རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་བདུན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་བདུན་པ།
རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་བདུན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/3/22ལྟ་ཀློག (2406)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈ གཟའ་ཉི་མའི་སྣང་བ།


(དྷཱིཿཚ) རྨོག་སངས་རྒྱས་རྒྱ་མཚོ།


སྣང་བརྙན་དང་པོ།
       གཟའ་ཉི་མ།  ཧ་ཅང་བྲེལ་འཚུབ་ཀྱིས་ངང་ནས་སྒུག་ཅིང་།  རང་ཉིད་ཀྱི་སྐྱིད་སྡུག་གི་འབྱུང་ཁུངས་ཤིག  ཧ་ཅང་ཆུང་དུས་དེར།  ཁྱེད་དྲན་དུས་སེམས་ཀྱི་གཤོག་ཟུང་གི་རྟ་ཕོ་དེ་ཧ་ཅང་རྒོད།   དུས་དེ་རིང་ཡང་སྔར་ལས་ལྷག་པའི་ཚོར་བ་རྒོད་པོ་ཞིག་ཐོན།  དེ་ནི་ངས་ཁྱེད་ལ་བཟུང་བའི་ལྟ་ཚུལ་ཡིན་པར་མ་ཟད།   ཁྱོད་ལ་ཕུལ་བའི་ཆེས་མཐོ་བའི་སྐར་གྲངས་ཡིན། དགུན་དུས་ཀྱི་ཁྱོད།  དབྱར།  སྟོན།   དཔྱིད།  དུས་ཚིགས་བཞི་གར་ངས་བསྟུན་མར་ཁྱོད་དྲན། 
       དེ་རིང་།  གནམ་གཤིས་དྭངས་ཤིང་སྤྲིན་དཀར་གྱི་འདབ་མ་གཡོ།   ཡར་འཕུར་མར་འཕུར་གྱི་སྐྱ་ཀ་འགས་ཆེས་སྔ་བའི་དེ་རིང་གི་བདག་གི་ལྷིང་འཇགས་དཀྲོགས།  མཁའ་ནས་བསྐྱོད་པས་བསིལ་རླུང་འཇམ་པོ་དེས་ཀྱང་མཐོ་རུ་བཏེགས་པའི་འདུ་ཁང་གི་དྲིལ་ཆུང་དེ་ག་སིལ་སིལ་དུ་འགུལ་གྱིན་འགུལ་གྱིན་གདའ།   ཡུན་གྱིས་ཉི་ཟེར་གྱི་ཐིགས་པ་བདག་གི་སྟེང་དུ་འཕྲོས།  དུས་དེ་ནས་ངས་ཀྱང་མདང་གི་རྨི་ལམ་ཐེངས་གཅིག་ལ་དྲན་གསོ་བྱས་ནས་གཉིད་ཀྱི་གདེངས་ཀ་ནས་དེ་རིང་གི་བདག་ཟེར་བ་ཅིག་ཡུལ་ལ་སྣང་བར་བྱུང་།    དེ་ནས་རིམ་བཞིན་དུ་མལ་ལས་ལངས།   དགུང་གི་ནམ་མཁའ་དྭངས་ཤིང་།    དུས་ཚིགས་ཀྱི་གྲང་ངར་རྒོད་པའི་གཤོག་ཟུང་གི་རླུང་ཤུགས་ཀྱི་ཆེ་བ།    སྒོ་ཁར་བུད་ན་ཧ་ཅང་འཁྱག་སོབ་སོབ་ཀྱི་སྣང་བ་དེ་ཅིག་ཅར་དུ་བྱིན།    ངས་ཀྱང་མྱུར་མྱུར་གྱིས་སྒོ་ཁར་སོང་མ་ཐག་རང་ཤག་གི་ནང་རོལ་དུ་འབར་བཞིན་པའི་དྲོད་ལེམ་ལེམ་མེ་འོད་ཀྱི་ཚོར་བ་དང་སེམས་ཀྱིས་བཞེངས་པའི་སྙན་ངག་གི་ལྷ་མོའི་ སྣང་བརྙན་དག་གློ་བུར་དུ་དྲན་བྱུང་།    དེ་དག་གི་རྐྱེན་གྱིས།     ཕྱི་རོལ་གྱི་ཚོར་བ་ལ་ཧ་ཅང་སུན་སྣང་གི་ཚོར་བ་ཅིག་བསྩལ།
