཤུལ་དགོན་པའི་བླ་ལས་རྣམས་ཀྱིས་ཐོས་མ་མྱོང་ཞིང་མཐོང་ཐོས་དོགས་གསུམ་གྱི་ཡུལ་དུ་གྱུར་པ་རྣམས་དགོན་པ་འདིར་བཞུགས་མི་ཆོག་པའི་སྒྲིག་ལམ་ཡོད་ལ་དེ་ཚུལ་བཞིན་དུ་ལག་ལེན་ཡང་བསྟར་བཞིན་ཡོད། སྤྱིར་རྒྱུ་མཚན་དང་གནས་ལུགས་ཡོད་པའི་སྐད་ཆ་རྣམས་ལ་སྨྲ་བརྗོད་རང་དབང་ཡོད་ཀྱང་གཞི་མེད་སྐུར་འདེབས་ཀྱི་སྨྲ་བརྗོད་ལ་རང་དབང་མེད་པར་རྒྱལ་སྤྱིའི་ཁྲིམས་དང་ས་གནས་སོ་སོའི་ལུགས་སྲོལ་ཡིན་པ་ཤེས་པར་གྱིས། ནུར་ནུར་ལྕེ་ལ་བདག་པོ་མ་བརྒྱབ་ན། རིལ་རིལ་མགོ་ལ་ཉེས་རྡུང་ཡོང་ཞེས་པའི་སྲིད་པ་རྒན་པོའི་ངག་ལ་ཡང་སེམས་པར་མཛོད། འདི་བྲི་མཁན་བདག་ཀྱང་སེར་ཤུལ་གྱི་ཡིན་པས་ང་ཚོའི་ས་ན་འདི་འདྲའི་སྐད་ཆ་གོ་མྱོང་མེད། འདི་སེར་ཤུལ་བ་ཞིག་ལ་ཁ་གཡར་ནས་སེར་ཤུལ་ལ་ཅུང་ཙམ་རྒྱུས་ཡོད་པ་ཞིག་གིས་དགེ་བཤེས་ཁོང་གི་མཛད་འཕྲིན་རྒྱས་དྲག་པར་མ་དགའ་ནས་བྲིས་པ་ཞིག་ཡིན་ཐག་ཆོད། ད་དུང་འདིས་བསྟན་འཛིན་ཁོང་ལ་བསྟན་བཤིགས་དང་། བསྟན་བཤིགས་ཚོ་ལ་བསྟན་འཛིན་གྱི་མིང་སྦྱར་ལུགས་ལ་བལྟས་ན་མགོ་མཇུག་མེད་པའི་མི་སྟེ་སྤྱི་ཚོགས་ཀྱི་གད་སྙིགས་ཤིག་ཡིན་པ་ལས་དཔེ་ཆ་སློབ་གཉེར་དང་། ཁྲིམས་སྒྲིག་ལམ་སྲུང་རྒྱུར་དགའ་མཁན་ཞིག་མིན་པར་ཁ་ཚོན་གཅོད་ནུས་སོ ། །སེར་ཤུལ་དགོན་པ་ལ་མཚོན་ན་ཁོང་ཕེབས་པའི་དུས་ཡུན་ཐུང་ཐུང་འདིའི་ནང་སློབ་གཉེར་བ་གྲྭ་གྲངས་ལྔ་བརྒྱ་ལྷག་འཕར་སྣོན་བྱུང་བ་དང་། སློབ་གཉེར་སྒྲིག་འཛུགས་ཀྱི་རྣམ་པ་སྔར་ལས་མཐུས་སྒོ་ཇེ་ཚང་དུ་སོང་ཡོད་པའི་ཚུལ་འདི་ལ་ཕྱོགས་ཡར་མར་ནས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བ་ལས། ངན་སྨོད་སྐྱོན་བརྗོད་ཀྱི་ཁ་ཆུ་འཛགས་མཁན་འདི་ལས་གཞན་པ་ཞིག་ཡོང་མ་མྱོང་མོད་འདི་ལ་སུ་ཞིག་གིས་ཁྲལ་དེད་ཡིན་ནམ། སེར་ཤུལ་རིག་བླུན་ཟེར་བ་དེས་ཉོན་ཅིག རང་གི་ཁ་བདག་ཡག་པོ་བརྒྱབ་ནས་སྡོད་དང་འགྲིག