       དུས་དེ་རིང་གི་གཟའ་ཉི་མ།     དྲི་བསུང་འཇམ་པོ་ཞིག་གི་དྲི་ངལ་འཁྱིལ་ཞིང་།    ལྷོག་ལྷོག་ཏུ་འཕྱུར་བཞིན་པ་ལྟ་བུའི་མཁའ་དབྱིངས་ཀྱི་སྤྲིན་པ་རླུང་གིས་དེད་དེ།    གླིང་དཀྱིལ་ན་རི་རྒྱུད་ལྟར་བརྗིད་ཅིང་རྔམ་པའི་འདུ་ཁང་གི་ཁྲ་ལམ་ལམ་གྱི་གསེར་ཏོག་གི་འོད་ཟེར་གྱི་ཐིགས་པ་བདག་གི་ཁང་ཆུང་ནང་དུ་འཕྲོས།  ད་དུང་ཕར་འགྲོ་ཚུར་འོང་གི་གྲྭ་པ་འགས་ལག་ལ་བཟུང་བའི་ཤིང་ཕྲེང་གིས་གྲངས་ཀ་བཟུང་ཞིང་ལྷིང་འཇགས་ཀྱི་མ་ཎི་བཟློ།   ལྷ་ལམ་ངོས་སུ་བསྐྱོད་པའི་བྱ་དང་བྱེའུ་ཁྱུ་དང་ཁྱུ་བྱས་ནས་ཕར་ལ་འཕུར་ཞིང་ཚུར་ལ་འཕུར་ནས་སེམས་ཁམས་ཀྱི་སྣང་བརྙན་ཡག་ཤོས་ཤིག་སྦྱིན། ཧ་ཅང་དབེན་འཇེབས་ཀྱི་རང་ཉིད་ཀྱི་གཟའ་ཉི་མ་ལ་དྭངས་གཙང་གི་མཆོད་ཆང་གང་གིས།    སྙན་ངག་གི་ལྷ་མོར་སྙན་ངག་སྩོལ་བའི་ཐབས་སུ་དྲངས། 
སྣང་བརྙན་གཉིས་པ།
       དུས་དེ་ནས་བཟུང་།  ངས་ཀྱང་སྙན་ངག་གི་ལྷ་མོར་ཆེས་ཞིམ་པའི་བདུད་རྩིའི་མཆོད་ཕྲེང་འབུལ།    གཏམ་རྒྱུད་དང་དངོས་བྱུང་གི་ལོ་རྒྱུས་ལ་སུས་ཀྱང་འགོག་ཐུབ་བྲལ་བས།  གནའ་སྔ་མོ་ནས་སྙན་ངག་གི་ལྷ་མོ་ཟེར་བའི་སྒྲ་འདི་འཐོས་མྱོང་།   དེར་མ་ཟད།   དབྱངས་ཀྱི་དངོས་གྲུབ་སྩལ་བའི་གཏམ་རྒྱུད་དངོས་ཀྱང་ཐོས་མྱོང་།    དེ་ལས་ལྷག་པར་དུ་ང་ནི་ནང་བ་སངས་རྒྱས་པ་ཁས་ལེན་པའི་གང་ཟག་ཅིག་ཡིན་ཕྱིར།   སངས་རྒྱས་ནི་གཞི་གང་ཞིག་ནས་རང་ཉིད་སྐྱོབས་ཐུབ་པས་སྐྱབས་དང་མགོན་དུ་བཟུང་ཡོད། 
       གཟའ་ཉི་མ།   སླར་ཡང་།    དུས་ཚོད་དང་ཚོར་བ་བདེ་བ་ཅིག་གི་མགོ་བརྩམས་པའི་དུས་ཤིག   ཁྱོད་ནི་འཇིག་རྟེན་གྱི་སྣང་བ་བསྐྱོད་པའི་དུས་ཤིག་ཡིན་ཡང་།    ང་རང་ལོ་ཆུང་དུས་ནས་ད་བར་དུ་ཁྱེད་ལ་བཟུང་བའི་ལྟ་ཚུལ་ཧ་ཅང་མཐོ།   རྒྱུ་མཚན།    གཟའ་ཉི་མར་རང་ཉིད་ཀྱི་དུས་ཚོད་ཅིག་ཆེད་དུ་སྒྲིག་བཟོ་བྱས་ནས་རང་ཉིད་ཀྱི་ཆེས་དད་པའི་སྐྱབས་དང་མགོན་གྱི་ཚོགས་ལ་ལྷོད་ལྷོད་ཀྱིས་སྐྱབས་འཇུག་བྱས་ཆོག   དེ་ནི་མུན་པར་བཏེགས་པའི་འོད་ཅིག་རེད་ཅེས་བཤད་ནའང་ཆོག    གཙོ་བོ་རང་ཉིད་ཤིན་ཏུ་དགའ་བའི་རྐྱེན་ཡིན་ནའང་ཆོག  གང་ལྟར་ཀྱང་།    ངས་ཁྱེད་ལ་བཟུང་བའི་བསམ་པ་ཤིན་ཏུ་དཀར།
               ༢༠༡༤/༡༢/༣༡/ཉིན།

༈ “སྐད་འཕྲིན”གྱི་ནག་ཉེས།
                
 __རྨོག་སངས་རྒྱས་རྒྱ་མཚོ།
 
  སྐད་འཕྲིན་གྱིས་ང་ལ་བཟོས་པའི་ནག་ཉེས་ནི་ཆེས་བརྗེད་ཐབས་བྲལ་བའི་དྲན་ཤིང་ལྕི་མོ་ཞིག་ཡིན།   ནག་ཉེས་དེ་བསམ་ཐེངས་རེར།    ངས་སྔར་བཞིན་སྐད་འཕྲིན་དང་ངའི་བར་ཐག་གི་སྐུད་པ་དམ་སེ་གཅོད་མ་ཐུབ།  འདི་ནི་ཕལ་མོ་ཆེར་ང་རང་བྱ་བ་རྨོངས་ཙམ་པ་ཞིག་ལ་ཤིན་ཏུ་དགའ་བས་རྐྱེན་ཡིན་ སྲིད། ངས་རྒྱུན་དུ་རང་གི་གཉའ་ལ་སྐད་འཕྲིན་གྱི་རྐང་བ་འཇོག་ཏུ་བཅུགས།   དེ་ནི་ཕར་ཞོག" ཆེས་འཛོམས་དཀའ་བའི་དུས་ཚོད་ལའང་རང་གི་གཉའ་ལ་སྐད་འཕྲིན་གྱི་རྐང་བ་བཞག
        འདི་ཙམ་གྱིས་ཀྱང་ང་སྐད་འཕྲིན་གྱི་གཡོ་འོག་ཏུ་ཚུད་འདུག་པ་ཚོར་རོ། །
        སྐད་འཕྲིན་ཟེར་བ་འདི་ཡང་རྣམ་སྨིན་ཅི་བཞིན།  ས་ལ་མི་སྨིན།   རྡོ་ལ་མི་སྨིན།   ཟིན་པའི་ཕུང་བོར་སྨིན་པ་འདྲ།    འདི་ལས་ཀྱང་སྐད་འཕྲིན་ལས་ཐོན་པའི་ནག་ཉེས་དེ་ལྕི་བ་ཧ་ཅང་ཚོར།    དུས་རབས་འདི་ལ་ཀུན་གྱིས་བཀོད་སྤྱོད་དུ་གྱུར་བའི་ཆེས་མཐོ་ཤོས་ཀྱི་མ་ལག་ཡང་སྐད་འཕྲིན་ཡིན་འདུག   ཀུན་ནི་འདི་ལ་དགའ་ཞིང་།    ཀུན་གྱིས་འདི་ཉིད་གླེང་།    སྐད་འཕྲིན་ལ་སེམས་པ་ཤོར་བ་ནི་ནག་ཉེས་ལ་སེམས་པ་ཤོར་བ་དང་མཚུངས་སོ།།
       སྐད་འཕྲིན་ལག་ཏུ་ཤོར་ནས་བཟུང་།   ངས་རང་ཉིད་ཀྱིས་མཚོན་པའི་བྱ་བ་ག་གེ་མོ་ཞིག་ལ་ནག་ཐིག་ཕབ་མྱོང་།   དེར་མ་ཟད།   བརྩེ་མདང་ཟབ་པའི་གྲོགས་པོ་དང་ཉེ་འབྲེལ་མང་པོ་ཞིག་ལས་ཐོན་པའི་རྣམ་འགྱུར་མི་ལེགས་པ་སྟོན་མྱོང་།    ད་དུང་མང་པོ་མང་པོ་ཞིག     རེ་ཞིག་མ་གླེང་གསལ་བོར་ཤེས་ཐུབ་བོ།།