དྲན་ཤེས་བསྟེན་ལ་ཕུང་དཀྲུག་གི་སྐད་ཆ་མ་བཤད། བརྡ་འཕྲིན་དུས་རབས་འདི་ལ་དྲ་ངོས་སུ་རྩོམ་སྤེལ་ཆོག་ཆོག་ཡོད་ཀྱང་སྤེལ་མཁན་སུ་ཡིན་རྩད་གཅོད་ཆོག་ཆོག་ཡོད་ནི་རེད། མི་དང་མི་གདོང་ནས་བདེན་རྫུན་གྱི་ཤན་འབྱེད་པའི་ང་ཚོ་ཁམས་པའི་ལུགས་སྲོལ་ཅི་འདྲ་ཡོད་བསམ་བློ་ཞིབ་ཏུ་ཐོངས། མཇུག་མཐར་དྲ་ངོས་འདིའི་གཙོ་སྒྲིག་པ་དང་རྩོམ་སྒྲིག་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ཆེ་ཞེས་ཞུ་བ་ལགས།
 སྤེལ་མཁན:  སྤེལ་དུས:2014/2/22
ངོ་མ་ཡིན་ནམ། སེར་ཤུལ་དགོན་པས་ལྟ་དགོས་པ་ཞིག་རེད།
 སྤེལ་མཁན:  སྤེལ་དུས:2014/2/7
ཐར་དྲགས་པའི་ངོ་སྤྲོད་འདི་ལ་སྙིང་ནས་ངོ་རྒོལ་ཡོད། རྒྱུ་མཚན་གང་ཕྱོགས་ནས་བཤད་པ་ཡིན་ཞེ་ན། རྫ་སེར་ཤུལ་དགོན་པའི་བཤད་སྒྲུབ་ཀྱི་འཆད་ཉིད་ནི། བོད་མདོ་དབུས་ཁམས་གསུམ་དུ་སྙན་ལྷིང་ལྷིང་དུ་གྲགས་ཡོད་པ་སྨྲོས་མེད་ཅིག་རེད། སྡོམ་ཁྲིམས་ལ་གས་ཆག་ཤོར་ཡོད་པ་དང་གཞན་སྡེ་རང་ཡུལ་གང་ནས་ཀྱང་། ངན་སྨོད་སྐྱོན་བརྗོད་ཀྱི་དྲོ་ཁ་མང་པོ་ཡོད་པའི་དགེ་བཤེས་འདིས། སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མའི་བློ་སྦྱོང་དང་ཀུན་སྤྱོད། རིག་གཞུང་ཡར་བསྐྱེད་སོགས་ལ་གས་ཆག་ཆེན་པོ་བཟོས་ཡོད། རྒྱུ་མཚན་ཅི་ལྟར་འགྲེལ་རྒྱུ་ཅེ་ན། དེ་ཡོད་དེ། བསྟན་དགྲ་འདི་མ་ཐོན་པའི་སྔོན་དུ་སེར་ཤུལ་མཐོ་སློབ་ཀྱི་གྲྭ་བའི་བསམ་བློའི་ཁ་ཕྱོགས་དང་སློབ་སྦྱོང་ནི་ཤིན་ཏུ་ལེགས་པོ་ཡོད། དེའི་ཕྱིས་བསམ་བློ་བགྲོ་གླེང་དང་ཚོགས་འགྲོ་བྱོན་བཞུགས་ཀྱི་སྒྲིག་ལམ་གསར་བསྒྱུར་བྱས་པས། འཛིན་གྲྭ་གོང་འོག་ཚང་མའི་སློབ་སློབ་སྦྱོང་ལ་གནོད་ཤུགས་ཚབ་ཆེན་ཐེབས་ཡོད། (1) དཔེ་ཀློག་ལ་ཁ་གཡར་ནས་ཚོགས་སྒོ་ཇེ་ཉུང་དུ་བཏང་། དེས་གྲྭ་བ་རྒན་གཞོན་ཚང་མའི་དོན་གཉེར་གྱི་བློ་ལ་བར་ཆད་ཆེན་པོ་བསྐྲུན་ཡོད་པ་ཡིན། དེ་ནི་སྒྲོ་འདོགས་དང་སྐུལ་འདེབས་གང་ཡང་མིན། ད་ལྟའི་སེར་ཤུལ་དགོན་གྱི་གྲྭ་བ་ཡོངས་རྫོགས་ལ་གསལ་བོ་ཡོད་པ་རེད། གྲྭ་རྒྱུན་དང་གཞུག་གྲྭ་གང་ཡིན་ཡང་རྒན་པ་ཚོས་དཔེ་ཆ་ལྟ་རྒྱུ་ཤར་ལ་གཡུག་ནས་ལ་ལ་བརྙན་འཕྲིན་ལ་གཡེང་། ལ་ལ་གྲོང་ཆོག་ཏུ་རྒྱུག