            ༢༠༡༥/༠༢/༢༥/རྨོག་རུ།

 ༈ བདག་འཛིན།


འཁོར་བའི་སྒྱུ་མ་སེམས་ལ་སྣང་དུས་བདག་འཛིན་ཞེན་ཡུལ་གཏན་ནས་མ་ཆོད།།
སྒེག་མཛེས་སྐྱེ་མཆེད་ཟུང་གིས་བཀུག་དུས་སྣང་བའི་བྲོ་གར་ཇེ་མཛེས་ཇེ་མཛེས།།
ཕུང་བོ་བཏེགས་པའི་དབྱངས་ཀྱི་རང་སྒྲ་གཡས་འཁྱིལ་གཡོན་འཁྱིལ་རྣ་གཟན་པ།།
སྲིད་པའི་ཞེན་ཆགས་འདམ་མ་ལྷུག་པོ་སྙིང་གི་དབུས་སུ་ཡང་ཡང་གྲོལ་བྱུང་།།

བརྩེ་སེམས་སྐར་མ་ཁྲ་ཁྲ་མང་པོས་བདག་འཛིན་ཧམ་བག་ཇེ་མཐོར་བཏང་བ།།
ལག་པའི་ཕྱི་ནང་དྲོད་ཀྱིས་འཛིན་པའི་དྲན་ཤིང་མང་པོ་བློ་ལ་བབ་པ།།
ཁྲེལ་ཡོད་ཁྲེལ་མེད་ཆ་སྙོམས་ཤིག་གིས་བསླུ་བྲིད་མང་བོའི་ཐེ་ཚོམ་དྲངས་ཏེ།།
སྒྱུ་མའི་འཁོར་བའི་ཚང་དུ་ཉུལ་ནས་ལོ་ཟླའི་བདག་འཛིན་སྙིང་ཁར་བབས་བྱུང་།།

སྨིན་ལེགས་རི་མོའི་མཛེས་དཔྱད་བཏང་ན་མཛེས་དཔྱད་དེ་ལ་བདག་འཛིན་བྱས་པ།།
ཉམས་ཞིབ་ཚིག་གིས་ཆེ་བ་བརྗོད་ན་བདག་འཛིན་འཁོར་ལོ་དེ་བས་འཁོར་བ།།
བདག་འཛིན་གཅོད་པའི་གྲུ་ཁ་བརྡར་ཡང་གྲུ་ཁའི་སོ་ཁ་དམན་པས་མ་ཆོད།།
སྙིང་གི་བདག་འཛིན་གང་ཡིན་ཞེ་ན་འདི་ཡིན་ཞེས་ནས་བརྗོད་རྒྱུ་མི་འདུག།