གཞོན་པ་ཚོ་ནི་མང་པོ་ཞིག་ལྒང་ལི་རྒྱག་ཏུ་སོང་། མང་པོ་ཞིག་རྫོང་ཐོག་གི་ཇ་ཁང་དང་དྲྭ་ཁང་དུ་ཉུལ། ད་དུང་ཁ་ཤས་ཤིག་རྡོག་ཆབ་ཟེར་བའི་རྐང་རྩེད་ཅིག་རྩེ་རུ་ཉིན་རྒྱུན་དུ་འགྲོ་ཁི་འདུག འདི་ཐམས་ཅད་བདེན་རྐྱང་ཡིན། ཡིད་མི་ཆེས་ན་དྲ་ལམ་དང་འཕྲིན་ལམ་ནས་བཅར་འདྲི་རེ་བྱོས་དང་སེར་ཤུལ་ནང་བསྟན་ཚང་ནི་ལོ་ངོ་གཉིས་ཀྱི་རིང་ལ་ངོ་བོ་འགྱུར་ཟིན་པའི་སྟོན་ཁའི་སྡོང་ལོ་ཞིག་དང་གཏན་དུ་མཚུངས། འདི་ཚང་མ་སུས་བཟོས་པ་རེད། འཇམ་དཔལ་གྱི་བློ་མི་ཤེས་པ་དེས་བཟོས་ནི་རེད། ད་མང་དྲགས་སོང་བས་གཞན་མི་འབྲི། འབྲི་ན་ཚར་རྒྱུ་མེད། རྣམ་པ་ལྷན་རྒྱས་ཁྱེད་ཅག་གིས་སེར་ཤུལ་བའི་གྲྭ་བ་རྒན་པ་དག་ལ་སྐད་ཆ་དལ་མོ་ཞིག་བྱོས་དང་གོ་རྒྱུ་ཞིག་ཡོད། འཇམ་དཔལ་གྱི་བློ་མི་ཤེས་པ་འདི་ལུག་ལྤགས་གྱོན་པའི་སྤྱང་རྒན་ཞིག་ཡིན། (2)གོ་ཁུངས་ཡོད་པའི་སྐད་ཆ་ཐུང་ངུ་ཞིག་བཤད་ན། སེར་ཤུལ་མཁན་ཐོས་བསམ་གྱི་ནུ་མོ་བལ་ཡུལ་ན་ཡོད་པ་དེ་དང་ལྷན་དུ་ཟླ་གསུམ་གྱི་རིང་ལ་ཁྱིམ་གཅིག་བྱས་ནས་བསྡད་ཡོད་པ་དང་། དེའི་ལོ་མཁན་ཐོས་བསམ་གྱི་སྲིང་མོ་ལ་མངལ་སྒྲིམ་ནས་བྱིས་པ་ཞིག་བཙེས་ཡོད་པ་སོགས་བཤད་སྲོལ་ཙམ་མ་ཡིན་པར། མི་གསོན་པོ་ད་ལྟ་ཨོ་སི་ཊི་ལིས་ཡ་རུ་བཞུགས་ཡོད་པའི་སེར་ཤུལ་ཐུབ་རྡོ་ལགས་ཀྱིས། སེར་བྱེས་བྱ་བྲལ་ཁང་ཚོམ་ནས་ཁོ་བོའི་ངོ་གདོང་ལ་བལྟས་ཏེ་ཚིག་འཛིང་བྱེད་སྐབས། ཁོ་བོ་ལ་གང་ཡང་བཤད་རྒྱུ་མེད་ཚོད་ཀྱི་སྐད་ཆ་ནི། ད་དུང་གདན་ས་རུ་བཞུགས་པའི་སེར་ཤུལ་གྱི་གྲྭ་རྒྱུན་རྒན་པ་དག་ལ་གསལ་བོ་ཡོད་ཚོད་འདུག སེར་ཤུལ་བ་རིག་བླུན་ནས།
  པར་ངོས་ཐོག་མ།  གོང་མ།  པར་ངོས 2/2 པར་ཡོད།
ལྟ་ཀློག་གྲངས་ཀ
41363286
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1