བདག་འཛིན་གཉེན་པོ་རྙེད་རྒྱུ་མ་བྱུང་རྙེད་རྒྱུ་བྱུང་ཡང་གནོད་འདོད་མ་གྲུབ།།
དངོས་བྲིས་སྣུམ་གྱི་གཉེར་མའི་བར་ལ་ཡང་ཡང་བདག་འཛིན་སེམས་པ་ཤོར་སོང་།།
དུངས་སེམས་སྙིང་གི་བྱམས་པའི་འཛུམ་རིས་ཅི་ལྟར་དྲན་ན་དེ་ལྟར་ཤོར་བ།།
ཤོར་བའི་ཚིག་གི་སྙེ་མ་རེ་རེ་ཁོ་བོའི་བདག་འཛིན་བྱས་ནས་བསྐྱོད་བྱུང་།།

བདེན་གཏམ་མངར་མོའི་སྙིང་བོ་དེ་ལ་བདག་འཛིན་སེམས་ཀྱི་སྣང་བརྙན་མ་ཤོར།།
གཡོ་མེད་དྭངས་མོ་གཤིས་ཀ་དེ་ལ་ཉིན་ཞག་འཐུད་དེ་དེ་བས་མ་ཤོར།།
ལུས་ལ་ཐོགས་ཤིང་སེམས་ལ་རེག་པའི་འཛུམ་ཞལ་གོར་མོའི་བསླུ་བྲིད་དེས།།
འཕུར་དབང་མ་བྱིན་བསྡོད་དབང་མེད་པར་བདག་འཛིན་སྙིང་བོའི་སེམས་དེ་ཤོར།།

ཤེས་སྒྲུབ་ཕྱོགས་ལ་བདག་འཛིན་མ་ཤོར་ཉོན་སྒྲུབ་ཕྱོགས་ལ་བདག་འཛིན་ཤོར་སོང་།།
བདག་འཛིན་ཤོར་སའི་སྤུ་ཁའི་ཕྲ་རགས་ཡང་དང་ཡང་དུ་དགའ་བ་སྐྱེས་སོང་།།
དགའ་སྐྱེས་རོལ་བའི་བྲོ་གར་འཁྲབས་བཞིན་དེ་དང་ལྷན་དུ་བདག་འཛིན་སྐྱེས་སོང་།།
འཇིག་རྟེན་ཁམས་ཀྱི་བདག་འཛིན་བསམ་ན་སྐྱོ་བའི་མིག་ཆུའི་བཞུར་རྒྱུན་རིང་བ།།

རླུང་གིས་གཡོ་བའི་མི་ཁ་མང་པོ་རྒྱབ་ཀྱི་ཕྱོགས་སུ་བསྐྱོད་བཞིན་འགུལ་བ།།
སྣང་བའི་རོལ་དབྱངས་ཡག་བཙོག་སྣ་ཚོགས་མདུན་གྱི་ངོས་སུ་ཡང་ཡང་གྲགས་བྱུང་།།
རྨི་བཤད་སྟོང་གི་གཏམ་དཔེ་མང་པོ་སད་པའི་ངོར་ལ་འཛིན་རྒྱུ་མེད་པའི།།
བདག་འཛིན་གཅོད་པའི་རྨི་ལམ་ཁམས་སུ་བདག་འཛིན་ཟེར་བ་ལྷག་པར་ཆེ་སོང་།།

                                                   2014 12 25 དྷཱིཿཚ།

༈ མེ་ལྕེའི་ཀློང་གི་མི།
                 
                   ●སྤྲང་ཀོག●  {མཚོ་ཤར}

མེ་ལྕེའི་ཀློང་གི་མི།
ཡང་བསྐྱར། བདེ་སྡུག་བསམ་ནས་དཔའ་སྤོབས་བསྐྱེད་དེ།
ཁྲག་དྲི་བྲོ་བའི་སྙིང་སྟོབས་ཤིག་གི་མཛད་སྤྱོད་མངོན་བཞིན།
མེ་ལོང་ངོས་སུ་རང་གཟུགས་དྭངས་མ་དེ་འབར་གྱིན།
ཆེས་མཐོ་བའི་དར་ཆ་བསྒྲེངས་ནས། 
བདེན་ཚིག་གི་ང་རོ་མང་པོ་སྒྲོག་སྟེ། 
འཇིག་རྟེན་ནས་བསུབ་མེད་ཀྱི་ཞབས་རྗེས་བཞག

མེ་ལྕེའི་ཀློང་གི་མི།
སྙིང་ཁྲག་གི་བར་གསེང་དུ་འབར་བཞིན་པའི་མེ་ལྕེ་ལས།
ཁུ་སིམ་མེར་བསྡོད་པའི་རྨི་ལམ་མང་པོ་ཞིག་གི་བང་རིམ་བརྟོལ་གྱིན།
མཛད་རྗེས་ཀྱི་རྡོ་རིང་བཙུགས་ནས། སེམས་ཀྱི་རྒྱབ་ལྗོངས་ཡག་པོའི་ཁྱེད།
ཞི་བདེ་དང་རང་དབང་གི་ཆེད་དུ། དམར་ལེབ་ལེབ་ཀྱི་མེ་ལྕེ་ནང་དུ།
ཀི་རིང་གཅིག་གིས། ས་ཆེན་གྱི་ལྷིང་འཇགས་དཀྲོགས། 
རྒྱུ་མཚན་དེ་གས། ང་ཧ་ཅང་ཁྱེད་ལ་སྨོན།

མེ་ལྕེའི་ཀློང་གི་མི།
ཁྱེད་ཀྱི་ལྷག་བསམ་དཀར་པོས་མཛད་སྤྱོད་ཀྱི་མེ་ལྕེ་ལས།
མཐོ་རུ་བཏེགས་པའི་ཁྲག་ཡིག་གི་ན་ཟུག་དྲན་བྱུང་ལ།
འབར་ཟིན་པའི་དཔའ་བོ་ཚོའི་ལག་རྗེས་གསལ་བྱུང་བས།
དོ་ནུབ། མིག་ཆུ་དང་མིག་ཆུས་རླན་ནས་ཁྱེད་ཅག་སྙིང་ལ་སྒོམ་གྱིན།
སྙིང་གསོན་པོ་ཞིག་གིས་སྒྲོན་པའི་རྟུལ་ཕོད་ཀྱི་ངར་ཤུགས་ནས་ཐོན་པའི།
མེ་ལྕེའི་ཀློང་གི་ཀི་རིང་དེས། དུས་གཏན་དུ་མིག་ཆུ་ཞིག་དབང་དུ་ཤོར།
དེའི་ཕྱིར། ང་ཧ་ཅང་ཁྱེད་ལ་སྨོན།

མེ་ལྕེའི་ཀློང་གི་མི།
དེ་རིང་ཡང་། ཁྱེད་ཀྱི་རྣམ་ཤེས་ཀྱི་གཤོག་ཟུང་བསྐྱོད་དེ།
ཁྱེད་ཀྱི་སྙིང་སྟོབས་ཀྱི་སྒོ་མོ་འབྱེད་དེ།
ས་ཆེན་ལ་སྔར་ལས་ལྷག་པའི་མེ་ལྕེའི་འཁྱུགས་ཀྱིན།
མེ་ལྕེ་དེས་སྔར་ལས་ལྷག་གྲགས་འགུལ་རྡུང་བཞིན།
སྡོམ་ཚིག་གི་མེ་ལྕེ་དམར་པོས།
ས་ཆེན་གྱི་མིག་ཆུ་བཞུར་དུ་བཅུག

        སྤྱི་ལོ_2014་ཟླ་12ཚེས་24་ཉིན་བྲིས།


         སྤྲང་ཀོག་གི་བཏུས་རྩོམ་ཁག་ལྔ་བ།

               སྤྲང་ཀོག་གི་བཏུས་རྩོམ་ཁག་དྲུག་པ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if8l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41987490
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1